གཅན་འོད་འབར།
གཉིད་མི་ཡོང་བའི་ཐོ་རེངས་རེ་རེར།
ཁེར་རྐྱང་དུ་སྒེའུ་ཁུང་ཕྱི་རོལ་དུ་ལངས་ནས།
ཅི་ཡིན་འདི་ཡིན་མེད་པར་ཤོར་ཡོང་བའི་དངན་པ་རིང་མོ་རེ།
ལྷིང་འཇགས་ཀྱིས་གཟིམས་པའི་རི་གྲོང་འདིའི་མཁའ་དབྱིངས་ལ་བསྐུར།
རྒྱང་རིང་ན་འཚེར་བའི་སྐར་མའི་འོད་སྣང་ལ་འཁྱུད་པའི་མིག་ཟུང།
ཐག་ཉེ་ན་འཐིབ་པའི་མུན་པའི་གྲིབ་གཟུགས་ལ་མ་གོམས་པའི་སེམས་པ།
ཕྱེ་མ་བཙུམ་གྱི་མིག་ཟུང།
དགའ་མ་སྡུག་གི་སེམས་པ།
སྐྱ་རེངས་འདིའི་ལོག་ཕེབས་ཀྱི་ཡོལ་བར་འཐམས་ནས།
སུ་ཞིག་གི་ངོ་གདོང་གི་འཛུམ་མདངས་ལ་རེ་བ་ལྟར།
གང་ཞིག་གི་རྐང་པའི་རྡོག་སྒྲ་ལ་སྒུག་པ་བཞིན།
ཁུ་སིམ་གྱིས་རྒྱང་ལ་ལྟ་ཞིང་རྒྱང་ལ་ཉན་པ་ནི།
ལོ་ཟླ་གང་མང་ཞིག་ལ་བྲིས་པའི་གཏམ་རྒྱུད་ཡིན་ལ།
ཉིན་མཚན་གྲངས་མེད་ཅིག་ལ་བརྩམས་པའི་སྙན་ངག་ཀྱང་ཡིན།
གང་ལྟར་སྐར་ཚོགས་མཐོང་ན་ཁྱེད་རང་ཁོ་ན་དྲན་ཞིང།
མུན་པ་རིག་ན་ཁྱེད་རང་གཅིག་པུ་བསམ་པ་འདི་ལ་ཡང་།
བརྗོད་ཐབས་བྲལ་བའི་རྒྱུ་མཚན་ཞིག་ལོས་ཡོད་ཨང།
༢༠༡༢།༡༢།༣༡