གྲིབ་གཟུགས།
ཞིང་ཐང་གི་ས་ནག་སྟེང་རྐང་རྗེན་དུ་འགྲེང་སྟེ་རྒྱང་ལྟ་བྱས་ན།
མཐའ་མཇུག་གི་ཉི་འོད་ཀྱིས་བཏེགས་པའི་མཚམས་སྤྲིན་གྱི་དམར་མདངས།
མིག་ཀོང་ངོས་སུ་འཁྱིལ་འོང་།
ལྷོ་ཡི་ཕྱོགས་ནས་ལྡང་འོང་བའི་རླུང་བུ་སིར་སིར་དེ།
བྲང་ཁ་ན་ཤག་ཤག་གིས་གདོང་ཐུག་རྒྱག་དུས།
གཙང་ཆུ་ཞིག་འཕྲེད་ལ་རྒལ་གྱིན་པའི་སྣང་བ་འཆར་འོང་།
མི་རྐྱང་གཉིས་ཀྱིས་རམ་འདེགས་འོག་མཐོ་ནས་མཐོ་རུ་བཏེགས་པའི་གཞས་དབྱངས་དེ།
བཅོས་ཚུལ་བོར་ཞིང་རང་དབང་བསྙེགས་པའི་གཞས་དབྱངས་དེ།
གཞས་དབྱངས་དེ་སེར་བུའི་ཁྲོད་ན་འདར་སིག་སིག
གཞས་དབྱངས་དེ་གོམ་ཟུང་བར་ན་འཁྱར་མ་འཁྱོར།
དེ་རིང་གི་ཞིང་ཐང་ནས་ལྗང་སྨྱུག་མཐོང་སྣང་དུ་མེད་པ་བཞིན།
བདག་ལའང་སེམས་པ་གཅིག་འདྲིས་ཀྱི་རོགས་ཆུང་ཞིག་ཡོད་མ་མྱོང་བས།
ཁེར་རྐྱང་གི་ཟླ་བ། ཟླ་བའི་མཐའ་ཁོར་གྱི་རྒྱུ་སྐར་ཐར་ཐོར།
ནུབ་མཐའི་མཚམས་སྤྲིན་གྱི་དམར་མདངས་དག
རླུང་བུ་སིར་སིར་དང་ལྷན།
བདག་གི་ཡིད་ཀྱི་ལོངས་སྤྱོད་དུ་གྱུར་སོང་།
བདག་གི་སྲོག་རྩའི་ནང་དུ་ཐོལ་གྱིས་བཞུར་སོང་།
མགོ་ཐོག་གི་ཟླ་བ་ཕྱེད་ཀ་དེ་དང་། སྐར་མ་ཐར་ཐོར་དེ་ཚོ།
དེ་ཚོ་ས་སྲོད་ལ་དཔྱངས་པའི་སྒྲོན་མེ་ཡིན་ནམ།
མདུན་གྱི་འགྲོ་ལམ།
ད་དུང་མུན་ཁྲོད་ན་ལུས་འདུག
རླུང་བུ་སིར་སིར། རྒྱུ་སྐར་ཐར་ཐོར།
བདག དགོང་ཁ་དང་ས་སྲོད་ཀྱི་བར་ན་མཆེད་པའི་མཚམས་སྤྲིན་མག་མོག་དེ་བཞིན།
དགོང་གའི་མཛེས་སྡུག་ལ་གྱེས་བརྡ་བཏང་ནས་ས་སྲོད་ཀྱི་རུམ་ལ་འཛུལ་དགོས་བྱུང་།
ཨེ་མ་ས་སྲོད་ནི་ཇི་འདྲ་མུན་ནག་པ་ལ་ཨང་།
18/4/2013
མངར་སྐྱུར་ཁ་གསུམ་གྱི་རོ་ཡོངས་སུ་རྫོགས་པའི་སྙན་ངག་འདི་བཀླགས་ནས་བུད་ཡོད།