ལྷ་ཆབ་སྦྱིན་པ།
དགུང་སྔོན་མཐོན་པོའི་དབྱིངས་ལ་སེམས་འདྲེས་ནས།།
ཁྲག་གི་སྦྲང་ཆར་དམའ་མོའི་གཞུང་ལ་ཕབ།།
ལྗོན་ཤིང་སྣ་ཚོགས་འཁྲིགས་པའི་སྐྱེད་ཚལ་ནས།།
དཀར་སེར་དམར་ལྗང་སྔོ་བའི་མེ་ཏོག་འཁྲུངས།།
སྒམ་བུ་སྔོན་པོའི་ཁོག་གི་མེ་ཏོག་དེ།།
བཞད་པའི་ཁ་དོག་དམར་པོ་ཁྲག་གི་མདོག།
བདག་གི་བློ་ལ་མེད་པའི་མཛེས་སྡུག་དེས།།
འཁྲུལ་བའི་སྣང་བ་མི་མངོན་དབྱིངས་སུ་བཀུག།
བལྟས་ན་ཁ་དོག་དགུ་ཡི་མེ་ཏོག་འདིས།།
ལྟས་ངན་དུག་གི་ནུས་པ་སྐྱེད་པར་གྲགས།།
ཟོས་ན་འགྱུར་བ་མེད་པའི་ཕྱེ་ལེབ་མོ།།
དྲི་གཞོན་ལྷ་མོའི་སྤྲུལ་བ་ཡིན་སྙམ་ཤར།།
ཞོགས་པའི་ཟིལ་བ་གཏོར་བཞིན་ཞལ་ཁ་འཛུམ།།
ཉི་མ་གཞོན་ནུའི་ཕྱོགས་ལ་མགོ་ལྕོག་ལྡེམ།།
རྟག་པའི་འཁྲུལ་བ་ཅན་གྱི་མཛེས་སྡུག་དེ།།
ས་ལ་འགྲིལ་ཞིང་འདམ་གྱིས་སྦགས་པར་མཐོང་།།
མེ་ཏོག་མེ་ཏོག་ཟེར་བའི་ལྡུམ་བུ་དེར།།
མི་གཙང་རྫས་ལུད་ཁྲོད་ན་ང་རྒྱལ་ཞིག།
སྐད་ཅིག་སྒྱུ་མའི་མི་རྟག་རང་མདངས་དེ།།
བདག་གི་ཡིད་ན་ཉམ་ངའི་ཐ་སྙད་ཅིག།
རྒྱང་ནས་བལྟས་ན་མཛེས་ཉམས་དོད་མདོག་ཅིག།
དྲུང་དུ་བཅར་ཚེ་དྲི་ངན་ལྡང་བའི་ཕོན།།
མདོར་ན་འཇིག་རྟེན་གོལ་བའི་རྟེན་འབྲེལ་འདིས།།
མི་ཚེར་སྙིང་བོ་མེད་པའི་བློ་ཞིག་འཁྲུངས།།
དུང་གི་རང་མདངས་འཛིན་པས་ཅི་ཆ་སྟེ།།
སེམས་དང་བརྩེ་བ་མེད་པའི་རོ་ཀོག་ཅིག།
དུས་བཞིའི་འགྱུར་ལྡོག་ཁོ་ནས་གདུང་བྱེད་པའི།།
རྩྭ་དང་ལྡུམ་བུ་ཁྱེད་ལ་སྙིང་རེ་རྗེ།།
ན་ནིང་དབུ་ལྕོག་ལྡེམ་པའི་མཛེས་པ་དེ།།
ད་ལོར་མུ་མེད་མྱ་ངམ་ཐང་ནས་བོར།།
མཛེས་པའི་བདེན་པ་མི་རྟག་འདྲེ་མོ་སྟེ།།
གཞོན་པའི་ལང་ཚོ་འདི་ལ་ཞེ་རེ་མེར།།
དཀོན་མཆོག་ལྷ་ཡི་སྐྱབས་ཀྱིས་མ་ཟིན་པའི།།
མི་རྟག་རྩྭ་གཟུགས་འདི་ལ་སྙིང་བོ་ཅི།།
འདབ་མ་སྟོང་དང་ལྡན་པར་བསྔགས་པ་དེ།།
བསམ་ཞིང་བསམ་ན་མིག་ཆུ་འཆོར་བའི་རྒྱུ།།
ཏག་ཏག་མཛེས་པའི་བསླུ་བྲིད་མ་ཐེབས་པའི།།
གངས་ཀྱི་སེང་གེ་སྔོན་མོའི་སྤང་ནས་བྲོས།།
ཁ་བའི་རྡུལ་ཕྲན་སྤུངས་པའི་རྩེ་མོ་ན།།
ང་ལ་སྤྲིན་དཀར་བརྩེགས་པའི་ཡུལ་ཞིག་ཡོད།།
༢༠༡༣ ༤ ༡ ལ་བྲིས།
ལྷ་ཆབ་ལགས་ཀྱི་སྙན་ངག་དེ་ངོ་མ་སྒྱུ་རྩལ་གྱི་རོ་ཉམས་དོད་ལ་ཡིད་དབང་འཕྲོག་པ།དོན་གྱི་ཆ་ནས་མི་རྟག་གི་རང་མཚང་བརྟོལ་བ་འདྲ་བོ་ཅིག་བྲིས་འདུག་ནའང་།འབྲི་ཐབས་འདི་གསར་བཏོད་ཀྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་ཅིག་བརྩམས་འདུག་པས།མུ་མཐུད་སྙན་ངག་འདི་འདྲ་ཀློག་རྒྱུ་བྱུང་ན་ལུས་སེམས་ཀྱི་འཕྲོད་བསྟེན་ལའང་ཕན་ས་རེད།
སྙན་ངག་པའི་སྙན་ངག་ལ་སྒྱུ་རྩལ་གྱི་ལྡན དགའ་ནི་ཡིན།
(སྔོ་བ)འི་མེ་ཏོག་ཟེར་བ་མྱིག་གིས་རིག་མྱོང་མེད།
(ལྟས་ངན་དུག)་ཞེས་སྦྱོར་བའི་ཚིག་ཞིག་གོ་མ་མྱོང་།།
(སེང་གེ་སྔོན་མོ)་ཡོད་པ་ཡིད་ལ་དྲན་མ་མྱོང་།།
མྱོང་ཤེས་ཧ་ཅང་དམན་པས་རྩོམ་བྲོ་མྱོང་མ་ཐལ།།
གངས་ཀྱི་སེང་གེ་ སྔོན་མོའི་སྤང་ནས་བྲོས་ཞེས་པའི་ཚིག་གི་གཅོད་མཚམས་ཤེས་པར་གྱིས། དེ་ནས་དཔྱད་མཆན་རེ་ཐོགས་དང་།
དྲ་གྲོགས་དག་ཕེབས་ནས་བཀླགས་པར་དགའ།
གནམ་ལགས་ལ་གསལ་བཤད་དུ། ཁྱེད་ཀྱིས་མ་མཐོང་བ་དང་མ་མྱངས་པའི་ཤེས་བྱ་ལ་མཐའ་མེད་པའི་གནས་ལུགས་དེ་ཡིད་ལ་ཟུངས། སེང་གེ་སྔོན་མོའི་སྐོར་དེ་གོང་དུ་དྲ་གྲོགས་ཤིག་གིས་ཁྱེད་ལ་གསལ་བཤད་གནང་འདུག་པས་བསྐྱར་དུ་ངལ་བ་མ་བྱས་སོ།། ཐུགས་རྗེ་ཆེ།
སྔོན་མོའི་གཞུག་ན་འབྲེལ་སྒྲ་ཡོད་པ་མ་རིག་ཟིག།
དཔྱད་ནོར་ཤོར་ཡང་མགོ་ལྕག་མ་བྱེད་བུ་ཁོ་ཚོ།།
དུད་འགྲོ་ང་འདྲ་གང་ས་གང་ན་མང་ནི་རེད།
་་་་་་་་་་་་་ ་་་་་་་་་་་་་་་
ཤེས་བྱ་མཐའ་མེད་ཡིན་པ་བདེན་པ་ཡིན་བསམ་རུང་།།
དོ་བདག་རང་གིས་བཀོལ་བའི་རང་ཚིག་གསར་བཟོ་ལ།།
ཁུངས་ལུང་ཚིག་འགྲེལ་གསལ་ཁ་གང་ཡིན་ཡོད་ན་ལེགས།།
་་་་་་་་་་་་་ ་་་་་་་་་་་་་་་
རྩོམ་རིང་འབྲི་བའི་ངལ་བ་ཡོད་དང་ཟིག།
ཚིག་རྩ་གསལ་བའི་ངལ་བ་མེད་དང་ཐལ།།
བསྟོད་པར་རེ་བའི་རྩོམ་ཞིག་ཕུད་དང་ཐལ།།
བླུན་པོའི་སྨྱུག་ཁས་བསྟོད་ཁུལ་མ་ཉན་ཐལ།།
ཨ་ལ་ཀུ་རེ་གོ་ས་ཡོད་ནི་བྱོས།