རྩོམ་པ་པོ་སྐུ་ཞབས་ལྷམ་ཀོག་ལགས་ལ་བཅར་འདྲི་བྱས་པ།
མིང་ལ་རོང་བོ་དགེ་འདུན་ལྷུན་གྲུབ། པིར་མིང་དང་དྲ་མིང་ལ་གཟའ་དང་དགེ་སྨྱོན་ལྷམ་ཀོག་སོགས་བཀོལ་མྱོང་།
འཚོ་བའི་ཁ་ཕྱོགས་གཏན་དུ་འཁེལ་བ་ཞིག་མེད། སློབ་སྦྱོང་བྱས་སའི་ཡུལ། རོང་བོ་དགོན་ཆེན་གཙོས་བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་ལྔ་རིག་ནང་བསྟན་སློབ་གྲྭ་སོགས་ཡིན། སྙན་ངག་གི་དེབ་ཀྱི་གཟོ་ལྟ་གཉིས་ཙམ་ཕུད་མྱོང་། དེ་མིན་དེབ་གཞན་དུ་བཀོད་པ་དག་ཀློག་པ་པོའི་སྤྱན་ལམ་ལ་འོང་ཡོད་ངེས། ལུས་པོ་མ་འཇིག་གི་བར་དུ་ཉམས་ལེན་ཞེས་པ་དེའི་ཐ་སྙད་བཏགས་མི་ཆོག་རུང་དཔེ་ཆར་ ལྟ་བ་དང་རྩོམ་ཡིག་འབྲི་བར་ཤུགས་ཕུད་རྒྱུའི་དམ་བཅའ་ཡོད། གང་ལ་སྦྱང་ས་ནི་ནང་བསྟན་རིག་གནས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྐོར་ འགའ་ཡིན། བརྡར་ཤ་ཚིག་འགྲོས་ནས་བཅད་དེ་རྒོལ་བ་ཐལ་བར་གཏོང་བའི་ནུས་པ་ཡོད་མྱོང་མེད། ནམ་ཡང་ངའི་བསམ་བློ་ནི་རིག་གནས་སྦྱོང་བ་དང་ཟ་མ་ཟ་བ་གཉིས་ལ་ཁྱད་པར་མེད་འདོད་ པས། དེ་ནི་ཆེན་པོ་ཡིན་མདོག་དང་རིན་ཐང་ཡོད་མདོག་སྟོན་དགོས་པ་ཞིག་ལར་ནས་མ་རེད་ཅེས་ཤོད་གིན་ཡོད།
________________________________________
ཁྱེད་བདེ་མོ། ཐོག་མར་དུས་ཚོད་ཀྱི་ཁོམ་གསེང་བར་ནས་ངེད་དྲ་བའི་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཞུ
དྲིས་ལན། བཀའ་དྲིན་ཆེ།
ཁྱེད་རང་རྩོམ་འབྲིའི་ལས་ཀར་ཞུགས་ནས་ ལོ་ངོ་མང་པོ་འགོར་བའི་རྩོམ་པོ་ཞིག་ཡིན་པའི་ཆ་ནས་རྩོམ་རིག་གི་ལས་ཀ་ལ་རྣམ་ འགྱུར་ག་འདྲ་འཛིན་གྱི་ཡོད་པ་དང་། སྔོན་ཆད་དང་ད་ལྟ་བསྡུར་ན་རང་ཉིད་ཀྱི་རྩོམ་རིག་ལ་བཟུང་པའི་རྣམ་འགྱུར་དང་དགའ་ ཕྱོགས་ལ་འགྱུར་བ་འབྱུང་གི་ཡོད་མེད་ཀྱི་ཐད་ནས་རགས་ཙམ་གསུང་ན།
དྲིས་ལན། ང་རང་རྩོམ་འབྲི་པའི་ལས་ཀར་ཞུགས་ནས་ཕལ་ཆེར་ལོ་ངོ་བཅུ་ཕྲག་ལྷག་ཕྱིན་ཚར་ཡོད། ཡིན་ན་ནི་ད་སྔའི་བར་འདི་ཀོ་ལྟོས་བཅས་ཀྱི་ངོམ་དུ་རུང་སྙམ་པ་ཞིག་ལར་ནས་བྱུང་ མེད་པ་ངས་གསལ་བྱེད་མ་བྱས་རུང་ཀློག་པ་པོ་དག་གིས་མཁྱེན་ངེས་པ་དེ་རེད། འོན་ཀྱང་རྩོམ་རིག་ལ་བཟུང་བའི་རྣམ་འགྱུར་ནི་སྔར་ལས་ད་ལྟ་བཟང་བར་སྤོབས་པ་ཆེན་ པོས་བཤད་ཆོག་པ་ཡིན། སྔོན་ཆད་དུས་དེབ་དང་ཚགས་ཤོག་སོགས་ཀྱི་སྟེང་དུ་མགོ་ཡོམ་འཁོར་ནས་རྩོམ་རིག་གི་ ཐད་ཀྱི་རྣམ་འགྱུར་དེ་ཧ་ཅང་གིས་འཁྱོག་པོ་ཡིན་མོད། ད་ལྟའི་ཆར་རྩོམ་རིག་ནི་རྨས་མ་ཕོག་པའི་གྲོ་དང་ནས་ལྟ་བུ་ཞིག་གམ། རང་ཉིད་ཀྱི་བརྩེ་བ་ལྷག་མེད་དུ་རྐུ་བའི་ལྷ་མོ་ངོ་མ་ཞིག་ཏུ་བཟུང་ཟིན་པས་གང་ འདོད་ཀྱི་རྩེད་ཆས་ཤིག་དང་། འགྲོ་ཞོར་གྱི་ལས་ཀ་ཞིག་མ་ཡིན་པ་རུས་པའི་ཟུངས་སུ་སྨིན་ཡོད།
བར་སྐབས་ཤིག་ལ་ཁྱེད་ཀྱིས་ལྗང་བུའི་ སྙན་ངག་ལ་ལད་འབྲི་བྱས་པ་དང་ཁོའི་སྙན་ངག་ལ་གདེངས་འཇོག་ཀྱང་ཚད་མཐོན་པོ་གནང་ གི་འདུག ད་ལྟ་མི་སྒེར་གྱི་སྙན་ངག་གི་འབྲི་སྟངས་ལ་འགྱུར་བ་བྱུང་གི་ཡོད་མེད་དང་། མི་སྒེར་གྱིས་སྙན་ངག་ལ་བཟུང་པའི་ལྟ་ཚུལ་ག་འདྲ་འདུག
དྲིས་ལན། དེ་བདེན་པ་རང་ཡིན། ངས་སྙན་དེབ་ཀྱི་ཚུགས་ཀ་ཙམ་གཉིས་ཕུད་ཡོད། རྗེས་མ་དེ་སྐུ་ཞབས་ལྗང་བུའི་སྙན་ངག་དག་ལ་ལད་བཟློས་བྱེད་ཅི་ཐུབ་བགྱིས་ཡོད་ མོད། ངན་པས་བཟང་བོའི་ལད་མོ་ཙམ་ཡང་མི་འཁྱོངས་ཞེས་པ་ལྟར་མཇུག་ནས་བལྟས་དུས་ཅི་ཡང་ ཡིན་མི་འདུག ང་ལ་མཚོན་ན་སྙན་ངག་ལ་དགའ་མཁན་ཞིག་ཡིན་པ་ལས་སྙན་ངག་གི་བློ་མིག་ཡོད་མཁན་ཞིག་ མ་ཡིན་པས་སྐུ་ཞབས་ཁོང་གི་སྙན་ངག་ལ་དགའ་བ་ཙམ་ལས་འདི་ཡིན་དེ་ཡིན་གྱི་མྱོང་ ཚོར་འདྲ་ཅང་གསལ་བྱེད་བྱ་རྒྱུ་མི་འདུག ཁྱེད་ཀྱིས་དྲིས་པའི་སྒེར་ངོས་ཞེས་པ་དེ་གང་དུ་གོ་དགོས་མིན་ཧ་གོ་གི་མེད་རུང་ ང་རང་ཉིད་ལ་གོ་ཡི་ཡིན་ན། ད་ལྟའི་ཆར་སྔོན་ཆད་དང་བསྡུར་ན་སྙན་ངག་གི་འབྲི་ཐབས་དེ་ཡང་ཅུང་འཐུས་ཚང་གི་ ཕྱོགས་སུ་སྐྱོད་མགོ་ཚུགས་ཡོད། སྔོན་ཆད་ངས་སྙན་ངག་ཅིག་འབྲི་བའི་བརྒྱུད་རིམ་ཁྲོད་དུ་ཕྱི་རོལ་གྱི་ཆུ་དང་ རླུང་ཉི་ཟླ་དང་སྐར་མ་སོགས་མྱུར་ཚུལ་ཙམ་དང་གསལ་སྟངས་ཙམ་གྱི་ཡུལ་དུ་བསྐྱུར་བ་ ཡིན། ད་ལྟའི་ཆར་ཕྱི་རོལ་གྱི་བྱ་དངོས་དེ་དག་རང་སོར་མ་བསྐྱུར་བའི་ཁུལ་དུ་དགའ་་ན་ དགའ་བའི་སྲོག་དང་སྐྱོ་ན་སྐྱོ་བའི་སྲོག་གིས་འགུལ་བའི་ཕྱོགས་སུ་གཞོལ་གྱིན་ ཡོད། དེ་ལས་་གཞན་སྙན་ངག་གི་རིག་པ་འདི་རང་ཉིད་ཀྱི་སེམས་སྒྲ་དང་ཆེས་ཉེ་བ་ཞིག་ཡིན་ རྐྱེན་་ཕྱི་རོལ་གྱི་གཏན་ཚིག་དང་སྟེང་གི་བཀོད་པས་གཅུན་དུ་མི་བཏུབ་པ་ཞིག་ཡིན་ སྙམ་སྐྱེས་ཤིང་། གཞན་ཡང་སྙན་ངག་ནི་ཚོར་བའི་རྣམ་པ་གཞན་དུ་འགྱུར་བ་ཞིག་ཡིན་པས་བཅོས་ལྷད་ཀྱི་ དྲི་མས་མ་གོས་པ་ཞིག་ཡིན་དགོས་པར་འདོད་ཅིང་། སྔོན་ཆད་ཀྱི་མཁས་པ་གང་མང་ཞིག་གིས་སྙན་ངག་ནི་གྲུབ་མཐའ་སྒྲོགས་སྤྱད་ཀྱི་ལག་ཆ་ ལྟ་བུར་ངོས་བཟུང་བ་དང་། དེང་གི་ཆར་བསམ་བློ་བ་རེ་འགས་སྙན་ངག་ནི་ཁ་གཡང་་སྒྲོགས་སྤྱད་ཅིག་ཏུ་ངོས་འཛིན་ པ་དག་ལ་ང་དེ་འདྲའི་དགའ་བོ་མེད།སྙན་ངག་པས་མི་རིགས་ལ་བཅངས་པའི་བརྩེ་བ་ནི་རང་ བྱུང་གི་ཚོར་བ་སྣུམ་པོ་ཞིག་པོ་ཞིག་ཡིན་ཞིང་། དེས་ཀློག་པ་པོ་དག་ལ་བྱིན་པའི་འདུ་ཤེས་སམ་ཚོར་བ་ཡང་མི་ཞིག་ཚ་བས་གདུང་དུས་ན་ རླུང་བསིལ་མོ་ལུས་ཀྱི་སྟེང་དུ་ཟུག་པ་ལྟ་བུ་ཞིག་ཡིན་དགོས་ཀི་འདོད་ཡོད།
ཁྱེད་རང་ཡིན་ན་སྙན་ངག་ཁོ་ནར་མ་ཟད་ བོད་ཀྱི་རིག་གནས་སྣ་ཚོགས་ལ་འབྲེལ་འདྲིས་ཟབ་མོ་ཡོད་པའི་རབ་བྱུང་བ་ཞིག་ཡིན་ པའི་ཆ་ནས་ཐུབ་བསྟན་རིག་གནས་དང་བོད་སྤྱི་ཚོགས་བར་གྱི་འགལ་འབྲེལ་སྐོར་ནས་ལྟ་ ཚུལ་རེ་གསུང་རོགས།
དྲིས་ལན། སྤྱིར་ཆོས་དང་སྤྱི་ཚོགས་གཉིས་ཆ་ནས་གླེང་དགོས་དུས་དྲི་བ་འདི་ང་ལ་ཆེ་བའི་ཟོལ་ ཞིག་ཡོད་རུང་། ང་རང་ཉིད་ཀྱིས་མྱོང་ཚོར་ཅུང་ཟད་བཤད་ན་ཐུབ་བསྟན་རིག་གནས་ནི་སྤྱི་ཚོགས་ཀྱི་ གྲུབ་ཆ་ཆུང་ཆུང་ཞིག་ཏུ་གནས་ན་འོས་པ་ལས་སྤྱི་ཚོགས་ཀྱི་གྲུབ་ཆ་ཡོངས་སུ་ཟིན་པ་ ཞིག་ཏུ་གྱུར་ན་དེ་འདྲའི་དགའ་བོ་མེད། བོད་ཀྱིས་ཆོས་པ་རེ་འགས་བོད་སྤྱི་ཚོགས་ཡོངས་ཀྱི་འགྲོ་འདུག་སྤྱོད་གསུམ་ནས་ བདག་པོ་བརྒྱབས་ཏེ་ཆོས་ལུགས་ཅན་དུ་བྱེད་འདོད་པའི་འདོད་བློ་དེས་ང་ཚོའི་དེང་ གི་སྐད་དུ་སོང་ན་མིའི་འཚོ་བར་ཕམ་ཉེས་ཆེན་པོ་བྱིན་ཡོད་པར་འདོད་ཡོད། མིའི་འཚོ་བ་ནི་ཆབ་སྲིད་དང་དཔལ་འབྱོར་བཟོ་ལས་དང་འཛུག་སྐྲུན་སོགས་བགྲངས་ཀྱིས་ མི་ལངས་པ་ཞིག་གིས་གྲུབ་ཡོད་ཙ་ན། ང་ཚོས་དེ་དག་ལ་རྩོད་ལེན་ངེས་པར་དུ་བྱ་དགོས་ཤིང་། ང་ཚོས་མི་རིགས་གཞན་དང་འགྲན་བཙུགས་པའི་སྒོ་ནས་དེ་དག་ལ་སློབ་སྦྱོང་ཧུར་ཐག་ གིས་བྱ་དགོས་པར་འདོད་ཡོད། མཚམས་འདིར་གསལ་བྱེད་ཅིག་ནི་མི་རེ་འགས་ཁྱེད་ཀྱིས་ལས་ཀ་དེ་དག་ལ་བརྩོན་ཆོག་ ཆོག་ཏུ་ཡོད་པས་སངས་རྒྱས་ཆོས་ལུགས་ཀྱིས་ཅི་གནོད་སྙམ་པ་འབྱུང་སྲིད་མོད། སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་ཅི་ལྟར་ཤུགས་ཆེ་ན་མི་རིགས་དེའི་རིག་གཞུང་ལ་ དེ་ལྟར་འགྱུར་བ་ཡོད་པ་ཁེག་པོ་ཡིན་ཞིང་། རིག་གཞུང་ལ་འགྱུར་བ་མེད་པ་དེ་ལྟར་མི་རིགས་དེ་རྗེས་ལུས་སུ་འགྲོ་ངེས་པ་རེད། ལག་ལེན་དུ་ར་འཁེལ་འགྲོ་བ་ནི་བོད་པའི་ད་ལྟའི་སྤྱི་ཚོགས་འདི་རེད། སངས་རྒྱས་ཆོས་ལུགས་ལས་རིག་གཞུང་གཞན་མེད་པ་འམ། བཟོ་གསོ་ལྟ་བུ་སན་སུན་རེ་ཡོད་མོད་དེ་དག་གིས་ཕུགས་ཀྱང་ཆོས་ལུགས་ཀྱི་བསམ་བློ་ དེས་ཟིན་དྲགས་པས་དངོས་ཡོད་འཚོ་བའི་ཁྲོད་ནས་རྗེས་སུ་ལུས་པ་རེད། ཆོས་ལུགས་པ་རེ་གཉིས་ལ་མཚན་སྙན་ཐོབ་པ་དང་རྒྱུ་ནོར་དབང་གསུམ་ཡོད་པས་སྤྱི་ ཚོགས་ཡོངས་ཀྱི་འཐུས་ཚབ་བྱ་ཐུབ་པ་མ་རེད། འུ་ཚོས་འདི་ནས་གླེང་བ་ནི་བོད་མི་ཧྲིལ་བོའི་ངོས་ནས་ཡིན་ཞིང་བོད་མི་ཧྲིལ་ བོའི་ངོས་ནས་བལྟ་དགོས་པ་དེ་རེད། ཡང་ད་ལྟའི་ཆར་བོད་མི་འདི་ལ་ཆོས་ལུགས་ཀྱི་བསམ་བློ་གཅིག་གྱུར་ཞིག་ཡོད་པའི་ ངོས་ནས་བོད་ཀྱི་གོང་བུ་ཆིག་སྒྲིལ་ལ་ཕན་ཐོགས་ཤིག་ཏན་ཏན་བྱུང་ཡོད་མོད། འདི་ཙམ་གྱིས་ཡིད་ཚིམས་མི་རུང་བ་ཞིག་རེད། འུ་ཚོས་བོད་མི་རིགས་བསྐལ་བ་ནམ་གནས་ཀྱི་བར་དུ་གནས་དགོས་པར་འདོད་དགོས་ཤིང་། དེ་ལ་ཆོས་ལུགས་ལས་གཞན་པའི་མི་རིགས་ཀྱི་གོ་རྟོགས་སད་སླ་བའི་ཐབས་ཤིག་ཟུར་ནས་ བསླང་དགོས་པར་སྙམ། ཆོས་ལུགས་ནི་མིའི་རིགས་སྤྱི་ལ་ཕན་ངེས་པ་ཞིག་ཡིན་རུང་མི་རིགས་ཀྱི་རྟོག་པ་སད་ ཚུལ་གྱི་དབང་དུ་བཏང་ན་ཁ་ཐག་རིང་བོ་ཞིག་རེད། ང་ཚོ་བག་ཙམ་སད་པའི་དུས་ཤིག་བྱུང་ན་མི་རིགས་ཤིག་དང་རིག་གནས་གཉིས་ལས་མི་རིགས་ གཙོ་བོར་འཛིན་པ་ཤེས་དགོས་པ་དང་།རིག་གནས་ཤིག་རིག་གནས་གཞན་ཞིག་གིས་འཇིག་འགྲོ་ གིན་ཡོད་ན་རིག་གནས་དེའི་ནུས་པ་ཤོར་གིན་ཡོད་པའི་གསང་བ་འདི་ཤེས་ན་སེམས་པ་ བློང་བློང་བོར་གྱུར་དགོས་མི་འདུག སྐབས་སུ་མི་བོ་ཆེ་རེ་འགས་འུ་ཅག་གི་ཆོས་ལུགས་འདི་ལས་ཡན་ཞིག་མེད་པར་འདོད་མོད། དེ་ནི་འུ་ཅག་གིས་འོ་མ་ལས་གཞན་པའི་མངར་ཆ་མ་ཤེས་པས་ལན་པ་ལས་མེད་པས་ལན་པ་ག་ལ་ ཡིན། ང་ལ་མཚོན་ན་ཡིན་དང་མིན་གཉིས་ཀྱི་མངའ་ཞབས་སུ་ཡོད་ཚད་ཧོབ་ཀྱིས་སྡུད་པའི་སྲོལ་ འདི་ལས་ད་དུང་གཞན་ཞིག་ཡོད་སྙམ་སྐྱེས་ཡོད། དོན་དག་ཧྲིལ་གྱིས་དྲིལ་འོང་ན་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་སྤྱི་ཚོགས་ གཉིས་མཉམ་བཤིབ་སྒོས་ད་སྔའི་བར་ལོ་ངོ་བརྒྱ་ཕྲག་འགའ་བརྒལ་བའི་རིང་ལ་ཕན་ཆ་ཐོན་ ཡོད་པ་སྨྲ་མ་དགོས་མོད། དེ་ལས་ལྡོག་པའི་འགལ་འབྲས་ཀྱང་བསམ་གྱིས་མི་ཁྱབ་པ་དག་དེང་གི་ཆར་གླེང་གྱིན་པ་ དེ་རེད། གང་ལྟར་་འགལ་འབྲེལ་གྱི་སྐོར་མང་པོ་ཞིག་ལབ་་རྒྱུ་ཉུང་སོང་བས་དྲི་བར་ལན་འཁེལ་ མེད་རུང་རང་གི་ལྟ་ཚུལ་མདོ་ཙམ་འདུས་པ་ཡིན།
མིག་སྔར་གྱི་ཁྱེད་ཀྱི་གནས་ཚུལ་ལ་ བལྟས་ན་འབོལ་རྩོམ་འབྲི་བའི་ཁ་གྲངས་ཇེ་མང་ལ་སོང་ཡོད་པའི་མི་ཚད། ཀློག་པ་པོ་མི་ཉུང་བ་ཞིག་གི་གདེངས་འཇོག་དང་དགའ་བསུ་ཡང་ཚད་མེད་གནང་གི་འདུག དེ་ཡིན་ན་ཁྱེད་རང་གིས་འདོད་བློ་ཚིམ་པའི་རང་ཉིད་ཀྱི་འབོལ་རྩོམ་གང་ཡིན་པ་དང་། འབོལ་རྩོམ་འབྲི་བའི་དམིགས་ཡུལ་གྱི་སྐོར་ནས་ལྟ་ཚུལ་རགས་ཙམ་གསུང་ན།
དྲིས་ལན། ངས་འབོལ་རྩོམ་འབྲི་བའི་ཁ་གྲངས་ཇེ་མང་དུ་ཕྱིན་ཡོད་མོད། སྤུས་ཚད་སོ་ན་གནས་རྐྱེན་ང་རང་གི་ཡིད་ཚིམས་ཀི་མེད། མི་གཞན་གྱིས་བསྔགས་པ་བྱེད་གྱིན་ཡོད་པ་མ་ཐོས་མོད་གལ་ཏེ་བདེན་པ་ཡིན་དུས་དེ་ ནི་གྲྭ་བའི་ཁྲོད་ན་འབོལ་རྩོམ་གྱི་ལམ་ནས་སྐད་ཆ་དྲང་མོར་ཤོད་མཁན་ཉུང་དྲག་པས་ ཡིན་ནམ་སྙམ། ངས་འབོལ་རྩོམ་འབྲི་བའི་དམིགས་ཡུལ་ནི་གཏན་དུ་འཁེལ་བ་ཞིག་སྨྲ་རྒྱུ་མེད་རུང་། ང་རང་ཉིད་ཀྱིས་སྐབས་ཀྱི་དགེ་བ་དང་གནས་ལུགས་མང་དག་ཅིག་ལ་ཁ་གཏད་པའི་ཟོལ་འདྲ་ བོ་ཆགས་རུང་། དེ་ལ་དགེ་བ་ཡོད་མེད་ཤེས་གྱིན་མེད། ཁྱད་པར་ཞིག་ཡོད་པ་ནི་འབོལ་རྩོམ་གང་བྲིས་ན་ཡང་མི་སྒེར་གྱི་མཚན་སྙན་ལ་དེ་ འདྲའི་རྩིས་མཐོང་བྱེད་གྱིན་མེད།
སྐུ་ཉིད་ཀྱིས་བོད་ཀྱི་དགོན་སྡེའི་སློབ་གསོའི་སྐོར་ལ་ཆེས་བཤད་འདོད་པ་དེ་གང་རེད།
དྲིས་ལན། དཀྱེལ་ཡངས་ཀྱི་སྒོ་ནས་རིག་གནས་ལ་ཕྱོགས་རིས་མེད་པ་དང་། མཐོ་སའི་དཀོན་མཆོག་དག་གིས་མགོ་རུལ་བའི་དྲི་མ་སྣ་ཡིས་ཚོར་ནུས་པའི་སློབ་གསོ་ ཞིག་ལ་འབད་ན་སྙམ་པ་དེ་ཡིན།
ཁྱེད་རང་ཟིན་བྲིས་ཀྱི་ལས་ཀ་གཉེར་མཁན་ཞིག་ཡིན་པའི་ཆ་ནས་ཟིན་བྲིས་རིག་གནས་ཀྱི་དགེ་སྐྱོན་སྐོར་ནས་ལྟ་ཚུལ་ག་འདྲ་འདུག
དྲིས་ལན། ངས་ཟིན་བྲིས་ཀྱི་ལས་ལ་བསྒྲིམས་ནས་ལོ་ངོ་གཅིག་ལྷག་འགོར་ཡོད་པས་བོད་ཀྱི་ཟིན་ བྲིས་པ་དག་ལ་བལྟས་ཏེ་ཅུང་རྙིང་གྲས་སུ་ཕྱིན་ཡོད། དེའི་ཕྱིར་ཟིན་བྲིས་ཀྱི་ཐད་ནས་གླེང་བ་ཡིན་ན་ཉེན་ལས་ཁེ་ཆེ་བ་གདོན་མི་ཟ་མོད། འོན་ཀྱང་ཤོག་ངོས་ཀྱི་རྩོམ་ཡིག་ལྟར་དེ་འདྲའི་གཟབ་ནན་ཞིག་མ་རེད། ང་རང་ཉིད་ལ་མཚོན་ན་ཡང་ཐོག་མར་རྩོམ་ཡིག་དག་མོ་ཞིག་འཁྱོན་ནས་འབྲི་ཐུབ་གིན་ མེད། རྒྱུ་རྐྱེན་ཆེ་ཁག་གསུམ་དུ་འདུ། སྤྱིར་རང་ཉིད་ལ་དག་ཆ་སྤུས་གཙང་ཞིག་མེད་པའི་རྨང་གཞིའི་སྟེང་། ཞུས་དག་མ་སོང་བར་དྲ་བར་འགོད་རྐྱང་བྱེད་པ་དང་། རྩོམ་ཡིག་དྲ་བར་འཇུག་དུས་ཧི་གཟུགས་དང་པན་གཟུགས་བར་གྱི་གཏགས་ཐབས་ལ་གོ་འཛོལ་ བྱུང་བ་སོགས་གཙོ་བོ་རེད། དེ་ལས་གཞན་བརྗོད་དོན་གྱི་སྤུས་ཚད་ལ་ཡང་ཞན་ཆ་ཞིག་ཡོད་པ་ནི་བརྗོད་དོན་རྩིངས་ རགས་སུ་སོང་ནས་ཞིབ་ཆ་མ་བཏོན་པ་དང་། ཡང་ནས་བསྐྱར་དུ་བརྗོད་བྱར་གཟབ་ནན་མི་བྱེད་པར་ལམ་སང་གསར་འགྱུར་རམ་ཉིན་ཐོ་ ལྟར་འགོད་རྐྱང་བྱེད་པ་དག་རབས་དང་རིམ་པ་མང་པོ་འདུག དོན་འདི་དག་ལ་བལྟས་ནས་འོང་ན་རྩོམ་ཡིག་གསར་བ་འབྲི་མཁན་ཞིག་ཕར་ཞོག་རྩོམ་འབྲི་ བ་རྙིང་ཤོས་དག་ལ་ཡང་ཤན་ཤུགས་ངན་པ་ཞིག་འཇོག་གྱིན་པའི་སྣང་བ་སྟེར། དེང་གི་སློབ་ཆུང་ཕར་ཟད་སློབ་འབྲིང་སློབ་མ་ནས་མཐོ་འབྲིང་སློབ་མ་གང་ཡིན་རུང་ ཟིན་བྲིས་ཁོ་ནར་འཇུས་པ་ཡིན་ན་ཁེ་ལས་གྱོང་ཆེ་བར་འདོད་དོ། དེའི་རྒྱུ་མཚན་གཅིག་ནི་བོད་པའི་ཟིན་བྲིས་ཀྱིས་དཔེ་ཆའི་ཚབ་བརྒྱ་ཆའི་སུམ་བཅུ་ ཙམ་ཡང་བྱ་ཐུབ་གི་མི་འདུག་སྙམ། ཟིན་བྲིས་ཀྱི་དགེ་ཕྱོགས་ཚང་མས་ཤེས་གསལ་ཡིན་པས་གླེང་དགོས་མེད།
ཁྱེད་རང་ངོས་ནས་བོད་ཀྱི་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་དག་ལ་བཤད་འདོད་པའི་སྐད་ཆ་གང་ཡོད།
དྲིས་ལན།ཡི་གེ་ལ་དག་ཆ་ཡོད་པའི་ངོས་ནས་སྐྱེ་བ་སྔ་ཕྱི་དང་རྟོགས་བརྗོད་ རྗེས་དྲན་སོགས་ཀྱི་ཞིང་ས་རྐྱང་བར་མ་གྱུར་ཞིང་།རྩོམ་སྒྲིག་པ་རང་ཉིད་ཀྱིས་་ འདོད་རུང་མི་འདོད་རུང་བསམ་བློ་གསར་བ་དང་རིག་གནས་གསར་བའི་སྒོ་སྟེགས་ཤིག་ཏུ་ བསྒྱུར་དགོས་པའི་རེ་བ་དང་། དུས་དེབ་དང་ཚགས་ཤོག་གང་ཡིན་རུང་དུས་རབས་ཀྱི་འགན་ཐེག་པ་ཞིག་འོང་རྒྱུ་དེ་ཡིན།
སྐུ་ཉིད་ཀྱི་དཔེ་ཀློག་གི་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་བསམ་བློ་ལ་བརྡབ་གསིག་བཏང་མྱོང་ཞིང་དངོས་ཡོད་དང་ཐག་ཉེ་བའི་དཔེ་ཆ་གང་དག་ཡོད།
དྲིས་ལན། མཁས་དབང་དགེ་ཆོས་དང་དུང་དཀར་ཚང་གི་གསུང་འབུམ་གཙོས་གྱུར་བའི་དཔེ་དེབ་ཆུང་ ཆུང་འགའ་རེ་ཡོད། ན་ནིང་དང་ད་ལོའི་སྐབས་འདིར་ནགས་ཚང་ཞི་ལུའི་སྐྱིད་སྡུག་དང་། འབའ་བ་ཕུན་དབང་གི་སྲིད་དོན་ལོ་རྒྱུས། སྒྲུང་གཏམ་རླུང་དམར་འུར་འུར། དེ་མིན་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཟེར་བའི་དེབ་ཅིག་ཡོད། དེ་དག་ལས་གཞན་བདག་དཔེ་ཚོགས་དང་བླ་དཔེ་ཚོགས་སོགས་ཀྱི་བདག་རྐྱེན་ཡང་ཐོབ་ཡོད་ ངེས།
དུས་ཚོད་ཀྱི་དབང་གིས་ད་ཐེངས་མཚམས་འདི་ནས་འཇོག མཐར་སྐུ་ཉིད་ཀྱི་སྙུག་ཁ་ནམ་ཡང་ལྷོད་པ་མེད་པའི་སྨོན་པ་བཏང་བ་ཡིན།
དྲིས་ལན། བཀའ་དྲིན་ཆེ།རྗེས་མར་བྱ་བ་ལམ་འགྲོ་འོང་བར་སྨོན།
དོ་བདག་གི་ཆོག་མཆན་ལྟར་བཀོད།
ངོ་མཚར་འབར་གྱིན་འདུག་ག
དངོས་གནས་ལྷག་བསམ་དང་ཤེས་ཡོན་གྱི་ཕྱུག་པའི་དགེ་འདུན་ལྷུན་གྲུབ་ཀྱི་མི་ཚེ་དོན་ལྡན་རེད། ངོ་སོ་ཡར་ལ་བསྟོད། བོད་མི་འདི་འདྲ་ཡོད་ན་རང་ཆོས་རང་བཙན་གསུངས་པ་ཡང་ཁ་ཁོག་ཚང་པ་རེད། དགའ་བསུ་ཡོད། བཀྲ་ཤིས་བདེ་ལེགས་ཞུ། །
ལྷམ་ཀོག་ལགས་སུ་འཚམས་འདྲི་ཡོད།
ཧི་གཟུགས་ཟིན་བྲིས་ནང་དུ་རྩོམ་ཡིག་སྤེལ་མང་ཤོས་ཀྱི་གྲས་ཤིག་རེད།
དངོས་གནས་ཁ་བཤད་ལག་ལེན་ལ་འཁྱོལ་ཐུབ་པཌྷའི་རྩོམ་པ་པོ་ངོ་མ་ཞིག་ཏུ་འགྱུར་བར་སྨོན།།
ལྷམ་ཀོག་འདི་ཉིད་ང་ཚོའི་རིག་གཞུང་གི་རྐང་པ་སྲུང་བའི་ལྷམ་ཀོག་བཙན་པོ་ཞིག་ཏེ་ཁོའི་སྙན་ངག་ལ་བསྟོད་པ་བརྗོད་འོས་པ་ཤིན་ཏུ་མང་།
ལྷམ་ཀོག་ཟེར་བ་འདི་གད་སྙིགས་ནང་གཡུག་རྒྱུའི་ལྷམ་ཀོག་ཞིག་ཏན་ཏན་རེད་འདུག
ཨོ་ཧ་བོ་་་་ངོ་མ་སྒོམ་སྡེ་ཟེར་བ་དང་གཞོན་ནུ་ཟེར་བ་འདི་ཚོ་ང་རང་ཚོའི་ནང་ཁུལ་ཞིག་ལ་
ཚིག་གི་བརྗོད་ལུགས་ཆུང་ཆུང་ཞིག་ལ་ག་ཚོད་ངར་ལངས་ཡོང་གི་འདུག འདི་ལྟར་རྒྱལ་
བའི་བསྟན་པ་ལ་དམའ་འབེབ་བྱེད་ཅིང་ཟུར་ཟ་བྱེད་པ་དག་ནི་ཕལ་ཆེར་མིག་གིས་
མཐོང་གི་མེད་པ་འདྲ། མི་འདིས་རྩོམ་ཡིག་ལས།
༼སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་ཅི་ལྟར་ཤུགས་ཆེ་ན་མི་རིགས་དེའི་རིག་
གཞུང་ལ་ དེ་ལྟར་འགྱུར་བ་ཡོད་པ་ཁེག་པོ་ཡིན་ཞིང་། རིག་གཞུང་ལ་འགྱུར་བ་
མེད་པ་དེ་ལྟར་མི་རིགས་དེ་རྗེས་ལུས་སུ་འགྲོ་ངེས་པ་རེད། ལག་ལེན་དུ་འཁེལ་
འགྲོ་བ་ནི་བོད་པའི་ད་ལྟའི་སྤྱི་ཚོགས་འདི་རེད། སངས་རྒྱས་ཆོས་ལུགས་ལས་
རིག་གཞུང་གཞན་མེད་པ་འམ། བཟོ་གསོ་ལྟ་བུ་སན་སུན་རེ་ཡོད་མོད་དེ་དག་
གིས་ཕུགས་ཀྱང་ཆོས་ལུགས་ཀྱི་བསམ་བློ་ དེས་ཟིན་དྲགས་པས་དངོས་ཡོད་
འཚོ་བའི་ཁྲོད་ནས་རྗེས་སུ་ལུས་པ་རེད། ཆོས་ལུགས་པ་རེ་གཉིས་ལ་མཚན་
སྙན་ཐོབ་པ་དང་རྒྱུ་ནོར་དབང་གསུམ་ཡོད་པས་སྤྱི་ ཚོགས་ཡོངས་ཀྱི་
འཐུས་ཚབ་བྱ་ཐུབ་པ་མ་རེད། འུ་ཚོས་འདི་ནས་གླེང་བ་ནི་བོད་མི་ཧྲིལ་
བོའི་ངོས་ནས་ཡིན་ཞིང་བོད་མི་ཧྲིལ་ བོའི་ངོས་ནས་བལྟ་དགོས་པ་དེ་རེད།༽
ཅེས་བྲིས་པ་འདི་ཅི་ཞིག་རེད། ཆོས་ལུགས་པ་རེ་གཉིས་ཟེར་དུས་རྒྱལ་པཎ་
གཉིས་ཀ་ཡིན་ཡིན་པ་རེད། འདིའི་སྡོམ་ཤར་འདི་ཚོ་ལ་ཆོས་ལུགས་ཀྱི་འཐེན་ཁྱེར་
བྱེད་ཡ་དགའ་བོ་བྱེད་ཀྱི་འདུག་མ་གཏོགས་སངས་རྒྱས་ཀྱི་བསྟན་པ་ལ་
ལྷག་བསམ་ཟེར་རྒྱུ་དེ་སྤུ་ཙམ་ཡང་མེད་ངེས་པ་ཅན་རེད། ཡོད་ན་དཔྱད་པ་
རྒྱོབ་དགག་ལན་རྒྱོབ། ལྷ་རམས་ཡིན་མིན་བལྟ་དང་ཆོག ཟླ་མེད་ཡིན་དང་ཟླ་ཡོད་
ཡིན་བལྟ་དང་ཆོག རྒྱལ་བསྟན་སྤྱི་ལ་ཟུར་ཟ་བྱེད་མཁན་ཚོར་ཅང་ལབ་ཀྱི་མིན་
ན་བསྟན་པ་ལ་ལྷག་བསམ་མེད་པ་རེད་ཡ། དེའི་འཕྲོས་ཆོས་ལུགས་སྐོར་ག་
རེ་བཤད་ན་ཡང་ཁོ་རང་ཚོའི་ཕོར་བའི་དོན་དག་ཅིག་ཡིན་གྱི་རེད།
དེང་སང་གི་རྩོམ་ཡིག་འདི་དག་ཀློག་ཙམ་བྱེད་ཀྱི་ཡོད་མ་གཏོགས་དོན་དག་ག་རེ་ཡིན་མིན་ཤེས་ཀྱི་མི་འདུག
རྩོམ་པ་པོ་རྣམ་པར་ཞུ་རྒྱུར་རྗེས་མར་གོ་རྒྱུ་ཡོད་པ་ཞིག་སྤེལ་རོགས།
ངས་མུ་མཐུད་ཁ་བརྡ་ཀློག་གི་ཡོད
།ལྷམ་ཀོག་ཨ་ཅད་སྲུལ་བོའི་བུ་ག་ནས། །ངན་སྐྱུག་རུལ་སོང་དྲི་མའི་རླང་པ་འཐུལ། །མགོ་སྟོང་འབུ་སྦྲང་ཁྱུ་ཚོགས་ལང་ལང་ལོང་གཡོ། །ཞེན་པ་ལོག་པའི་བུ་མོས་རྒྱང་ནས་བལྟ།
#2 དཔལ་དགྱེས་པ་རྡོ་རྗེ ་ལགས་ཀྱིས་སྤེལ་དོན།:
September 20th, 2009 at 5:16 am
དངོས་གནས་ལྷག་བསམ་དང་ཤེས་ཡོན་གྱི་ཕྱུག་པའི་དགེ་འདུན་ལྷུན་གྲུབ་ཀྱི་མི་ཚེ་དོན་ལྡན་རེད། ངོ་སོ་ཡར་ལ་བསྟོད། བོད་མི་འདི་འདྲ་ཡོད་ན་རང་ཆོས་རང་བཙན་གསུངས་པ་ཡང་ཁ་ཁོག་ཚང་པ་རེད། དགའ་བསུ་ཡོད། བཀྲ་ཤིས་བདེ་ལེགས་ཞུ། །
དཔལ་དགྱེས་མཆོག་གིས། མཆན་བཏབ་པ་མཐོང་བ་ཐང་མ་དང་པོ་འདིའོ།། ཨེ་མ་ཧོ།། །།
༼ལྷམ།༽ཞབས་ལྷམ། ༼ལྷམ་ཀོག༽ ཞབས་ཀོག ཟོམ་པ། ཀོ་ཏོ། ཐུར་ཏ། ་་་་་་་
ཐུར་ཏ་འདི། ཇུར་ཏ། ་་་་་་་
ངའི་ལྷམ་ཀོག ཁྱེད་ཀྱི་ཞབས་ལྷམ། བོད་སྐད་ཀྱི་རྙོག་གླེང་།