རིག་འབྱུང་དོན་གྲུབ་བཀྲ་ཤིས།
༡)
ངས་མདའ་ཚན་པ་མགོན་པོ་ཚེ་རིང་ཐོག་མར་ངོ་ཤེས་ས་ནི་དྲ་ཐོག་ནས་ཡིན། དེ་ཡང་ཁ་བརྡ་དྲ་བའི་ཐོག་ནས་ཡིན། ཁ་བརྡ་དྲ་བ་འདི་ཕྱི་ལོ་༢༠༠༨ལོའི་དབྱར་ཁར་དྲ་སྒོ་ཕྱེས་པ་རེད། མདའ་ཚན་པས་ཀྱང་དུས་དེ་ནས་བཟུང་ཁ་བརྡའི་ཐོག་ལ་རྩོམ་འབྲི་འགོ་བཟུང་འདུག ངེད་གཉིས་ཐོག་མར་རྩོད་ལ་ཐུག་ས་ནི་ལྗང་བུའི་སྐོར་ལ་ཡིན། དེ་ནི་ཅོལ་ཆུང་གི་རྩོད་པ་ཞིག་ཡིན། ཅོལ་ཆུང་གི་རྩོད་པ་དེའི་སྐོར་ལ་ན་ནིང་ངེད་ཀྱིས་གསལ་བཤད་ཞིག་ཀྱང་བྲིས་དགོས་ཐུག་སོང་། དེའི་རྗེས་སུ། ངས་རང་གི་ཆུང་དུས་ཀྱི་ཕྱིར་དྲན་འགའ་ཁ་བརྡའི་སྟེང་དུ་བཀོད་པ་དེ་ཚོའི་གཅིག་གི་མཆན་བུའི་ཁོངས་སུ། ཁོང་གིས་ངའི་ཕ་རྒན་སུ་ཡིན་ཞེས་ཐེངས་འགའ་ལ་དྲིས་འདུག རྒྱུ་མཚན། ངའི་ཕ་རྒན་གྱིས་ཧི་ནན་རྫོང་(རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཡང་ཟེར)གི་བྲག་དམར་སློབ་ཆུང་དུ་དགེ་རྒན་ཡུན་རིང་བྱས་བ་རེེད། ངས་ཀྱང་སློབ་ཆུང་དེ་རུ་འགྲིམས། མགོན་པོ་ཚེ་རིང་གིས་ཀྱང་དེ་རུ་དགེ་རྒན་གནང་མྱོང་ཡོད་པ་འདྲ། གང་ལྟར། ངས་ཁོང་ལ་ངེད་ཀྱི་ཕ་རྒན་སྐོར་གློག་འཕྲིན་བརྒྱུད་ནས་བཏང་བ་ཡིན། ཁོང་གིས་ལན་དུ། ཁྱེད་ཀྱི་ཕ་རྒན་ངས་ངོ་ཤེས་ཀྱི་མི་འདུག་ལབ་འདུག རྗེས་སུ་ཕ་རྒན་ལ་ཡང་ངས་མགོན་པོ་ཚེ་རིང་ཨེ་ཤེས་ཟེར་ནས་ཐེངས་གཅིག་དྲིས་བ་ཡིན། ཕ་རྒན་གྱིས་ལན་དུ། ངེད་གཉིས་དགེ་གྲོགས་མ་རེད། ཁོང་རྗེས་སུ་ཞང་ཐོག་ནས་མཐོང་མྱོང་ཡོད་ཟེར།
༢)
ཕྱི་ལོ་༢༠༠༩ལོའི་དབྱར་ཁ་ནས་ངས་ཁ་བརྡའི་རྩོམ་སྒྲིག་གི་ལས་ཀ་བྱས་བ་ཡིན། ལས་ཀ་དེ་ཁྱོན་ལོ་གཉིས་ལྷག་ཙམ་བྱས་བ་ཡིན། ངེད་ཀྱིས་རྩོམ་སྒྲིག་གི་ལས་ཀ་བྱེད་རིང། ཁ་བརྡའི་ཐོག་གི་ལེགས་རྩོམ་རྩེ་གྲས་རིགས་ཕྱོགས་སུ་བསྡུས་ནས་ལོ་དེབ་ཅིག་འདོན་ཐུབ་ན་བསམ་ནས་རྩོམ་ཡིག་རྣམས་འདེམས་པ་ཡིན། ལས་དོན་དེའི་ཆེད་དུ་ཐབས་ཤེས་ཀྱང་ཐེངས་འགའ་བྱས་བ་ཡིན། འོན་ཀྱང་། ལས་འཆར་དེ་རྗེས་སུ་འགྲུབ་མ་སོང་། གང་ལྟར་ལེགས་རྩོམ་དེ་ཚོའི་ཁོངས་སུ། མགོན་པོ་ཚེ་རིང་གིས་བྲིས་བའི་”མཚོ་ངོགས་ལ་བལྟ་སྐོར་ཕྱིན་པ་”དང་”ཨ་ཕའི་ཁ་ཆེམས”ཟེར་བ་གཉིས་ཡོད། “ཨ་ཕའི་ཁ་ཆེམས”་ཟེར་བ་དེ་ངས་ཐེངས་འགའ་ལ་བཀླགས་མྱོང་། སྙན་ངག་དེའི་དུམ་བུ་ཞིག་ནི་འདི་ལྟར།
“ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་སུ།
ཨ་ཕའི་རོ་ཁྱེར་ལ། ལ་དྭགས། འབྲས་ལྗོངས། ཡང་ན་འབྲུག་ཁོངས་ཀྱི་བོད་ཀྱི་ས་མཚམས་ཤིག་ཏུ་ཁྱེར་ལ།
ཨ་ཕའི་རོ་བྱ་རྒོད་ལ་ཟ་ཆུག
ཨ་ཕའི་རོ་ཤ་དུ་ཁ་དང་ཀོ་དུ་ཁ་བྱོས་ལ་བྱ་རྒོད་ལ་ཟ་ཆུག
ཨ་ཕའི་རུས་གོག་རྡོ་བར་ལ་བརྡུང་སྟེ་ཞིབ་ཞིབ་བཟོས་ནས་བྱ་རྒོད་ལ་ཟ་ཆུག
ཁྱེད་ཚོས་གདོང་པར་ཁྲག་མི་འཐོར་བའི་ཆེད།
ཕྱེ་སྐྱ་ཐོབས་ཀྱི་ཐོབས་ཀྱི་རྡོ་བར་ལ་རྡུངས།”
གཞན། ལོ་དུས་གསལ་བོ་མི་དྲན་མོད། གླེང་མོལ་ཞིག་གི་བར་གསེང་དུ་དགེ་འདུན་རབ་གསལ་གྱིས་ཕྲན་ལ། “རྩོམ་འབྲི་ན། མགོན་པོ་ཚེ་རིང་གི་མཚོ་ངོགས་ལ་བལྟ་སྐོར་ཕྱིན་པ་ལྟ་བུ་ཕྲིས་ར་”ཟེར་བའི་སྐད་ཆ་དེ་འདྲ་ཞིག་གསུངས་བ་ད་དུང་ཡང་ངའི་སེམས་ན་གསལ་ལྷང་ངེར་འདུག
༣)
ཕྱི་ལོ་ཉིས་སྟོང་བཅུ་ལོའི་དབྱར་ཁར་ང་ཨ་ཁུ་པད་མ་འབུམ་གྱི་རྩར་ཕྱིན་པའི་སྐབས་ཅིག་ལ། ཨ་ཁུ་པད་མ་འབུམ་གྱིས་དེབ་ཤོག་སྒམ་གསུམ་བསྐུར་དགོས་ཡོད། འུ་གཉིས་སྦྲགས་ཁང་ལ་ཅིག་འགྲོ་ཟེར། ངེད་གཉིས་ཀྱིས་དེབ་ཤོག་སྒམ་གསུམ་དེ་འཁྱེར་ནས་སྦྲགས་ཁང་ལ་ཕྱིན་པ་ཡིན། ངས་དེབ་འདི་དག་སུ་ལ་བསྐུར་གི་ཡོད་དམ་ཟེར་ནས་དྲིས། ཨ་ཁུ་པད་མ་འབུམ་གྱིས་ལན་དུ། འདི་ཚང་མ་མགོན་པོ་ཚེ་རིང་ལ་བསྐུར་གི་ཡོད་། མགོན་པོ་ཚེ་རིང་གིས་ཁོང་ལ་ཚང་མ་བསྐུར་ཤོག་ཟེར་གི མི་དེས་དེབ་ཅིག་ཀློག་གི་ར་ཀློག་གི་ར། རྒྱ་ཡིག་གི་དེབ་ཀྱང་མང་པོ་ཀློག་གི་འདུག དེབ་རྐྱང་རྐྱང་ལ་འཐམས་ནས་བསྡད་འདུག་ཟེར།
༤)
ཁ་བརྡའི་སྟེང་དུ་མགོན་པོ་ཚེ་རིང་གིས་བྲིས་རྩོམ་བརྒྱ་ལྷག་སྤེལ་ཡོད་པ་རེད། དེ་དག་མདོར་དྲིལ་ན་བརྗོད་བྱ་ཆབ་སྲིད་ལ་འབྲེལ་བ་དང་སྐད་ཡིག་ལ་འབྲེལ་བ། ལོ་རྒྱུས་ལ་འབྲེལ་བ་བཅས་རེད། ཁོང་གི་བྲིས་རྩོམ་གཅིག་པོ་མ་ཡིན་པར་ཁོང་གིས་བཏབས་པའི་མཆན་བུ་དེ་དག་གི་ཁྲོད་ན་ཡང་ལེན་རྒྱུ་མང་པོ་ཡོད། ཁོང་ནི་བརྗོད་བྱ་བྱེ་བྲག་པ་གཅིག་གི་སྒང་ལ་བགྲོ་གླེང་བྱས་ན། དེའི་གཏིང་ཟབ་ས་ལ་འཛུལ་འགྲོ་མཁན་ཞིག་ཡིན། ལྷག་པར་དུ་བརྡ་སྤྲོད་ཀྱི་སྐོར་ལ། དགེ་འདུན་རབ་གསལ་དང་ཁང་གསར་རྡོ་རྗེ་སོགས་དང་མཉམ་དུ་བགྲོ་གླེང་བྱས་བའི་མཆན་བུ་ཡིད་འཕྲོག་པ་མང་པོ་བཀླགས་རྒྱུ་ཡོད། ད་དུང་། ད་ལྟ་ངེད་ཀྱི་དྲན་ངོས་སུ་ཡོད་པ་ལྟར་ན། མཁས་དབང་ཐུབ་བསྟན་སྦྱིན་པས་དགེ་འདུན་རབ་གསལ་ལ་བརྡ་སྤྲོད་སྐོར་གྱི་དེབ་གསར་ “སྨྲ་སྒོའི་ལྡེ་མིག་” ཟེར་བ་དེར་ཞུས་དག་ཅིག་གཏོང་རོགས་ཟེར་ནས་རེ་སྐུལ་ཞུས་བའི་སྐབས་སུ། རབ་གསལ་གྱིས་མཁས་དབང་ཐུབ་བསྟན་སྦྱིན་པར། ཁ་ཎ་སྒྲ་ན་མགོན་པོ་ཚེ་རིང་ཡོད་རེད། ཁོང་བརྡ་སྤྲོད་ལ་མཁས་པ་རེད། ཁོང་ལ་ཡང་ཅིག་སྟོན་ཐུབ་ན་ཡག་པོ་ཡོད་རེད་ཟེར་ནས་གཞེན་སྐུལ་བྱས་བ་ཡིན་ཟེར།
༥)
ང་རང་མགོན་པོ་ཚེ་རིང་གི་བྲིས་རྩོམ་ཁག་དང་མཆན་བུ་དག་བཀླགས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། ཁོང་གི་བྲིས་རྩོམ་མང་ཆེ་བར། བརྗོད་པ་ཐུང་ཞིང་གོ་བདེ་བ། བརྗོད་བྱའི་དོན་གསལ་བ། ཚིག་རྣོ་བ་བཅས་ཀྱི་ཡོན་ཏན་དག་འཛོམས་ནས་ཡོད། འོན་ཀྱང་། ཁོང་གིས་བཏབས་པའི་མཆན་བུའི་ཁོངས་སུ། ལྐུགས་པ་དང་གླུའུ་ནག བླུན་རྒན། རོང་སྐྱག སྨྱོན་པ་སོགས་ཀྱི་ཐ་སྙད་དག་ཀྱང་མཐོང་རྒྱུ་ཡོད་ལ། ཁོང་ནི་གཞན་གྱིས་བྲིས་བ་ལ་མཐའ་གཅིག་ཏུ་གུས་བཀུར་ཞུ་མཁན་དང་ལེགས་སོ་ཟེར་མཁན་ཞིག་ཀྱང་མིན། ཁོང་ལ་སོ་སོས་གང་བསམ་པ་དང་དྲན་པ་དེ་གཞན་ལ་མི་བསྟུན་པར་ཁ་ཐུག་ཁ་ཐུག་ལ་བྲིས་ནས་འགྲོ་བའི་གཤིས་ཀ་ཞིག་ཀྱང་འདུག་དྲན་ཡོད།
༦)
བསྟན་འཛིན་བདེ་སྐྱིད་ཀྱིས་བོད་ཡིག་ལ་བར་སྟོང་འཇོག་དགོས་བའི་བསམ་ཚུལ་ཞིག་དབྱིན་ཡིག་ཏུ་བྲིས་བ་རེད། རྗེས་སུ་བོད་ཡིག་ཏུ་ཁོང་གི་ཨ་ཕས་བསྒྱུར་འདུག བསྟན་འཛིན་བདེ་སྐྱིད་ཀྱི་རྩོམ་དེ་ལ་དབྱིན་ཡིག་གི་དྲ་བ་དང་བོད་ཡིག་གི་དྲ་བའི་ཐོག་ཏུ་བགྲོ་གླེང་ཤུགས་ཆེ་བྱུང་བ་རེད། སྐབས་དེར། བོད་ཡིག་དྲ་བ་ཁག་ཏུ་བསམ་ཚུལ་དེར་དགག་པ་རྒྱག་མཁན་ཧ་ཅང་མང་པོ་བྱུང་ཡོད། འོན་ཀྱང་། མགོན་པོ་ཚེ་རིང་ནི་བསྟན་འཛིན་བདེ་སྐྱིད་ཀྱི་བསམ་ཚུལ་དེར་རྒྱབ་སྐྱོར་ཞུ་མཁན་ཐོག་མའི་གྲས་ཡིན་། དེའི་སྐོར་ལ་ཁོང་གིས་མཆན་བུ་འདི་འདྲ་ཞིག་བྲིས་ཡོད། “བོད་ཡིག་འབྲི་སྟངས་ལ་ བསྒྱུར་བཅོས་ཤིག་ བྱེད་དགོས་ཀྱི་འདུག་ ཅེས་ སྔོན་མ་ཞིག་ནས་ བཤད་བསྡད་ཀྱི་ཡོད། དེ་ནི་ ང་བཅོས་སྒྱུར་ལ་ དགའ་དྲགས་པ་དང་། སྲོལ་རྒྱུན་ལ་ སྡང་དྲགས་ནས་ མིན་པར། ལག་ལེན་ཁྲོད་ དཀའ་ངལ་ མང་པོ་ཞིག་ མཐོང་གི་ཡོད་པ་དང་། དཀའ་ངལ་དེ་ སེལ་བ་ལ་ བསམ་བློ་མང་པོ་ཞིག་ གཏོང་ཁུལ་བྱས་ནས་ བཤད་གི་ཡོད་མ་གཏོགས་ བསམ་བཏང་དྲན་སྐྱེན་དང་ མ་བརྟག་གཡམ་རྒྱུགས་ བྱས་ནས་བཤད་གི་ཡོད་པ་མ་རེད། གསར་ཞེན་ཆེ་མདོག་གིས་ བཤད་གི་ཡོད་པའང་མ་རེད། མང་པོ་ཞིག་ལ་ བོད་ཡིག་ཀློག་པའི་ དགའ་སྣང་བརླག་གི་ ཡོད་པ་ དངོས་སུ་མཐོང་ན་ དེ་ལ་ཐབས་ཤེས་ཤིག་ བྱེད་དགོས་པ་རེད་མ་གཏོགས་ བོད་ཀྱི་བུ་གུའི་ སློབ་སྦྱོང་ རྐུབ་ན་ཡོད་ ཟེར་ནས་ རྒྱུག་རྡུང་བཏང་ནས་ ཡོང་ཐུབ་ཐབས་ ཁོ་རང་ ཡོད་པ་མ་རེད།”
༧)
ཕྱི་ལོ་༢༠༡༡ལོར་སྟོན་ཁར་ཕ་ཡུལ་ནས་ཕྱིར་ལོག་པའི་རྗེས་ནས་མགོན་པོ་ཚེ་རིང་ན་འདུག མགོན་པོ་ཚེ་རིང་ན་ནས་སྐུ་ཚེའི་འཕེན་པ་མ་རྫོགས་བར་དུ། ཨ་ཁུ་པད་མ་འབུམ་ཁོང་ལ་བལྟ་རུ་ཐེངས་གཉིས་ཕྱིན་པ་ཡིན་ཟེར། ཁོང་སྐུ་སྙུང་ནས་ཟས་ཁོག་ནས་འཇུ་མ་ཐུབ་པར་ཕྱིར་སྐྱུགས་དགོས་བའི་གནས་སྟངས་ཀྱི་སྐབས་སུ་ཡང། ཁོང་གིས་དེབ་ཀློག་མཚམས་འཇོག་གི་མི་འདུག་ཟེར། ད་དུང་། བྲུ་ཤ་ཟེར་བའི་ཡུལ་གྲུ་དེའི་སྐོར་ལ། རྒྱ་ཡིག་གི་ཡིག་ཚགས་ཁག་དང་དབྱིན་ཡིག་གི་རྒྱུ་ཆ་མང་པོ་འཚོལ་བསྡུ་བྱས་འདུག་པ་མ་ཟད་དེ་དག་གི་སྐོར་ལ་ཅིག་འབྲི་དགོས་ཀྱང་ཟེར་གི་འདུག་ཟེར། བདུན་གསུམ་གྱི་སྔོན་དུ་ཁོང་ལ་ཁ་པར་གཏོང་དུས། ཁོང་གིས་སྐད་ཆ་མང་པོ་བཤད་མི་ཐུབ་པར་། ད་འུ་གཉིས་ཀྱིས་མཚམས་འཇོག་ཟེར་གི་འདུག་ཟེར། གང་ལྟར། ཡིད་སྐྱོ་བ་ཞིག་ལ་བོད་ཀྱི་རྩོམ་པ་པོ་ངར་མ་འདི་ང་ཚོ་དང་གཏན་དུ་གྱེས་སོང་། རྩོམ་ཐུང་འདི་ནི་དམ་པ་ཁོང་ལ་རྗེས་དྲན་གྱི་སླད་དུ་ཡིན།
ཚེ་འདིར་ཡུན་རིང་མ་བསྡད་ཀྱང་། །
ཚེ་གཅིག་གཞག་པའི་ལག་རྗེས་དག །
ཚེ་རབས་མང་པོར་བརྗེད་དཀའ་བ། །
ཚེ་རིང་མིང་ཅན་བདེ་བར་བཞུད། །
ད་བྱས་དུས་་་འདས་པོ་ཁོང་དང་ཁྱེད་གཉིས་གཅིག་གིས་གཅིག་མཐོང་མ་མྱོང་བའི་སེམས་ནང་གི་གྲོགས་པོ་ཞིག་ཡིན་ས་རེད། འདས་པོ་ཁོང་གིས་བྲིས་གནང་བའི་མཚོ་ངོགས་ལ་བལྟ་སྐོར་དུ་ཕྱིན་པ་ཞེས་པའི་རྩོམ་ཡིག་དེ་་་བཀླགས་མྱོང་བ། ཁེ་ན་ཀྲ་ན་རྒྱ་ཡིག་དང་བོད་ཡིག་ལོ་རྒྱུས་སོགས་ལ་མཁས་པའི་ཨ་མདོའི་ཕོ་གསར་ཞིག་ཡོད་ཚུལ་གྲོགས་པོ་མང་བོའི་ཁ་ནས་དེ་སྔ་ནས་གོ་མྱོང་བས་སུ་ཡིན་ནམ་བསམ་ནས་བསྡད་ཡོད། ཁྱེད་ཀྱི་རྩོམ་ཡིག་འདི་ལས་་་་དེ་སྔ་ནས་ཤེས་ན་འདོད་པའི་ན་གཞོན་རྣམ་དཔྱོད་ཅན་དེ་ཁོང་ཡིན་པའི་ཚོར་སྣང་བྱུང་སོང་།
རྣམ་དཔྱོད་རྒོད་པའི་མདའ་ཚན་པ།།
ཁ་བརྡའི་རྒད་པོ་མདའ་ཚན་པ།།
སྨྱུག་ཁ་ཡངས་བའི་མདའ་ཚན་པ།།
ཁྱེད་རང་བཞུད་འདི་སེམས་ནས་སྐྱོ།།
རིག་འབྱུང་དོན་བཀྲ་ལགས། ཁམས་བཟང་། སྐུ་ཉིད་ནས་འདས་པོ་ཁོང་གི་སྐོར་ལ་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ་ཞུ།
ཨ་ཕའི་ཁ་ཆེམས་ཞེས་པའི་སྙན་རྩོམ་དེས་ང་རང་མིག་ཆུ་ཐོར་དགོས་པ་བཟོས་བྱུང་། རེད་ཡ། མི་ཚེ་ཟེར་མཁན་འདི་དེ་འདྲ་ཞིག་ཡིན་པ་འདྲ། སྐབས་རེ་འཆི་བ་མི་རྟག་པའི་སྐོར་ལ་བསམ་བློ་བཏང་དུས་དངོས་གནང་སེམས་ནང་ཞེད་སྣང་སྐྱེ་ཡི་འདུག ལམ་དེ་ལས་སུས་ཀྱང་གཡོལ་ཐབས་མེད་པས་འདྲ།
ཆུ་སྐྱེས་སྒྲོལ་མ་ལགས།
རྩོམ་ཐུང་འདི་བཀླགས་པར་བཀའ་དྲིན་ཆེ། འདས་པོ་ཁོང་གི་བྲིས་རྩོམ་དག་ལ་ཀློག་ན་གོ་བདེ་བ། གོ་བ་ཡིད་ལ་འཇགས་སླ་བ་བཅས་ཀྱི་ཁྱད་ཆོས་འདུག གུས་བ་ཁོང་ལ་དངོས་སུ་མཇལ་མ་མྱོང་ན་ཡང་། རང་གི་མིག་གིས་གང་རིག་པ་དང་རྣ་བས་གང་ཐོས་བ་རྣམས་གཞི་ལ་བཞག་ནས་རྩོམ་ཐུང་འདི་བྲིས་བ་ཡིན། གུས་བའི་རེ་བར། ཁོང་ལ་དངོས་སུ་འགྲོགས་མྱོང་མཁན་དང་ཁོང་གི་རྩོམ་གཤིས་དང་མི་གཤིས་གཉིས་ཀར་རྒྱུས་ཡོད་མཁན་ཚོས་ཀྱང་། ཚིག་བཅད་རེ་བྲིས་ནས་རྗེས་དྲན་གྱི་ཁུལ་བྱེད་པ་མ་ཡིན་པར་ངེས་པར་དུ་ཁོང་གི་སྐོར་ལ་རྗེས་དྲན་ཞིབ་ཚགས་རེ་འབྲི་ཐུབ་ན་ཡག་པོ་འདུག་དྲན། དཔེར་ན། རྒན་ཆབ་བྲག་ལྷ་མོ་སྐྱབས་ལ་སོགས་པ།
་་་་་་ མཁས་དབང་ཐུབ་བསྟན་སྦྱིན་པས་དགེ་འདུན་རབ་གསལ་ལ་བརྡ་སྤྲོད་སྐོར་གྱི་དེབ་གསར་ “སྨྲ་སྒོའི་ལྡེ་མིག་” ཟེར་བ་དེར་ཞུས་དག་ཅིག་གཏོང་རོགས་ཟེར་ནས་རེ་སྐུལ་ཞུས་བའི་སྐབས་སུ། རབ་གསལ་གྱིས་མཁས་དབང་ཐུབ་བསྟན་སྦྱིན་པར། ཁ་ཎ་སྒྲ་ན་མགོན་པོ་ཚེ་རིང་ཡོད་རེད། ཁོང་བརྡ་སྤྲོད་ལ་མཁས་པ་རེད། ་་་་་ཟེར།
མགོན་ཕྱག་གིས།
་་་་་ “བོད་ཡིག་ འབྲི་སྟངས་ལ་ བསྒྱུར་བཅོས་ཤིག་ བྱེད་དགོས་ཀྱི་ འདུག་ ཅེས་ སྔོན་མ་ ཞིག་ནས་ བཤད་བསྡད་ཀྱི་ ཡོད། དེ་ནི་ ང་ བཅོས་སྒྱུར་ལ་ དགའ་ དྲགས་པ་དང་། སྲོལ་རྒྱུན་ལ་ སྡང་དྲགས་ནས་ མིན་པར། ལག་ལེན་ ཁྲོད་ དཀའ་ངལ་ མང་པོ་ཞིག་ མཐོང་གི་ ཡོད་པ་དང་། དཀའ་ངལ་ དེ་ སེལ་བ་ལ་ བསམ་བློ་ མང་པོ་ཞིག་ གཏོང་ཁུལ་ བྱས་ནས་ བཤད་གི་ཡོད་ མ་གཏོགས་ བསམ་བཏང་ དྲན་སྐྱེན་དང་ མ་བརྟག་ གཡམ་རྒྱུགས་ བྱས་ནས་ བཤད་གི་ ཡོད་པ་ མ་རེད། གསར་ཞེན་ ཆེ་མདོག་གིས་ བཤད་གི་ ཡོད་པའང་ མ་རེད། མང་པོ་ ཞིག་ལ་ བོད་ཡིག་ ཀློག་པའི་ དགའ་སྣང་ བརླག་གི་ ཡོད་པ་ དངོས་སུ་ མཐོང་ན་ དེ་ལ་ ཐབས་ཤེས་ཤིག་ བྱེད་དགོས་པ་ རེད་ མ་གཏོགས་ བོད་ཀྱི་ བུ་གུའི་ སློབ་སྦྱོང་ རྐུབ་ན་ཡོད་ ཟེར་ནས་ རྒྱུག་རྡུང་ བཏང་ནས་ ཡོང་ཐུབ་ཐབས་ ཁོ་རང་ ཡོད་པ་ མ་རེད།” ་་་་ཟེར་བ་ འདི་ལ་ ད་དུང་ གཏོང་ཆ་ མང་དུ་ བཏང་ནས་ སྐྱར་སྤེལ་ བྱས།
མགོན་ཕྱག་གི་ རྗེས་སུ་ དྲངས་ནས་ ངས་ནི།
“བོད་ཡིག་ འབྲི་སྟངས་ལ་ བསྒྱུར་བཅོས་ཅིག བྱེད་དགོས་བགྱིད་འདུག་ ཅེས་ ངས་ སྔོན་མ་ ཞིག་ནས་ ཡང་ཡང་ ཤོད་ སྡོད་བགྱིད་ ཡོད། དེ་ནི་ ང་ བཅོས་སྒྱུར་ལ་ དགའ་ དྲགས་པ་ དང་། སྲོལ་རྒྱུན་ལ་ སྡང་དྲགས་ནས་ མིན་པར། ལག་ལེན་ ཁྲོད་ལ་ དཀའ་ངལ་ མང་པོ་ཅིག མཐོང་བགྱིད་ ཡོད་པ་ དང་། དཀའ་ངལ་ དེ་ སེལ་བ་ལ་ བསམ་བློ་ མང་པོ་ཞིག་ གཏོང་ཁུལ་ བྱས་ནས་ ཤོད་བགྱིད་ ཡོད་ མ་གཏོགས་ བསམ་བཏང་ དྲན་སྐྱེན་དང་ མ་བརྟག་ གཡམ་རྒྱུགས་ བྱས་ནས་ ཤོད་བགྱིད་ མེད། གསར་ཞེན་ ཆེ་མདོག་གིས་ ཤོད་བགྱིད་ཀྱང་ མེད། བོད་རིགས་ མང་པོ་ཞིག་ལ་ བོད་ཡིག་ ཀློག་པའི་ དགའ་སྣང་ བརླག་ འགྲོ་བགྱིད་ ཡོད་པ་ དངོས་སུ་ མཐོང་འོང་དུས་ དཀའ་ངལ་ སེལ་ཐབས་ གསར་པ་ གཏོང་ཆ་ དགོས་པ་ འདི་ཡང་ ཐབས་ཤེས་ཅིག་ རེད་ མ་གཏོགས། བོད་པའི་ ཕྲུ་གུའི་ སློབ་སྦྱོང་ རྐུབ་ལ ཡོད་ ཟེར་ནས་ རྒྱུག་རྡུང་ བཏང་ནས་ ཡོང་ཐུབ་ཐབས་ ཁོ་རང་ ཡོད་པ་ མ་རེད།”ཅིག་དང་ བགྱིད་ལ་ དགག་པ་ བརྒྱབ་ན་ དགའ་བསུ་ ཡོད་ལགས།
དོན་དག་ད་ལོས་ཧྲ་་་ཤེས་ལྡན་པ་ཞིག་རྗེས་དྲན་བྱེད་ཀྱི་ཡོད་པ་རེད། དེའི་ཁར། དངོས་མཐོང་དང་གོ་ཐོས་གཉིས་ཁ་སྦྱོར་སྟངས་དང། དེ་ཚིགས་སུ་འདྲེན་སྟངས་གསུམ་པོ་བླ་རུ་འཕགས་འདུག
ཡིན་ནའང། ཨང་ཀི་གཅིག་གཉིས་ཀྱི་འོག་ཏུ་བཞག་ནས་འབྲི་བ་འདིས་འབྲི་བོ་རང་ཉིད་ལ་ཅུང་ལས་སླ་བོ་ཡིན་ནའང། འབྲི་སྟངས་འདིར་ང་འདོད་པ་ཞེ་དྲག་མེད། དེ་ཙམ་ཞུ།།
ཁོང་གི་འདོད་ཚུལ་དེ་ལ་་ཁོང་སྐུ་འཚོ་ཞུགས་སྐབས་ཀྱང་ལེགས་སོ་བརྗོད་མ་མྱོང་ལ་་་དེ་རིང་ཡང་ཁས་ལན་ཐུབ་མ་སོང་།
གང་ཡིན་ཟེར་ན་་་ཡི་གེར་ཐོག་མ་འཇུག་མཁན་ཚོར་ཀློག་བདེ་བའི་ཆེད་དུ་བཟོ་བཅོས་བྱས་ན་སྔོན་གྱི་མཁས་པ་ཚོས་དཀའ་ངལ་བརྒྱ་ཕྲག་གིས་བཟོས་ཤག་པར་རིན་ཐང་ཆུང་དུ་འགྲོ་གི་རེད་ལ། བཀའ་བསྟན་འགྱུར་ལ་སོགས་པར་བཟོས་བཅོས་བྱེད་དགོས་ན་བྱེད་ཚོད་ཡོད་པ་མ་རེད་དྲན་པས་ཡིན།
དེ་རིང་སླར་ཡང་སྙིང་ལ་འཚབ་ཤ་ལངས་པ་དང་བཅས་མཆན་འདི་བཏབ་པ་ཡིན། དེའི་རྒྱུ་མཚན་ནི་དྲ་ཉུལ་སྐབས་སུ་རྩོམ་ཡིག་འདིའི་ཨིན་འགྱུར་མཐོང་བྱུང་ལ། སླར་ཡང་སྙིང་ནས་འཚབ་ཤ་ཞིག་ལངས་བྱུང་། སྐབས་དེ་ལ་ངས་དོན་གྲུབ་བཀྲ་ཤིས་ལགས་ལ་ནང་གཏམ་ཞིག་ཤོར་བ་འདྲ། དོན་ངོ་མ་ནི་ཁ་བརྡའི་ཐོག་སྐད་ཡིག་དང་འབྲེལ་བའི་གླེང་བཤད་མང་པོ་བྱས་པ་དེ་དགེ་བཤེས་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཐུགས་སྣང་བྱུང་སྟེ། ཁོང་གིས་བརྩམས་གནང་མཛད་པའི་བརྡ་སྤྲོད་གསར་པ་དེའི་མ་ཟིན་ལ་གཅིག་ལྟ་རོགས་ཞེས་གསུངས་བྱུང་། དེ་ལ་ངས་གང་ཤེས་ཤེས་ཤིག་གིས་བསམ་འཆར་ཞིག་ཕུལ་བ་ཡིན། དེའི་ཞོར་ལ་མགོན་པོ་ཚེ་རིང་ལགས་ལ་ཡང་སྤྱན་བསྟར་ཞུས་ན་ལེགས་ཚུལ་ཞིག་ཞུས་པ་ཡིན། ད་ངས་བསམ་འཆར་ཕུལ་བའི་སྐད་ཆ་འདི་རྣམ་པ་འདི་འདྲ་ཞིག་གི་ཐོག་ནས་རྩོམ་ཡིག་ཏུ་སླེབས་འགྲོ་བ་སེམས་ལའང་མ་འཁོར། ཁ་བརྡའི་སྟེང་གནས་ཚུལ་འདི་མཐོང་འཕྲལ་རང་ཉིད་ལ་ངོ་ཚ་ཆེན་པོ་བྱུང་། འོན་ཀྱང་མིག་བཙུམས་ནས་བསྡད་པ་ཡིན། ད་ཨིན་ཡིག་ལའང་སླེབས་འདུག་སྟབས་འདིར་མཆན་ཞིག་བྲིས་ནས་གསལ་བཤད་ཅིག་བྱས་ན་བསམས་བྱུང་།
དགེ་རབ་ཀྱིས་མགོན་ཚེ་ལགས་མཁས་པ་གསུངས་སོང་ཟེར་བའི་སྐད་ཆ་འདི་རྩོམ་ཡིག་སྒང་ལ་སླེབས་དུས་དགེ་རབ་ཀྱི་སྙིང་ལ་འཚབ་ཤ་ལངས་སོང་ཟེར།
ཝེ། ལྟོ་ཚང་ཁྱོད་རང་ཐིམ་ཕུག་དང་པ་རོར་ཡར་མར་རྒྱུགས་པའི་ཟླ་གཉིས་ཀྱི་རིང་། ངེད་ཅག་ཁ་བརྡའི་ནང་མི། མདའ་ཚན་པའམ་མགོན་པོ་ཕྱག་གཉིས་པ་ཚེ་ལས་འདས་སོང་། ཁོང་གིས་གཙོས་འབྲེལ་ཐོགས་སེམས་ཅན་ལ་བསྔོ་སྨོན་གང་དྲག་ཅིག་སྐྱབས་འཇུག་ཞུའོ།།
གུས་བས་རྗེས་དྲན་རྩོམ་ཐུང་འདི་སྤེལ་བ་ལ་རྐྱེན་བྱས་ནས། དགེ་འདུན་རབ་གསལ་ལགས་འཚབ་ཤ་ལངས་པ་དང་ངོ་ཚ་བ་གཉིས་ཀ་བྱུང་འདུག དེ་ལ་དགོངས་དག་ཞུ། འདི་གུས་བའི་ཐལ་ཆ་རེད།
གཞན། བོད་པ་དབྱིན་ཡིག་ཀློག་མཁན་ཚོས་ཀྱང་མགོན་པོ་ཚེ་རིང་གི་སྐོར་ལ་ཅུང་ཙམ་ཤེས་ན་བསམ་ནས་དབྱིན་བསྒྱུར་བྱས་བ་དེས་ཀྱང་དགེ་འདུན་རབ་གསལ་ལགས་ལ་ངོ་ཚ་སྣོན་མ་ཞིག་སྤྲད་འདུག དེ་ལ་ཡང་དགོངས་དག་ཞུ། དེ་ཙམ་ཡིན།