བསམ་གླིང་ཚེ་རིང་ལྷ་མོ།
དཀར་གསལ་ཟླ་བའི་འོད་སྣང་།།
བར་སྣང་དབྱིངས་ནས་འཛུམ་བྱུང་།།
དྲན་སེམས་བསིལ་རླུང་གྲང་མོ།།
མགྲིན་པའི་ཀློང་ནས་བརྡོལ་བྱུང་།།
ཀྱང་ཀྱོག་མི་ཚེའི་ལམ་བུ།།
དལ་འགྲོའི་གཞུང་ལས་རིང་བ།།
མི་ཚེར་སྙིང་པོ་ཡོད་མེད།།
བལྟས་པས་མཐོང་རྒྱུ་མི་འདུག །
དམ་ཆོས་ཚེ་རབས་བདེ་བ།།
སྙིང་ནས་ཞུ་རྒྱུ་མ་བྱུང་།།
གཏན་བདེ་ཐར་པའི་གོ་འཕང་།།
གནམ་ནས་ལྷུང་པ་ཤོག་ཅིག །
སེམས་ནས་ཐར་པ་བསམ་ཀྱང་།།
ལས་དེ་དམ་ཆོས་མ་བྱས།།
ཉིན་མཚན་རི་ལ་སྐྱེལ་ཡང་།།
གོམས་སྒྲུབ་སེམས་ཀྱིས་མ་བྱས།།
དགུང་གི་སྒོར་ཕྱེད་ཟླ་བ།།
མཇལ་བས་ལུས་སེམས་བདེ་ཡང་།།
དབེན་འཇགས་སེམས་ཀྱི་ཞི་བདེ།།
དམ་པའི་ཆོས་ཀྱིས་ཐོབ་ཡོང་།།
མ་གཞི་ཨ་སྔོན་ནམ་མཁའ།།
མཐའ་དང་མུ་ཞིག་མེད་ཀྱང་།།
མཚན་མོའི་དུང་ཟླ་སྐར་ཚོགས།།
གནམ་ནས་སྐྱེས་པ་འདྲ་བྱུང་།།
ལ་ལས་བོད་ཀྱི་རྩ་དོན།།
རྒྱལ་སྤྱིའི་སྤྱན་ངར་བཤམས་སོ།།
ལ་ལས་དམ་ཆོས་བསྒྲུབས་ནས།།
དལ་འབྱོར་སྙིང་པོ་ལེན་གྱིས།།
ང་ཡི་རྣམ་ཤེས་ཕྲ་མོས།།
བསམ་རྒྱུ་གཉིས་ཀ་བསམས་ཀྱང་།།
ལུས་དེ་འདོམ་གང་གྲུ་བཞིས།།
སེམས་པ་བཙོན་ལ་བཅུག་འདུག །
མཚན་ལྗོངས་དུང་ཟླའི་འོད་སྣང་།།
བལྟས་པས་ངོམས་རྒྱུ་མི་འདུག །
རང་སེམས་གྱི་ལིང་རྟ་བཞིན།།
བྱང་ཐང་བདེ་མོར་རྒྱུགས་སོ།།
ཟླ་འོད་མིག་ལ་ཕན་བྱུང་།།
བསིལ་རླུང་ལུས་ལ་ཕན་བྱུང་།།
སེམས་དེ་དགེ་ལ་ཕྱོགས་ན།།
ཚེ་རབས་ཀུན་ལ་ཕན་ཡོང་།།
དབེན་འཇགས་མཚན་མོའི་དུས་དེ།།
ལྷ་འདྲེའི་སྐལ་བར་ཤར་ཡང་།།
དུང་ཟླའི་འོད་སྣང་སྣུམ་པོ།།
འགྲོ་བ་ཡོངས་ལ་སྨན་བྱུང་།།
བསིལ་རླུང་དལ་བུས་བསྐུལ་བའི།།
ལོ་ལྗང་དལ་པོར་གཡོ་བྱུང་།།
ངག་དབང་དབྱངས་ཅན་ལྷ་མོའི།།
གཡབ་མོ་མིན་ནམ་སྙམ་བྱུང་།།
བསམ་ལྟ་སྐྱིད་པོ་བསམ་གྱིས།།
ཐར་པའི་གོ་འཕང་བསམ་གྱིས།།
ཤེས་རབ་སྒྲོན་མེའི་འོད་སྣང་།།
ལྷ་མོས་གནང་ན་བསམ་གྱིས།།
དྲན་སེམས་གྱ་མ་གྱུ་དེ།།
ཟླ་འོད་འོག་ནས་འཁོར་བྱུང་།།
བསམ་པ་རི་མོའི་ལམ་དུ།།
སོར་མོའི་རྩེ་ནས་བཞེངས་ཡོད།།
བསམ་གླིང་ལྷ་མོའི་སྙན་རྩོམ།
འཇེབས་ཤིང་ཡིད་དུ་འོང་ལ།
བོད་ཀྱི་སྙན་རྩོམ་མཆོག་གྱུར།
ཚེ་རིང་དབང་རྒྱལ་ལྟར་མཛོད།།
སློབ་དཔོན་མཆོག་ལ་ཕེབས་བསུ་ཞུ་བ་དང་ཆབས་གཅིག།
གུས་མོར་ཐུགས་རེ་ཆེན་པོ་གནང་བར་ཐུགས་རྗེ་ཆེ། ཞབས་དྲུང་ཚེ་རིང་དབང་རྒྱལ་མཆོག་ལ་ཆུང་དུས་ནས་དད་གུས་ཆེན་པོ་ཡོད་ལགས།
དཔྱིད་ཀྱི་ཕོ་ཉའི་སྙན་དབྱངས་ལྷན་དུ་ཉིད་ཀྱི་སྙན་རྩོམ་ཡིད་འཇེབས་དེས།།
གཡེང་བའི་ན་བུན་ཕ་མཐར་འདེད་ནས་བག་ཡོད་གཏན་བདེའི་ལམ་བཟང་ལ།།
འཇུག་པའི་སྒོ་འཕར་ཡངས་པོར་ཕྱེ་བའི་སྙན་ངག་ལྷ་ཡི་སྲས་པོ་འདིས།།
དྲན་བསྐུལ་གཅོང་ཆེན་བརྩེ་བས་བརྡུང་བར་དགའ་བས་རྗེས་སུ་ཡིད་རང་ཞུ།།
སྐུ་ཉིད་ལ་ཕེབས་བསུ་ཞུ།