ཧི་མ་ལ་ཡའི་འཕྲུལ་སྨྱུག
ཐེག་ཆེན་གྱི་སྡེ་སྣོད་རྣམས་ནི་ཚད་མར་འོས་མིན་ཐེ་ཚོམ་དུ་ལྷུང་ཡོད་པའི་སྐོར།
ཕར་ཕྱིན་གཞུང་གི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རྒྱས་སྤྲོས་ཅན་དེ་དག་ཐེག་ཆེན་གྱི་མདོ་སྡེ་རྣམས་ལ་བརྟེན་ནས་མཛད་པ་ཡིན་ཡང༌། ཐེག་ཆེན་གྱི་སྡེ་སྣོད་ཚད་མར་འོས་མིན་ནི་ཤིན་ཏུ་ཐེ་ཚོམ་གྱི་གནས་སུ་ལྷུང་ཡོད་དེ། ༼ཞེས་པ་དེའང་མི་ཐད་དེ། ཐེག་ཆེན་གྱི་སྡེ་སྣོད་རྣམས་རྒྱལ་བའི་བཀའ་ཚད་མར་འོས་མིན་གྱི་སྒྲུབ་བྱེད་རྒྱས་པ་ནི། མདོ་སྡེ་རྒྱན་དང༌། སྤྱོད་འཇུག་སོགས་ཀྱི་ནང་ཤིན་ཏུ་གསལ་བ་ཡོད་པས། ཐེ་ཚོམ་གྱི་གནས་སུ་ལྷུང་དགོས་དོན་མེ་ཀྱང༌། སྐབས་འདིར་ནི་གྲུབ་མཐའ་ལུང་རིགས་སྙེ་མ་ལས། ཐེག་ཆེན་གྱི་གསུང་རབ་མང་པོ་ཞིག་མགདྷ་སྟེ་ཡུལ་དབུས་ལ་སོགས་པའི་ས་གནས་མང་པོ་ཞིག་ཏུ་ཐེག་ཆེན་དར་ཁྱབ་ཏུ་བྱོན་པའི་ཚུལ་རྣམས་མཐོང་བས། ཉན་ཐོས་སྡེ་གཉིས་ཀྱི་ཕྱོགས་ལ་གནས་པའི་སློབ་དཔོན་མང་པོ་ཞིག དེ་ལ་རང་གི་སྒྲུབ་པའི་མཐའ་དང་མི་མཚུངས་པའི་ཚུལ་མང་དུ་མཐོང་ནས། ཐེག་པ་ཆེན་པོ་འདི་དག་སྟོན་པའི་བཀའ་མ་ཡིན་ནོ་ཞེས་རྒྱུ་མཚན་མང་པོའི་སྒོ་ནས་འཆད་པར་བྱེད་དོ།། དེ་ཡང་ཇི་སྐད་དུ།
༡) ཐེག་པ་ཆེན་པོའི་མདོ་རྣམས་ནི་སྟོན་པའི་བཀའ་མ་ཡིན་ཏེ། སྡེ་སྣོད་གསུམ་དུ་མ་འདུས་པའི་ཕྱིར་རོ།། རིག་བྱེད་མཐའ་བའི་ལྟ་གྲུབ་བཞིན་ནོ།། དེ་ཡང་རིག་བྱེད་མཐའ་པ་རྣམས་ནི། གངྒཱའི་ཆུས་བཀྲུས་པ་དང༌། དེའི་ཆུ་འཐུང་བ་དང༌། བསྙུང་བར་གནས་པ་དང༌། གསང་སྔགས་བཟླས་པས་སྡིག་པ་འདག་པར་སྨྲ་བ་གང་ཞིག ཐེག་པ་ཆེན་པོ་ལས་ཀྱང་དེ་བཞིན་བྱུང་བས་སོ།། དེས་ན་བཀའ་མ་ཡིན་ནོ།།
༢) དེ་བཞིན་འདི་ནི་ཆད་པར་ལྟ་བ་རྒྱང་འཕེན་སོགས་བཞིན་དུ། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་སྟོང་ཉིད་དུ་སྨྲ་བའི་ཕྱིར་དང༌།
༣) འདི་སྡེ་བ་བཅོ་བརྒྱད་གང་གི་ཡང་ཁོངས་སུ་མ་གཏོགས་པའི་ཕྱིར་དང༌།
༤) བཀའ་སྡུད་པར་བྱེད་པ་པོ་དག་གིས་མ་བསྡུས་པའི་ཕྱིར་དང༌།
༥) ལོངས་སྤྱོད་རྫོགས་པའི་སྐུ་རྟག་པར་སྨྲ་བས། སྟོན་པས་འདུས་བྱས་ཐམས་ཅད་མི་རྟག་པར་སྨྲ་བ་དང་འགལ་བའི་ཕྱིར་དང༌།
༦) བདེ་གཤེགས་སྙིང་པོ་ཀུན་ལ་ཁྱབ་པ་དང༌། ལེན་པའི་རྣམ་པར་ཤེས་པ་སྟོན་པར་བྱེད་པས། བདག་མེད་པ་དང་འགལ་བའི་ཕྱིར་དང༌།
༧) སངས་རྒྱས་མྱ་ངན་ཡོངས་མི་འདས། ཞེས་མྱ་ངན་ལས་འདས་པ་ཞི་བ་མ་ཡིན་པར་སྨྲ་བའི་ཕྱིར་དང༌།
༨) དགྲ་བཅོམ་པ་རྣམས་ལ་སྨོད་པའི་ཕྱིར་དང༌།
༩) དགྲ་བཅོམ་པས་ཁྱིམ་པ་ལ་ཕྱག་བྱ་བར་སྟོན་པའི་ཕྱིར་དང༌།
༡༠) དེ་བཞིན་གཤེགས་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ལ་གུས་པར་བྱ་བ་སོགས་ཀྱི་བསྔགས་པ་བརྗོད་པའི་ཕྱིར་དང༌།
༡༡) ནམ་མཁའ་མཛོད་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམས་ཀྱང་ཚིག་ཙམ་ཡིན་པའི་ཕྱིར་དང༌།
༡༢) སངས་རྒྱས་ཤཱཀྱ་ཐུབ་པ་སྤྲུལ་པ་ཡིན་པར་སྨྲ་བས། དེས་བསྟན་པ་ཐམས་ཅད་ཀྱང༌། ལོག་པ་ཡིན་པ་ཏེ་སངས་རྒྱས་ཀྱི་བཀའ་མིན་པའི་ཕྱིར་དང༌།
༡༣) དེ་རྟག་ཏུ་མཉམ་པར་བཞག་པ་ཡིན། ཞེས་དེས་སྨྲ་བ་དང་འགལ་བའི་ཕྱིར་དང༌།
༡༤) ཐེག་པ་ཆེན་པོའི་མདོ་སྡེ་མང་པོ་ལས། འབྲས་བུ་མེད་པའི་བསྔགས་པ་སྟོན་པའི་ཕྱིར་དང༌།
༡༥) སྡིག་པ་ཤིན་ཏུ་ཆེན་པོ་ཡང༌། རྩ་བ་ནས་འབྱིན་པར་སྟོན་པའི་ཕྱིར་དང༌། ༡༦) ཤིན་ཏུ་རྒྱས་པའི་མདོ་ལས་ཀྱང༌། ཆད་པར་ལྟ་བ་སྟོན་པའི་ཕྱིར་དང༌།
༡༧) ཀྲྀ་ཀྲྀའི་རྨི་ལམ་གྱི་དབྱེ་བ་མ་བསྟན་པའི་ཕྱིར་དང༌།
༡༨) ཐེག་པ་ཆེན་པོའི་ལྟ་བ་ནི་མངོན་སུམ་དང༌། གྲགས་པ་དང་འགལ་བའི་ཕྱིར་དང༌།
༡༩) མི་རྟག་སོགས་བཅུ་དྲུག དེ་ཉིད་མ་ཡིན་དེ་ཉིད་མེད་པར་འགྱུར་བའི་ཕྱིར་ན། ཐེག་པ་ཆེན་པོ་ནི་སྟོན་པའི་བཀའ་མ་ཡིན་ནོ་ཞེས་འཆད་དོ།།
དོགས་གཞི་འདི་རྣམས་ཀྱི་ལན་སྟོན་པ་ལས། དབུ་མ་སྙིང་པོ་ལས། ཐེག་ཆེན་སངས་རྒྱས་གསུང་ཡིན་ཏེ། །བདག་མེད་ལ་སོགས་སྟོན་པ་དང༌། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེ། །སྟོན་ཕྱིར་སློབ་མའི་ཐེག་པ་བཞིན། །ཞེས་སོགས་གསུངས་ཏེ། འདིའི་རང་འགྲེལ་རྟོག་གེ་འབར་བ་ལས་འདི་དག་གི་དོན་ཤིན་ཏུ་རྒྱས་པར་གསུངས་སོ། །དེ་དག་གི་སྙིང་དོན་ཅུང་ཟད་བརྗོད་པར་བྱ་ན།
༡) ཐེག་ཆེན་གྱི་གསུང་རབ་ལས་འབྲས་བུ་དང་བཅས་པ་སྟོན་པའི་མདོ་ཆོས་ཅན། སངས་རྒྱས་ཀྱི་གསུང་ཡིན་ཏེ། བདག་མེད་པ་ལ་སོགས་པའི་ཆོས་ཀྱི་སྡོམ་བཞི་རྒྱས་པར་སྟོན་པའི་ཕྱིར་དང༌། དཀོན་མཆོག་གསུམ་གྱི་ཆེ་བའི་བདག་ཉིད་རྒྱས་པར་སྟོན་པའི་ཕྱིར། དཔེར་ན་ཉན་ཐོས་ཀྱི་སྡེ་སྣོད་བཞིན།
༢) དེ་སྡེ་སྣོད་གསུམ་དུ་མ་བསྡུས་པ་ཡང་མ་གྲུབ་སྟེ། ཐེག་པ་དམན་པའི་སྡེ་སྣོད་གསུམ་དུ་ཡང༌། ཐེག་པ་ཆེན་པོའི་འདུལ་བ་ལ་སོགས་པ་རྒྱས་པར་བསྟན་པས་ན། མདོ་སྡེ་ལ་སོགས་པ་དང༌། ཐེག་པ་ཆེན་པོ་ནི་ཕན་ཚུན་བསྡུས་པའི་ཕྱིར།
༣) ཐེག་ཆེན་གྱི་མདོ་སྡེ་རྣམས་ནི་བཀའ་ཡིན་ཏེ། ཆོས་ཀྱི་ཕྱག་རྒྱ་དང་མི་འགལ་བའི་ཕྱིར་དང༌། འཕགས་པའི་བདེན་པ་བཞི་སྟོན་པའི་མདོ་སྡེ་ལ་ཡང་འཇུག ཉོན་མོངས་པ་འདུལ་བའི་ཐབས་སྟོན་པས་ཡང་དག་པར་འདུལ་ཡང་མཐོང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཡང་མི་འགལ་ཕྱིར།
༤) སྡེ་བ་བཅོ་བརྒྱད་པོ་ནང་ཕན་ཚུན་དུ་རང་རང་གི་མདོ་སྡེ་སོགས་ལ་འགལ་བ་མང་དུ་ཡོད་ལ། རང་གི་དབང་དུ་བྱས་ན། ཐེག་ཆེན་ཉིད་ཀྱང་རང་གི་མདོ་སྡེ་ལ་འཇུག བྱང་ཆུབ་སེམས་དཔའི་འདུལ་བ་བསླབ་པའི་གནས་བདུན་བརྒྱ་ལ་ཡང་སྣང༌། སྟོང་པ་ཉིད་དུ་བསྟན་པའི་ཆོས་ཉིད་དང་ཡང་མི་འགལ་བའི་ཕྱིར།
༥) སྡུད་པ་པོས་མ་བསྡུས་པ་ཡང་མ་གྲུབ་སྟེ། རྩ་བའི་སྡུད་པ་པོ་ཀུན་ཏུ་བཟང་པོ་དང༌། བྱམས་པ་ལ་སོགས་པས་བསྡུས་པ་ཡིན་པའི་ཕྱིར།
༦) སྡེ་བ་བཅོ་བརྒྱད་པོའི་སྡེ་སྣོད་དེ། ཉན་ཐོས་ཀྱི་སྡེ་སྣོད་ལ་འདི་མ་གསུངས་པ་ཡང་མ་གྲུབ་སྟེ། དེའི་ནང་ཚན་དགེ་འདུན་ཕལ་ཆེན་སྡེ་བའི་སྡེ་སྣོད་ཀྱི་གཞི་ཆེན་པོ་ཞེས་བྱ་བ་དང༌། ཤར་གྱི་རི་བོའི་སྡེ་དང༌། ནུབ་ཀྱི་རི་བོའི་སྡེའི་ལུགས་དང༌། བཟང་པོའི་ལམ་པ་པས་འདོན་པའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་དང༌། འཇིགས་མེད་རི་བའི་སྡེ་སྣོད་ཁྲི་ཉིས་སྟོང་པ་སོགས་ལས། ཐེག་པ་ཆེན་པོའི་ས་ལམ་གྱི་རྣམ་གཞག་གསལ་བར་བྱུང་བའི་ཕྱིར། དེས་ན་སྡེ་བ་བཅོ་བརྒྱད་པོའི་ཁོངས་སུ་མ་གཏོགས་པས་བཀའ་མ་ཡིན་པར་མི་འགྲུབ་བོ། །ཞེས་པ་ལྟར། གོང་བཀོད་བཀའ་སྒྲུབ་ཀྱི་རིགས་པ་དེ་དག་ཁས་མི་ལེན་ན་ནི། རྒྱ་ཆུང་ས་ནས་དཔེ་མཚོན་བཞག་ན། ཚ་སྨྱུག་པ་ཁྱེད་རང་ལྟ་བུ་གཅིག་ལ་མཚོན་ན་བོད་མི་ཡིན་པ་སྒྲུབ་དཀའ་བར་མ་ཟད། མི་ཡིན་པའང་སྒྲུབ་དཀའ་སྟེ། ཅིའི་ཕྱིར་སྙམ་ན། མི་ཡིན་པའི་སྒྲུབ་བྱེད་དེ་དག་ཁས་མ་བླངས་ན། མི་ཡིན་པའི་རྒྱུ་མཚན་ལྷག་པོ་གང་ཡང་བསྟོན་རྒྱུ་མེད་པའི་ཕྱིར། ཞེས་པའི་རིགས་པ་མགོ་མཚུངས་དེ་ཡིད་ལ་ངེས་པར་བྱོས་ཤིག།༽
རྒྱ་ཆེའི་ཀློག་པ་པོ་རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
ལེགས་སོ་ལེགས་སོ་ཤིན་ཏུ་ལེགས་སོ།
རྟ་ན་ཉིན་འགྱེལ། ཐལ་འཚུབ་ད་ལོ་ལངས། ཁྱོད་ཀྱིས་གུག་རྟགས་ཀྱི་གསལ་བཤད་ལའོ།།
འཕྲུལ་སྨྱུག་གི་དག་ཆ་ནོར་བ་འདྲ། འཁྲུལ་རྙོག་ཡིན་པ་འདྲ།
དག་ཆ་དག་མ་དེ་འཁྲུལ་མྱག་ཡིན་ས་རེད། ཁོའི་སྐད་ཆ་མྱག་སོང་ངས་གོ་རྒྱུ་ཟིག་རྩ་བ་ནས་མེད་ཀི།
འཕྲུལ་སྨྱུག་གིས་གུག་རྟགས་ལ་གསལ་བཤད་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་མེ་དཀར་གྱིས་གཏམ་དཔེ་བཤད་པ་ལྟར་བྱུང་སོང།
གང་ལྟར་རྗེས་མར་དགག་ཡིག་འབྲི་དུས་་་་དང་པོ་ཁ་ཅིག་་དགག་ཡུལ་གྱི་འདོད་པ་དེ་ཟུར་འདོན་གསལ་པོར་བྱས་་་་་དེ་ནས་འགོག་མཁན་གྱི་རང་ལུགས་དེ་བྲིས་པ་ཡིན་ན་གསལ་པོ་ཆགས་ས་རེད། དེ་མིན་གཞན་ལུགས་ཀྱི་འདོད་པ་ཚིག་རྐང་གཅིག་བྲིས་ཏེ་དེ་ནས་རང་ལུགས་བཞག་པའི་འབྲི་སྟངས་བྱས་ན་མགོ་འཐོམ་ཡོང་གི་འདུག འོན་ཀྱང་ཁྱེད་ཀྱིས་དཀའ་ངལ་བསྐྱོན་པ་དེར་ཡི་རངས་ཡོད། དེང་སང་གི་དགག་པ་བྱེད་སྟངས་ནི་སྔ་མོའི་དགག་ཡིག་འབྲི་སྟངས་དང་མི་འདྲ་བར། ཚན་རིག་གིས་དཔྱད་པ་བྱེད་སྟངས་དང་མཐུན་པ་ལུང་གིས་མི་དགག་པར་་་་་རིགས་པ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་བཀག་ནས་འགོག་ཐུབ་སྲིད། དེ་མིན་བོད་ཀྱི་ནང་པས་ཕྱི་རོལ་པ་བཀག་པ་ལྟ་བུ་རེད། ཁོང་ཚོས་ཕྱི་རོལ་པའི་ལྟ་གྲུབ་གཞུང་ལུགས་མཐོང་མྱོང་མེད་ལ། དེ་ལྟའི་གྲུབ་འཛིན་གྱི་གང་ཟག་ཀྱང་ངོ་ཐུག་བྱུང་མེད། མང་པོ་ཞིག་གིས་སྔར་གྱི་ཁ་རྒྱུན་དང་རང་གི་དགེ་རྒན་གྱིས་ཇི་ལྟར་བཤད་པ་དང་རང་གི་མདུན་ལྕོག་སྟེང་གི་རང་ལུགས་ཀྱི་གཞུང་ནས་ཕྱི་རོལ་པའི་ལྟ་ཚུལ་ལ་དགག་པ་དེ་ཚོར་ཤི་འཐམ་རོ་འཐམ་གྱིས་དགག་པ་བྱེད་པ་ལས། དགག་ཡུལ་གྱི་གནས་སྟངས་ལ་རྒྱུས་ལོན་ནམ་ཡང་བྱས་མེད་པ་གསལ་པོ་རེད།
འཁྲུག་རྙོག་གིས་ངུ་སྐད་དང་མཉམ་དུ་ཚ་མདའ་ལ་དོ་བསྡུར་བྱེད་པའི་ཁུལ་རེད་པས། ཧེ་ཧེ་ཧེ་
ད་གུག་རྟགས་ལ་གུག་རྟགས་བརྒྱབས་ཀྱང་ཁོས་ཅི་བཤད་འདོད་ངས་ནི་ཧ་མི་གོ་གི།
མདོར་དྲིལ་ཁྱོད་ཀྱིས་མདའ་སྨྱུག་འདོད་དམ་མི་འདོད། ལན་ཁུར་ཤོག
བརྒྱད་སྟོང་པའི་ནང་གི་གླེང་གཞིའི་ཤོག་ལྷེ་དང་པོ་དང་གཉིས་པའི་ནང་ལ།
་་་་་་་་་་ བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་ཅིག་གོ ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱསཔ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཟ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །་་་་་་་་་་་་་ འདི་ཚར་གཅིག་བཀླགས་ནས་དགོངས་བཞེས་ཅིག་གནོངས་དང་།
ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་དང་མིན་ལ་མ་ལྟ་བར་རང་དོན་ལས་གཞན་དོན་གཙོ་ཆེར་འཛིན་པའི་གང་ཟག་ལ་སྐྱོན་ཅི་འདུག
གྲོད་ཁོག་ལ་ཟ་རྒྱུའི་ལྟོ་དེ་ཡང་གཞན་ལས་བསྒྲུབ། ལུས་ལ་གྱོན་རྒྱུའི་གོས་དེ་ཡང་གཞན་ལས་མ་གཏོགས་སུ་ཡིས་བྱས། དགའ་བའི་བསྟོད་ཚིག་སྙན་པོ་དེ་ཡང་གཞན་ལས་མ་གཏོགས་ག་ནས་འོང་འདུག སེམས་ཅན་གསོན་པོར་གནས་པ་དེ་ཡང་གཞན་ལས་མ་གཏོགས་ཐབས་ཅི། ན་ཚ་ཞིག་འདྲག་པ་ལ་ཡང་གཞན་ལ་བརྟེན་དགོས། སྣོད་བཅུད་ཀྱི་བདེ་བ་མ་ལུས་རང་ལས་གཞན་གཅེས་པར་འཛིན་པའི་བསམ་བློ་དེ་ཡིས་བསྐྱང་ཐུབ་པ་དེ་ཡོན་ཏན་ཐམས་ཅད་ཀྱི་མཆོག་ཡིན། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །དེ་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ། །ཉམས་ལེན་སྙིང་པོར་བྱེད་པར་བྱིན་གྱིས་རློབས། ཞེས་དང་། སེམས་ཅན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེའི་འདོད་ལས་འབྱུང་། །སེམས་ཅན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེའི་འདོད་ལས་འབྱུང་། །ཞེས་པ་ལ་ཞིབ་དཔྱོད་ཅིག་གནང་དང་། ཐེག་ཆེན་གྱི་ནུས་པ་དེ་གསལ་ལེར་གོ
ཆོས་ལུགས་ཞེས་པའི་ཡི་གེ་དེ་ལ་འབྲི་ནོར་གང་ཡང་ཐེབ་མེད། ཆོས་ལུགས་ཞེས་པ་དེ་སོ་སོའི་སེམས་དེ་བཟང་ཕྱོགས་སུ་བཅོ་ཐབས་ཤིག་ལ་གོ་དགོས། གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ལ་བརྟེན་ནས་སེམས་ཅན་འདུལ་བའི་ཐབས་ཀྱང་སྣ་ཚོགས་པས་ཆོས་ལུགས་ཞེས་མིང་ཐོགས། རང་གི་ངོ་བོ་གང་འཛིན་པའི་ལུགས་ཤིག་ལ་ཆོས་ལུགས་ཞེས་ཟེར།