འབའ་སྲས།
—–མགོན་པོ་ཕྱག་གཉིས་པའི་རྗེས་དྲན་དུ།
བདག་དང་དགའ་ཕྱོགས་གཅིག་པའི་སྙུག་ཐོག་པ།།
ཤ་ཞེན་བོད་ལ་ཆེ་བའི་རྩོམ་པ་པོ།།
གང་བྲིས་གནད་དུ་ཕོག་པའི་རྣམ་དཔྱོད་ཅན།།
གཤེགས་པའི་གཏམ་ངན་ཐོས་སོང་ཀྱེ་མ་ཧུད།།
མི་ལ་ཀླན་ཀ་མི་འཚོལ་ཉམ་ཆུང་བུ།།
མཁས་པར་ཕྲག་དོག་མི་གནང་གཞུང་དྲང་བུ།།
ཨུ་ཚུགས་ཚད་མར་མི་འཛིན་མཁས་པའི་བུ།།
བུ་ཁྱོད་གཏན་དུ་གྱེས་པར་ཀྱེ་མ་ཧུད།།
རྣམ་དཔྱོད་ཀླད་པའི་རིག་པ་མེ་བཞིན་འབར།།
ཀུན་སྤྱོད་ལུས་ཀྱི་རྣམ་འགྱུར་བལ་བཞིན་འཇམ།།
མ་འོངས་ཕུག་འདུན་སེམས་པ་རྒྱུན་བཞིན་རིང་།།
མཛངས་བའི་བུ་ཁྱོད་མ་བཞུགས་ཀྱེ་མ་ཧུད།།
སློབ་བུ་རིག་པས་བསྐྱངས་པའི་དགེ་རྒན་ཡིན།།
རིག་གནས་མང་དུ་ཤེས་པའི་མཁས་པ་ཡིན།།
མཆན་བུར་བསམ་ཚུལ་སྤེལ་བའི་དྲ་གྲོགས་ཡིན།།
གྲོགས་ཁྱོད་ཡུན་རིང་མ་བཞུགས་ཀྱེ་མ་ཧུད།།
སྦེ་རེ་བོད་ཁྱིམ་སློབ་གྲྭའི་དགེ་རྒན་མཆོག །
ཨ་མྱེས་རྨ་ཆེན་ཁང་གི་རྩོམ་སྒྲིག་པ།།
ཁ་བརྡ་དྲ་བའི་ངོས་ཀྱི་ལམ་སྟོན་མཁན།།
སྐུ་ཚེ་ཡུན་རིང་མ་བཞུགས་ཀྱེ་མ་ཧུད།།
མགོན་པོ་ཕྱག་གཉིས་མ་ཤེས་ཡུན་རིང་འགོར།།
འདའ་ཚན་སུ་ཡིན་མ་ངེས་ལོ་ཤས་སོང་།།
མགོན་པོ་ཚེ་རིང་ཡིན་པ་ཤེས་པའི་ཉིན།།
གཏན་དུ་གྱེས་ཕྱག་མཛད་འདུག་ཀྱེ་མ་ཧུད།།
མི་ལུས་རིན་ཆེན་ཟེར་ཡང་ཅི་ཞིག་འཕང་།།
སྐྱེས་པ་ཕོ་ལུས་བླངས་ཀྱང་དགའ་བ་ཅི།།
རིག་པའི་བརྡར་ཤ་ཆོད་པའི་རྣམ་རིག་དང་།།
ཤེས་བྱའི་བློ་དང་བྲལ་ན་ཀྱེ་མ་ཧུད།།
ཁྱེད་ཀྱི་བློ་ན་རིག་གནས་ཤེས་བྱ་མང་།།
ཁྱེད་ཀྱི་ཁྱིམ་ན་བཟའ་ཚང་བུ་ཕྲུག་ཡོད།།
ཁྱེད་ཀྱི་ཡུལ་ན་གཉེན་ཉེ་སྤུན་ཟླ་མང་།།
འདི་དག་བཞག་སྟེ་ཆས་པ་ཀྱེ་མ་ཧུད།།
ཁྱེད་ཀྱི་རིག་གནས་གངས་ཅན་བོད་ལ་མཁོ།།
ཁྱེད་ཀྱི་བརྩེ་བ་རང་གི་བཟའ་ཟླར་མཁོ།།
ཁྱེད་ཀྱི་བྱམས་བརྩེ་ཤ་ཆད་བུ་ལ་མཁོ།།
ད་ནི་འདི་དག་མེད་སོང་ཀྱེ་མ་ཧུད།།
སྐྱེ་བ་གཅིག་ལ་འཆི་བ་ཡོད་ན་ཡང་།།
ཁྱེད་ནི་ཕེབས་པ་སྔ་སོང་གྲོགས་པོ་ལགས།།
ཁྱེད་ཀྱི་ལུང་ཕུང་ཁྱེད་ལ་མི་དགོས་ཀྱང་།།
ཁྱེད་ཀྱི་ཡོན་ཏན་དགོས་སོ་མཁས་པ་ལགས།།
ཁྱོད་ལ་འགྲོ་རོགས་ཁྱེད་ཀྱི་ཡོན་ཏན་མང་།།
ཁྱོད་ཀྱི་རྗེས་ན་གདུང་དབྱངས་སྐྱེལ་མ་མང་།།
འཇིག་རྟེན་གཞན་ན་སྲུང་མཁན་ཁྱོད་ལ་ཡོད་།།
གྲོགས་ཁྱོད་དཀར་པོའི་ལམ་ནས་བདེ་བར་ཕེབས།།
ཁྱེད་ཀྱིས་རིག་གནས་བསླབས་པའི་དགེ་བ་དང་།།
ཀུན་ལ་ལྷག་བསམ་དཀར་བའི་དགེ་བ་འདིས།།
བདེ་ལྡན་འོད་དཔག་མེད་ཀྱི་ཞིང་ཁམས་སུ།།
ཉ་གང་ཟླ་བ་བཞིན་དུ་འཛུམ་པར་ཤོག །།
གསོན་པའི་དུས་སུ་དགའ་སྤྲོའི་གཏམ་མ་འཆད།།
མཇལ་བའི་དུས་ཀྱང་སྙན་པའི་གླུ་མ་བླངས།།
དེ་རིང་གཏན་དུ་གྱེས་པའི་མཐའ་མ་རུ།།
གདུང་དབྱངས་ཀྱེ་མ་ཧུད་འདི་ཁྱེད་ལ་བསྲིངས།།
དགེ་རྒན་དམ་པ་མགོན་པོ་ཚེ་རིང་མཆོག་ལ་རྗེས་དྲན་ཞུ་བ་ཐུགས་རྗེ་ཆེ་སེམས་ནས་ཞུ་འདོད་བྱུང་།ཁོང་གི་སློབ་བུའི་གྲལ་མཐའ་འཛིན་པ་ཞིག་ཡིན་པའི་ངོས་ནས།
ངས་འབའ་སྲས་ཟེར་བ་འདི་སྙན་ངག་མཁན་པོར་འོས་ཤོག་བླུགས་པ་ཡིན
རྒན་འབའ་སྲས་ལགས་ཀྱིས་རྗེས་དྲན་ངག་གི་མཆོད་པ་ཕུལ་བ་ཙམ་མ་ཟད་ཚིག་སྦྱོར་དེས་སེམས་ལ་དྲོད་ཅིག་བརྒྱུས་ཐལ། བཀའ་དྲིན་ཆེ།
མྱ་ངན་གྱི་ཞོར་ནས་ངའི་སྙན་ངག་ལ་ཟུར་མིག་ཅིག་འཕངས་པ་བཀའ་དྲིན་ཆེ།
དབྱངས་ཅན་ལྷ་མོའི་རྒད་པོ་དེ་ཡིས། །
གང་ཉིད་རྗེས་སུ་དྲན་པའི་གདུང་དབྱངས། །
ཁུ་བྱུག་བུ་མོའི་མགྲིན་ལས་གྱེར་བར། །
ཉན་གི་ཉན་གི་ལྷག་ཏུ་སྙན་གི །