དོལ་སྨྱོན།
དེ་རིང་།
ལྕགས་པོ་རིའི་ལོ་རྒྱུས་ལ་མི་བུ་སུ་ཞིག་གིས་གཡུ་བྱུར་གྱི་ཕྲ་རྒྱན་བཏབ་སོང་།
དེ་རིང་།
ལྟ་ན་སྡུག་ཚོགས་ཁང་ནང་མི་བུ་སུ་ཞིག་གིས་གསོ་རིག་རྒྱུད་གསུམ་གྱི་ཁ་གཡང་བསྒྲགས་སོང་།
བཞད་མ་ཐག་པའི་མེ་ཏོག་གི་འདབ་མ་རེ་རེ་དང་།
འབུས་མ་ཐག་པའི་འདབ་ལྡན་གྱི་ཟེའུ་འབྲུ་རེ་རེ།
དེ་དག་ནི། གནས་སྐབས་གནས་སྐབས་ཀྱི་མཛེས་སྡུག་མཚོན་པ་ཙམ་སྟེ།
དོན་གྱི་ཡང་སྙིང་འབུམ་གྱིས་གཏམས་པའི་བྱ་བཞག་འདི་ནི།
བསྐལ་བ་སྟོང་གི་དྲན་ཤིང་དུ་བརྟན་ལྷིང་གིས་འགྱིངས་ནས་ཡོད་ཨང་།
གསལ་དག་གིས་སྐྱོར་གྱིན་པའི་ལེའུ་ནས་ལེའུ་འཐུད་པའི་རྩ་ཚིག་རེ་རེ།
ཁྱོད་ཀྱི་ལང་ཚོའི་མཛེས་སྡུག་རེ་རེ་ལ་མཚོན་ཐབས་བྲལ་མོད།
མི་རུ་སྐྱེས་པའི་ལག་རྗེས་དང་མཐོ་སློབ་འགྲིམས་པའི་ཁ་གཡང་ཞིག
ཁྱོད་ཀྱིས་དེ་རིང་། ཆེས་དཔའ་ངར་གྱིས་བསྒྲགས་ཟིན་པས།
ངས། ནམ་ཡང་བསྟོད་པའི་མཐེ་བོང་ཁྱོད་ལ་བསྒྲེངས་ཤིང་།
སེམས་ཀྱི་སྨོན་པ་ཁྱོད་ལ་བསྲིངས་ཡོད།
གསལ་ལ་མི་གསལ་བའི་ལྕགས་པོ་རིའི་རྐང་ལམ་རིང་མོའི་ནང་ནས།
སྟག་སེང་མཇིང་བསྣོལ་ལྟ་བུའི་སྐབས་ལྔ་པའི་སྨན་སློབ་འདི་དག
རེ་ཞགས་དང་དཔའ་ངར་གྱིས་འདི་ལྟར་འགྲེངས་ཡོང་དུས།
དུས་རབས་ཤིག་གི་ཁུག་སོ་ནས་ངལ་ཞིང་དུབ་པའི་ལྕགས་པོ་རིའི་རྡོག་ཁྲེས་ལྕི་མོ།
རེ་ཞིག་ལྷོད་ཀྱིས་བཞག་ནས་བདེ་བར་གཉིད་ནའང་ཆོག་ཨང་།
ད་ནི། ལྕགས་པོ་རིའི་ཡོད་ཚད་ནས་ཡོད་ཚད་ལ།
ཁྲོ་ཆུ་ཞུན་མ་ལས་བྱུང་བའི་ངར་ཆུ་བླུད་ནས།
འཐུས་ཤོར་དང་རྗེས་ལུས་ཀྱི་མུན་པ་མཐའ་དག་གསལ་ན་འདོད་བྱུང་།
ཡར་རྒྱས་དང་སྔོན་ཐོན་གྱི་རྒྱལ་མཚན་ཞིག་བསྒྲེང་ན་འདོད་བྱུང་།
རྒྱལ་གྱུར་ཅིག་ལྕགས་པོ་རི།
མི་དབང་སཱ་རའི་ཕྱག་མཛུབ་ཀྱིས་བཞེངས་པའི་ཨོྃ་ཡིག་དཀར་པོ།
དོལ་སྨྱོན་ལེགས།
སྤྱི་ལོ་༡༩༨༧་བདག་ལ་ལྕགས་པོ་རི་མཇལ་བའི་སྐལ་བ་བཟང་པོ་བྱུང་། སྔར་ལྕགས་པོ་རིའི་སྒང་དུ། བོད་ཀྱི་སྨན་གཞུང་གཙུག་ལག་ཁང་ཡོད་པ་བཞིན་དུ། སླར་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་། རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས་མ་འོངས་པ་ན་ལྕགས་པོ་རིའི་སྟེང་དུ་བོད་ཀྱི་སྨན་གཞུང་གཙུག་ལག་ཁང་འཛུགས་པའི་དུས་འབྱུང་བར་སྨོན། ལྕགས་པོ་རིའི་གཞོལ་ནུབ་ཕྱོགས་ཀྱི་བྲག་ཕུག་ཅིག་ན། ལྡེབས་རིས་ཀྱི་རྗེ་བཙུན་སྒྲོལ་མ་གསུང་བྱོན་མ་ཞིག་བཞུགས་པ་མཇལ།
དྲི་བ།
“མི་དབང་སཱ་རའི་ཕྱག་མཛུབ་ཀྱིས་བཞེངས་པའི་ཨོྃ་ཡིག་དཀར་པོ།” ཞེས་པའི་མི་དབང་སཱ་ར། སུ་ཡིན་ནམ། དེ་ཡིས་བཞེངས་པའི་ཨོྃ་ཡིག་དཀར་པོ་དེ་ད་ལྟ་གང་དུ་བཞུགས་སམ།
བསྐལ་བ་
མི་དབང་སཱ་ར་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཚན་རེད།
ད་ནི། ལྕགས་པོ་རིའི་ཡོད་ཚད་ནས་ཡོད་ཚད་ལ།
ཁྲོ་ཆུ་ཞུན་མ་ལས་བྱུང་བའི་ངར་ཆུ་བླུད་ནས།
འཐུས་ཤོར་དང་རྗེས་ལུས་ཀྱི་མུན་པ་མཐའ་དག་གསལ་ན་འདོད་བྱུང་།
ཡར་རྒྱས་དང་སྔོན་ཐོན་གྱི་རྒྱལ་མཚན་ཞིག་བསྒྲེང་ན་འདོད་བྱུང་།
རྒྱལ་གྱུར་ཅིག་ལྕགས་པོ་རི།
མི་དབང་སཱ་རའི་ཕྱག་མཛུབ་ཀྱིས་བཞེངས་པའི་ཨོྃ་ཡིག་དཀར་པོ།
དུམ་བུ་འདི་བཀླགས་དུས་རྒྱ་ནག་གོ་དམར་དམག་རྒྱང་བསྐྱོད་སྐབས་ཀྱི་མོ་ཚེ་ཐུང་གི་སྙན་ཚིག་ཡིད་ལ་དྲན་གི
རྒན་ལ་དྭགས་པ་བྱོན་པ་ལེགས།
མི་དབང་སྭ་ར་ནི་གོང་དུ་དྲ་གྲོགས་ཤིག་གིས་གསུངས་པ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན་པ་དང་། ཕྱག་མཛུབ་ཀྱིས་བཞེངས་པའི་ཨོྃ་ཡིག་དཀར་པོ་ནི། ལྕགས་པོ་རིའི་སྨན་པའི་གྲ་ཚང་ལ་གོ་བ་ཡིན། དེ་ནི་གོང་ས་ལྔ་པའི་དགོངས་བཞེད་བཞིན་སྡེ་སྲིད་ནས་གསར་དུ་ཕྱབ་བཏབ་པས་སོ།།
དམར་པོའི་དུག་རྩུབ་ཀྱིས་ལཅགས་པོ་རི་སྨན་པའི་གྲ་ཚང་བཤུལ་མེད་བཟོས་ནའང་། འཁྲོ་སྤྲུལ་བསམ་འཕེལ་ནོར་བུའི་བཀའ་དྲིན་གྱིས་རྡོ་རྗེ་གླིང་ན་ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་གསར་དུ་ཕྱག་བཏབ་ཅིང་། འདི་ནས་ཐོན་པའི་འཚོ་བྱེད་མང་པོ་ཞིག་གསོ་རིག་པའི་བསྟན་པ་ལ་ཞབས་ཞུ་ཐུར་ཐག་བྱེད་བཞིན་ཡོད།
རྒྱལ་གྱུར་ཅིག་ལྕགས་པོ་རི།
མི་དབང་སཱ་རའི་ཕྱག་མཛུབ་ཀྱིས་བཞེངས་པའི་ཨོྃ་ཡིག་དཀར་པོ།
གསོན་ཤུགས་ཅན་གྱི་སྙན་ངག་ཅིག་ཏུ་མཐོང་སོང་།
ཨ་ཇོ་དོལ་པོ། ཁྱོད་ཀྱིས་མི་བུ་དང་མི་བུ་ཟེར་འདུག ཡང་སྙིང་མི་བུ་ཟེར་ན་མི་ལ་ཟེར་གི་ཡོད་དམ། ཡང་ན་བུ་འམ་བུ་མོ།
ངས་བལྟས་ན་སྡིག་པ་མིག་བཙུམ་གྱིས་གཞན་གྱི་ལད་ཟློས་བྱེད་ཐལ་འདུག་དྲན། ན་རི་སོང་ནུ་ལོ། ཁེ་ལེ་ཀོ
མེ་དཀར་ལགས།
མི་བུ་ཞེས་པའི་ཚིག་དེ་ངས་ཞོགས་དུང་གི་དེབ་ལས་མང་དུ་མཐོང་། ཁོང་གིས་མི་བུ་ཞེས་པའི་ཚིག་དེ་ག་འདྲ་ཞིག་དགོངས་པ་ཡིན་ངས་མི་ཤེས་མོད། ངས་ནི་བུ་འམ་བུ་མོ་སུ་ཡང་རུང་སྟེ་མི་རིགས་དང་རིག་གཞུང་ལ་བྱས་རྗེས་འཇོག་མཁན་ཁོ་ན་ལ་བེད་སྤྱོད་པ་ལས་གཞན་ལ་མི་བུ་ཞེས་པའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་མེད་ལགས།
དེ་རང་ངས་ཟེར་གི་ཡོད། རྗེས་རྒྱུགས་བྱེད་རྒྱུ་ཐལ་དྲག་འདུག དེ་འདྲ་རང་མ་བྱེད་ཨེ་གོ
ང་ལ་མཚོན་ན་མི་བུ་ཞེས་པའི་ཚིག་དེར་དུང་ཞེན་ཆེན་པོ་ཡོད། ཚིག་དེ་རླབས་ཆེན་ཞིག་ཏུ་མཐོང་གི། བེད་སྤྱོད་བྱེད་ས་རེ་རག་ན་དགའ་ནས་ཡོད། རྗེས་རྒྱུགས་ཡིན་རུང་འགྱོད་པ་མེད།
མི་བུ་ཞེས་པར་ཆི་རྩོད་རྒྱུ་འདུག་་་་་མི་བུ་་་་་་སྐྱེས་བུ་་་་་ཞེས་པ་དང་དོན་མཚུངས།
བན་དེའི་གསུང་ལ་མངོན་པར་བསྟོད།
རེད། ཁྱོད་རང་གི་ཁ་ལག་རྐང་གསུམ་ཁྱོད་ལ་རང་དབང་བས་ན་ཇི་དགར་མཛོད།
ཡང་ཐུགས་ཁྲོས་པ་འདྲ། ཁྱོད་རང་གི་ལུས་ངག་ཡིད་གསུམ་ཁྱོད་རང་ལ་དབང་བས་དེ་ལུགས་མཛོད།
ཧ་ཧ་ཧ་ཧ ཡག་པོ་ལབ་བྱུང་། འགྲིག་ག
ཧཧཧ་ཡང་དབྱར་གནམ་དེ་འགྱུར་ཤག
ཁྱོད་རེ་བདེན།
སྔ་དྲོའི་དུས་ནས་ད་ལྟ་ཐུག་གི་བར།།
དགའ་སྡུག་ཅི་བྱུང་རང་གིས་ཤེས་ནུས་པས།།
ད་ལྟ་ད་ལྟའི་འཆར་སྒོ་འདི་ཉིད་ལ།།
ངས་ནི་ནམ་ཡང་ཡིད་ཆེས་བྱེད་དཀར་འགྱུར།།