རས་པ།
ཉི་མ ཁྱོད་ཀྱིས་གསེར་མདོག་གི་ལྭ་བ་བརྗེས་རྗེས
དམར་རྗེན་རྗེན་གྱིས་ང་ཚོའི་མགོ་ཐོག་ཏུ་སླེབས
ཨ་མས་བཤད་ན ཉི་མ་དམར་པོ་ནི
ཆག་འཇིག་གི་མཚོན་དོན་ཡིན་ཟེར
ཉི་མ ང་ཚོས་ཨ་མ་ཉི་མར་བོས་མྱོང་བའི་ཉི་མ
འོད་ཟེར་གྱི་སྤྲས་པའི་དྲ་བ་རུ་སྦྲང་ནག་ལྟ་བུའི
ཨེ་ཤ་ཡའི་མི་རྣམས
ཅིའི་ཕྱིར་སྡུག་སྐད་དང་མ་འབྲལ་བར་ཡོད་དམ
ཁྱོད་ཀྱིས་ཤར་ནུབ་ཀྱི་དབྱེ་མཚམས་ལ་ལག་པ་ཕྱིས་ནས
ནུས་ཤུགས་ཡོད་ཚད་རང་གི་མཐུན་ཕྱོགས་ལ་སྒྲོན
འཇིག་རྟེན་ནས་ཁྱོད་ནི་རླབས་ཆེན་གྱི་མཚོན་དོན་དུ་བསྙད་ཅིང
ཁྱོད་ཉིད་དཔེ་ཟླར་དྲངས་པའི་གཞས་དབྱངས་ཀྱིས་ང་ཚོ་སུན་པོ་བཟོས
“ཤར་ཕྱོགས་ཀྱི་ཉི་མ་དམར་པོ།། ང་ཚོའི་གཙོ་འཛིན་མའོ་ཙེ་ཏུང་།།
ཏིན་ཞའོ་ཕིན། ཅང་ཙི་མིན། ཧུའུ་ཅིན་ཐའོ། ཞིས་ཅིན་ཕིན།”
ཉམ་ང་བའི་དུས་སུ
ཅིའི་ཕྱིར་རྒྱུན་པར་ཐོས་དགོས་པ་འདི་ཡིན་ནམ
ངའི་བརྩེ་ཞེན་གྱི་ཉི་མ གསེར་མདོག་གི་ཉི་མ
བཀྲ་ཤིས་པའི་བྱིན་རླབས
འདི་དག་ཁྲི་མུན་གང་དུ་ཡོད་དམ
༢༠༡༣།༤།༢༢ ཉིན།