རེབ་ཐོག་མདའ།
མེས་པོས་སྤྲད་པའི་ལྷད་མེད་གཤིས་ཀ་དུས་རབས་ཉི་ཤུའི་སྣེ་ནས་བོར།།
བཙན་པོ་གོང་མའི་ཞབས་རྗེས་ཟབ་མོ་སྒོར་དང་ངོ་སོའི་བར་ན་ཡལ།།
ལོ་རྒྱུས་གླེགས་བམ་ཁུགས་ན་རྒས་པའི་ཀ་ཁ་སུམ་ཅུའི་ལས་དབང་འདི།།
ཀླད་མེད་དུས་རབས་གསར་པའི་མྱི་ཚོས་ཁ་སེམས་བར་ནས་བརྗེད་དེ་ཐལ།།
ཁེར་འགྲོ་ཟླ་བས་འཁྲེང་སེམས་ཤོར་བའི་སྦྲ་ནག་གྲངས་ཀ་ཇེ་ཉུང་རེད།།
དུས་བཞིའི་ནམ་ཟླ་གདོང་གིས་བསུ་བའི་གངས་རིའི་མགོ་འཕང་ཇེ་དམའ་རེད།།
རྨ་འབྲི་རྫ་གསུམ་བཞུར་རྒྱུན་འགག་ནས་ཞིང་པའི་འཚོ་བ་ཇེ་སྡུག་རེད།།
བོད་པ་ཚང་གི་ལས་དབང་གླེང་བའི་དོན་གྱི་སྐྱེ་བོ་ཉུང་ཉུང་རེད།།
རེ་བའི་མིག་ཟུང་ཕྱི་ལ་གཏད་དེ་ལོ་རྒན་དྲུག་ཅུ་རྫོགས་ནས་ཐལ།།
མི་གཞི་ཞན་པའི་ས་མཐའི་མྱི་ཚོ་སྒེར་དོན་སྣེ་ན་འདུར་ནས་ཐལ།།
ཡུལ་སྲོལ་གོམས་གཤིས་གཙང་མའི་གདོང་ལ་ནག་ནོག་དྲི་མས་གཡོག་ནས་ཐལ།།
ཕ་སྐད་གཙང་མའི་ལྷད་མེད་ངག་ལ་ཕྱི་ཡི་ཐ་སྙད་སྦྱར་དང་ཐལ།།
ཐ་མག་ཆང་ལ་དུངས་ཞེན་ཆེ་བའི་ན་གཞོན་གྲངས་ཀ་ཇེ་མང་རེད།།
རྒྱུ་དང་འབྱོར་བའི་ངོ་སོའི་བར་ན་ཕུ་ནུའི་བར་ཐག་ཇེ་རིང་རེད།།
བགྲེས་སོང་ཕ་མ་སྒོ་ཕྱིར་ཕུད་པའི་རྒྱུ་འབྲས་བསྣོག་མཁན་ཇེ་མང་རེད།།
ཡབ་མེས་དམ་པའི་ལམ་སྲོལ་བཟང་པོ་རྒྱུད་ན་ཡོད་པ་ཉུང་ཉུང་རེད།།
ཐུབ་བསྟན་རིག་གནས་རིག་པས་དཔྱད་མཁས་དོན་གྱི་མཁས་པ་དཀོན་པོ་རེད།།
བླ་མའི་དགོངས་པ་གཏིང་ནས་རྟོགས་པའི་རྟོགས་ལྡན་སྐྱེ་བོ་ཁ་ཁེར་རེད།།
ཆོས་དང་འཇིག་རྟེན་གཉིས་ཀ་མི་འཁྱོངས་གྲྭ་ལོག་གྲངས་ཁ་ཇེ་མང་རེད།།
བོད་སྐད་དག་མའི་གླེང་མོལ་བྱེད་མཁན་ན་ཆུང་གཞོན་ནུ་ཇེ་ཉུང་རེད།།
ཕྱི་ནང་སློབ་ཆེན་སྒོ་ཐེམ་འགྲིམ་པའི་མྱི་རབས་གསར་པ་ཇེ་མང་རེད།།
དོན་གྱི་ཤེས་བྱས་སེམས་ཁམས་ཕྱུག་པའི་བུ་དང་བུ་མོ་ཉིན་སྐར་རེད།།
མཁས་པའི་མིང་གི་ཆོ་ལོ་ཐོབ་པའི་ཤེས་ལྡན་སྐྱེ་བོ་ཇེ་མང་རེད།།
དོན་གྱི་བསམ་བློ་སྒེར་ཚུགས་ལྡན་པ་བོད་པའི་ཁྲོད་ན་ཧ་ཅང་དབེན།།
ཁྱིམ་བདག་ལྷག་བསམ་བོད་ལ་བཅངས་ནས་བུ་ཕྲུག་སྐྱོང་བའི་ཕ་མ་ཉུང་།།
བོད་སྐད་དོར་ཏེ་གཞན་སྐད་འཆད་པའི་ཕྱི་རབས་གྲངས་ཀ་ཇེ་མང་རེད།།
ཕྱོགས་ཞེན་ལྟ་བ་རྨང་ནས་དོར་བའི་དོན་གྱི་དཔོན་པོ་ཉུང་ཉུང་རེད།།
སྤྱི་དོན་འཆད་བཞིན་སྒེར་དོན་སྒྲུབ་པའི་ལས་བྱེད་མིང་ཅན་སྦུག་ན་མང་།།
དེང་རབས་འཕྲུལ་ཆས་གདོང་ན་ལུས་པའི་གྲྭ་བའི་གྲངས་ཀ་ཇེ་མང་རེད།།
སྦྱིན་བདག་གླེན་པའི་སྒོར་གྱིས་བསླུས་པའི་དགེ་བའི་བཤེས་གཉེན་ཇེ་མང་རེད།།
ཆགས་པའི་མིག་ཟུང་རྒྱང་ནས་འཕེན་པའི་ལོ་གཞོན་ཨ་ནེ་ཇེ་མང་རེད།།
མང་པོའི་དཀྱིལ་ནས་བདག་གིས་མཐོང་བ་དེ་རིང་འདི་ནས་བཤད་མཚམས་འཇོག།
ཕྱི་ལོ ༢༠༡༣ ཟླ ༤ ཚེས ༡༢ ལ། དཔེ་མཛོད་ནས།