ཁ་བའི་འབྲོག་མོ།
ཚིག་གི་རོལ་རྩེད་འདི་ལམ་ཁའི་རྒྱགས་བྲོ།།
དོན་ལྡན་སྙིང་བོ་དེ་མུན་ནག་སྒྲོན་མེ།།
མི་ཚོགས་འདུ་ཡུལ་ལ་འཛུམ་བག་མང་བས།།།
འཛུམ་ཆུང་ངོ་གདོང་དེ་ནང་ལ་སྦས་རོགས།།
སེམས་པའི་རྨི་ལམ་གྱི་ཞིང་ཁམས་དེ་ནས།།
དུངས་བའི་མངར་བཅུད་ལ་རོལ་མྱོང་ཐེངས་གཅིག།
སྙིང་སྡུག་མེ་ཏོག་གི་འབྲས་བུ་བཏབ་ནས།།
བརྩེ་བའི་འདབ་མ་ཡི་ལྗང་མདོག་མངོན་བྱུང་།།
དམ་ཚིག་དགུ་སྒྲིལ་གྱིས་བསླེས་པའི་ལམ་བུ།།
སེམས་པའི་བདག་པོ་དང་འགྲོགས་རོགས་མཐུན་ཞིང་།།
བརྩེ་བའི་མཛེས་སྡུག་ལ་སྒྲོ་གུར་ཕུབ་སྟེ།།
ལྷ་ཡི་ཞིང་ཁམས་ལ་ཐེངས་གཅིག་མཇལ་ཡོད།།
འཇིགས་མེད་སེམས་པ་དེ་རང་འདྲིས་བྱུང་ནས།།
འབྱོར་བའི་བསླུ་བྲིད་ལ་ངོ་གདོང་གཏད་དེ།།
སེམས་པའི་རྩ་བ་འདི་བདེ་བར་ཟུག་ནས།།
དུངས་བའི་དབྱངས་རིས་ཀྱིས་རི་མོ་བྲིས་ཡོད།།
འཚོ་བའི་བདེ་སྡུག་གི་ཁུར་བོ་ཆེན་པོ།།
ལས་མཐུན་གྲོགས་པོ་དང་མཉམ་དུ་ཁུར་ནས།།
མི་ཚེའི་མཐའ་མཇུག་གི་གོམ་འགྲོས་དེ་ཡིས།
མི་རྟག་སྲིད་པ་ལ་ངོ་རྒོལ་བྱས་ཡོད།།
༡༠།༠༤།༢༠༡༣