རྔ་བ་རྒྱལ་ཁམས་པ།
ལོ་འདི་ཚོའི་རིང་བྱུང་བའི་རླུང་ཐན་དག་གིས། ངའི་མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་གི་སྡོང་བུ་ཕལ་ཆེ་བ་གཏོར་བཅོམ་འཕྲོ་བརླག་ཏུ་བཏང་། ད་ལྟ་སྡོང་བུ་ཁ་ཆག་རྣ་རལ་ཞིག་ལྷག་ཡོད་པ་དེའང་། ཡལ་འདབ་ལྷུང་ཞིང་སྡོང་མགོ་ལེབ་ལེབ་ཏུ་གྱུར་ཏེ། སྔོན་མའི་མཛེས་ཉམས་ཕལ་ཆེར་ཤོར་ཚར། ངའི་ཁྱིམ་མཚེ་ཚང་གི་སྒོ་འགྲམ་གྱི་མེ་ཏོག་སྡོང་བུ་གཅིག་ཀྱང་བཅག་སོང་མོད། ཁྱིམ་བདག་གིས་ལམ་སང་དེའི་ཚབ་ཏུ་སྡོང་བུ་གཞན་ཞིག་བཙུགས་ཚུལ་ལ་དཔགས་ན། ཁོས་ཀྱང་དེ་རང་ཉིད་ཀྱི་ལས་དབང་ལ་སྔོན་བརྡ་གཏོང་བའི་རྟགས་མཚན་ཞིག་ཏུ་འདོད་བཞིན་ཡོད་པ་འདྲ། ཕྲག་པ་དམར་བོ་ཅན་གྱི་བྱེའུ་ནག་པོ་དེ་དངོས་གནས་ལྷའི་འཕྲིན་གཏོང་གི་ཕོ་ཉ་ཞིག་ཡིན་ནམ། ཤི་ཟིན་པའི་གཉེན་ཚན་དག་ནི་རྨི་ལམ་གྱི་ནང་བསྟུན་མར་སླེབས་སོང་། ངལ་ཞིང་དུབ་པའི་བུའི་ལུས་པོ་མི་ནས་བྱི་ལར་གྱུར་ཏེ་ངའི་བྲང་ལ་ལྡེར་མོ་བསྡབ་པ་རྨིས། གོས་ཆེན་རྒྱ་གསེར་གྱིས་བརྒྱན་པའི་ཁྲི་འཕངས་མཐོ་ནའང་། ཐོག་ན་བླ་མ་མི་བཞུགས་་ལ། མཐའ་ན་གྲྭ་བའང་མི་འདུག མེ་ཏོག་གི་ཆར་ཆེན་པོ་ཕབ་སྟེ་གནས་ས་བསྒྲིབས་པ་ལྟ་བུ་བྱས་ཀྱང་། གཉིད་སད་ཚེ་གཞི་ནས་རྨི་ལམ་ཡིན་པ་ཧ་གོ ངེད་བཟའ་ཚོ་གཉིས་ཀར༼རྩ་གནད༽ཕུར་གནོན་གྱི་ནད་བཅོས་ལག་ལེན་ཞིག་ལ་རང་བཞིན་གྱིས་སློབ་སྦྱོང་བྱས་པའི་གོ་སྐབས་བྱུང་བ་དང་། ཆུང་མས་གློ་བུར་མོ་རང་གི་རླངས་འཁོར་རྙིང་བ་དེ་བཙོང་ནས་གསར་བ་ཞིག་ཉོས་པ། བོད་རིགས་སྤུན་ཟླ་སྨྱིག་མིང་ལ་སྐྲན་ཞེས་པ་ཞིག་གི་རྩོམ་ཡིག་ཀློག་སྐབས། སེམས་ལ་དམིགས་བསལ་གྱི་ཚོར་བ་རྐྱེན་པོ་ཞིག་བྱུང་སོང་བ་སོགས། རྨི་ལམ་དང་དངོས་དོན་གྱི་སྣང་ཚུལ་བན་བུན་འདི་ཚོར་ཞིབ་འདང་རེ་བརྒྱབས་ན་། བསམ་ཡུལ་ལས་འདས་པའི་ད་ལྟའི་བདག་གི་ལས་བཀོད་ཀྱི་སྐྱ་རིས་ཆ་ཚང་ཞིག དེ་སྔ་ནས་མ་འོངས་སྔོན་བརྗོད་ཀྱི་ཚུལ་དུ་བཏབ་ཡོད་པ་འདྲ། སངས་རྒྱས་ཆོས་ལུགས་ཀྱི་ཉམས་ལེན་པ་དག་གིས། ༼འདོད་པ་བཙལ་ཀྱང་མི་རྙེད། མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ༽ཅེས་པའི་སྡོམ་ཚིག་དེ་ནི་ངའི་ད་ལྟའི་གནས་སྟངས་འདི་ལྟ་བུར་ཆེད་དུ་གཟས་ནས་གསུངས་པ་ཞིག་རེད།
དེའང་སྔ་ལོ་སྤྱི་ཟླ་བདུན་པའི་ཟླ་སྨད་ནས་བརྒྱད་པའི་ཟླ་སྟོད་བར་བདུན་ཕྲག་གཉིས་ལྷག་གི་རིང་། ངེད་བཟའ་ཚོ་གསུམ་དང་ཆུང་མའི་མ་རྒན་བཅས་ངེད་ཅག་མི་བཞི་ཡུ་རོབ་ཀྱི་རྒྱལ་ཁབ་བདུན་གྱི་ནང་ཡུལ་སྐོར་སྤྲོ་འཆམ་ཞིག་ལ་འགྲོ་རྒྱུའི་འཆར་གཞི་བསྒྲིགས། གནམ་གྲུ་དང་། མཚོ་འགྲུལ། མགྲོན་ཁང་། སྣེ་ཤན་པའི་གླ་ཆ་སོགས་འགྲུལ་བཞུད་ཚོང་དོན་ཁང་ཞིག་བརྒྱུད་ནས་སྔ་ལོའི་ལོ་སྟོད་ཅིག་ནས་སྔ་གཏོང་བྱས་ཟིན། དེ་ནི་ང་ཨ་རིར་སླེབས་ནས་ཡུ་རོབ་ཏུ་བསྐྱོད་རྒྱུའི་སྔོན་གྲ་བསྒྲིགས་པ་ཐོག་མ་ཡིན་ལ། ཨ་རིའི་མི་སེར་དུ་གྱུར་ནས་རྒྱལ་ཁབ་འདི་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་བེད་སྤྱོད་བྱེད་པ་ཐོག་མ་དེའང་ཡིན། དཔལ་ལྡན་ཟླ་བ་གྲགས་པས། ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང་།། བཀྲ་ཤིས་རྣ་ནག་མ་དང་ལྷན་ཅིག་ཏུ།། ཞེས་གསུངས་པའི་ནང་དོན་དང་ཕྱོགས་མཚུངས། འགྲུལ་བཞུད་དེབ་སྐྱེལ་ཟིན་ནས་རིང་བོར་མ་ལོན་པར། གློ་བུར་ངའི་བུ་ཆུང་ལོ་བཅུ། ལོ་སྙིང་རྟ། མིང་བཀྲ་ཤིས་ཞེས་འབོད་པར། མཚན་དུས་གཉིད་ཡག་པོ་མི་ཁུག་ཅིང་། མལ་ནང་དུ་ཕར་འགྲེ་ཚུར་འགྲེ་བསྟུན་མར་བྱེད། ངས་ཞོགས་ཀ་སྔ་བོར་མདང་དགོང་ཁྱོད་ལ་གཉིད་ཡག་པོ་བྱུང་སོང་ངམ་ཞེས་འདྲི་སྐབས། ང་ལ་གཉིད་ཡག་པོ་བྱུང་སོ་ཞེས་སྨྲས། ནམ་རྒྱུན་སློབ་གྲྭ་ནས་ཕྱིར་ནང་དུ་སླེབས་སྐབས། ཁྱིམ་མཚེ་ཕྲུ་གུ་དག་དང་མཉམ་པོར་ཕྱི་ནས་རྩེད་མོ་སྣ་ཚོགས་བྱེད་པའི་གོམས་སྲོལ་ཞིག་ཡོད་མོད། ད་ལམ་ངས་སློབ་གྲྭ་ནས་ནང་དུ་བསུ་སྐབས། པྰ་ལགས། ང་རང་ཐང་ཆད་ཀྱི་འདུག ང་རང་ཅིག་གཉིད་ན་འགྲིགས་སམ་ཞེས་བསྟུན་མར་ཉིན་ཤས་རིང་དྲིས་སོང་། ངས་དེ་ལོས་འགྲིགས་ཞེས་ལན་བཏབ། ངའི་སེམས་ལ་སློབ་གྲྭའི་ནང་རྩེད་མོ་རྒྱུན་རིང་བྱས་པས་ཐང་ཆད་པ་ཞིག་ཡིན་ཤག་བྱས།
ཕྱི་ཉིན་ཞོགས་པ་ཡར་ལངས་ནས་འགྲོ་སྐབས་ཐང་འགྲོས་འདྲ་ཞིག་བྱས་ནས་འགྲོ་གིན་འདུག ངས་ཁྱོད་དྲང་མོ་བྱས་ནས་གོམ་པ་རྒྱོབས་ཞེས་ལབ་པས། ཁོས་ངའི་སྐེད་པ་ན་གི་འདུག ངས་འཐབ་རྩལ་སྦྱོང་སྐབས་སྐེད་པར་སྐྱོན་ཞིག་བྱུང་ཡོད་པ་འདྲ་ཟེར། དེ་ནས་ངེད་བཟའ་ཚོ་གཉིས་ཀས་རེས་མོས་ཀྱིས་ཉེ་ཆར་ཐེ་ཝན་ནས་ཕེབས་པའི་ལུས་བཅོས་སྨན་པ་རུས་མིང་ཀྲང་ཅན་ཞིག་གི་ལག་ཐབས་ལ་བརྟེན་ནས་ན་ཚ་བཅོས་ཐབས་ཀྱི་སློབ་ཁྲིད་ལ་བཅར་སྐབས། ཤེས་རྟོགས་བྱུང་བའི་ལག་རྩལ་དེ་ཉིད་བེད་སྤྱད་ནས་བུའི་ལུས་ཀྱི་གནད་ཐིག་ཐོག་འཕུར་གནོན་བྱས་པས། སྐབས་རེར་ནད་སེང་དྲག་ལྟ་བུར་འགྲོ་མོད། ཕྱིར་ཡང་བསྐྱར་ན་ལོག་བྱེད། སྐབས་དེར་ཏག་ཏག་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་དང་དུས་གཏུགས་ཀྱང་། ན་ཞོར་དྲག་ཞོར་དུ་ཉིན་ལྔའི་རྒྱུགས་སྤྲོད་ལ་འགྲོ་ཐུབ་པ་བྱུང་། སྒེར་གྱི་བྱིས་པའི་སྨན་པར་ཐེངས་ཤས་བསྟེན་གཏུགས་བྱས་ཀྱང་། རྒྱུན་ལྡན་ལས་ན་ཚ་ཅིའང་མི་འདུག་ཟེར། སློབ་གྲྭའི་སྨན་ཞབས་སྡེ་ཚན་གྱིས་ཐེངས་ཤས་ལ་ཛ་དྲག་ཁ་པར་བཏང་སྟེ། ཉིད་ཀྱི་བུའི་ལུས་ཁམས་བདེ་བོ་མི་འདུག་ཅེས་ཉེན་བརྡ་བཏང་དོན་ལྟར། བུ་ཆུང་ཉིན་ཁ་ཤས་ལ་སློབ་གྲྭ་ནས་ཕྱིར་རང་ཁྱིམ་དུ་སྔ་ལེན་བྱ་དགོས་བྱུང་། སྔ་ལེན་བྱེད་ཐེངས་རེར་སྨན་ཁང་ཆེ་ཆུང་དང་། ཆེད་ལས་སྨན་པ་འདྲ་མིན་ལ་བསྟེན་གཏུགས་བྱས་རུང་། གཟུགས་པོ་རྒྱུན་ལྡན་ལས་ནད་ཅིའང་མི་འདུག་ཅེས། གོང་གསལ་བུའི་སྒེར་སྨན་གྱི་བཤད་ཕྱོགས་དང་གཅིག་མཚུངས་ལྟ་བུ་སྨྲས། སྨན་འདི་དང་འདི་ཟོ་ཞེས་བརྟག་པ་མཐའ་བཟུང་གི་ཚོད་སྒམ་ལྟ་བུ་ཞིག་ལས་ནད་གཞི་འདི་རེད་ཅེས་ངོས་འཛིན་མ་ཐུབ།
ངའི་སེམས་ལ་ཉིན་ཤས་སྔོན་བུ་ཆུང་འདི་བཞིན་ཁོ་རང་གི་གྲོགས་པོ་ཨ་རི་མི་དཀར་གྱི་ཁྱིམ་ཚང་ཞིག་ཏུ་ཞག་སྡོད་བྱེད་དུ་སོང་སྐབས། མནོལ་གྲིབ་ཅིག་གིས་ཟིན་པའམ། ཡང་ན་ཤྭ་བོའི་ཤིག་གིས་རྨུག་པ་འདྲ་ཨེ་ཡིན་སྙམ་དུ་དྭོགས་ནས། ལྷ་བླ་སོགས་ལ་ཕྱག་མོ་ལུང་བསྟན་ཞུས་ཀྱང་། བཅའ་བ་རིམ་གྲོ་ཆུང་ཚེགས་ཙམ་ལས་བྱིས་པར་སྐྱོན་ཅིའང་མི་འདུག་གསུངས། དེ་ནས་རིམ་པས་ཁྲག་དང་། ཤ་རྒྱས། རུས་པ་སོགས་ལུས་ཀྱི་ཕྱི་ནང་ཕལ་ཆེར་ཞིག་གློག་པར་སྣ་ཚོགས་ཀྱི་ལམ་ནས་བརྟག་པ་བྱས་རུང་ནད་ངོས་མ་ཟིན། དེ་དང་ཆབས་ཅིག ང་རང་ཉིད་ལ་གནས་ཚུལ་ཡ་མཚན་ཅན་ཞིག་བྱུང་བ་ནི། ངའི་རྨི་ལམ་ནང་འདས་ཟིན་པའི་གཉེན་ཉེ་དང་ཕ་མ་སོགས་བསྟུན་མར་རྨིས་ཤིང་། ངའི་ལས་ཤག་གི་མདུན་ངོས་ཀྱི་སྒེ་ཁུང་ལས། ཉིན་རེ་བཞིན་དུ་བྱེའུ་ལུས་ནག་པོ་ཕྲག་སྒང་དམར་པོ་ཅན་ཞིག་ཡོང་ནས། རྭ་མཆུ་ཤེལ་སྒོའི་ངོར་སྣུན་ཞོར་སྐད་ཀྱི་རྣམ་འགྱུར་སྣ་ཚོགས་པའི་ལམ་ནས། ངའི་ཕྱོགས་སུ་འཁོར་ཏེ་སྐད་ཆ་ཅི་ཞིག་བཤད་བཞིན་པ་དེ་རེད། ངས་དེ་དོན་དག་ཅི་ཞིག་ངའི་ཐོག་སླེབས་ལ་ཉེ་བ་ཚོད་ཀིས་ཐུག་ཀྱང་། དོན་དག་ཅི་ཡིན་ཧ་མ་གོ བོད་ཀྱི་བླ་མ་དག་ལ་ཞུས་པས། ཞབས་རིམ་ཞིག་ལས་བུ་ཆུང་གི་ནད་ལ་སྐྱོན་མེད་ཚུལ་གསུངས། ངའི་ཆུང་མས་རྒྱའི་ལུང་བསྟན་པ་འགའ་རེར་ཞུས་པས། ང་རང་ཉིད་ལ་རེ་ཆགས་ཀྱི་བུ་ལོན་འཁོར་འདུག ང་རང་ངོས་ནས་གཞན་ལ་ཆོས་ཤོད་པ་སོགས། ཆོས་ལྡན་གྱི་བྱ་བཞག་མང་བོ་སྤེལ་ན་ཕན་ཐོགས་ཆེ་བར་བཤད།
གང་ལྟར་ཡང་། མཚན་མོ་ཞིག་ཏུ་ངའི་རྨི་ལམ་ནང་ངའི་ཕ་རྒན་འདས་པོ་དེས་ངའི་བུ་ཆུང་ཁོ་རང་གི་ཕྱག་ཏུ་བཟུང་ནས། ང་ལ་སྐད་ཆ་ཤོད་ཀྱིན་པ་ཞིག་རྨིས། ངས་བུ་ཆུང་ཕ་རྒན་གྱི་ལག་ནས་ཚུར་ང་རང་གི་ཕང་དུ་ལེན་སྐབས། བུ་ཆུང་གི་ལུས་པོ་དེ་ཉིད་ནེའུ་ལེ་ཞིག་གམ། ཡང་ན་ཞི་མི་ནག་པོ་ཞིག་ཏུ་གནས་འགྱུར་མོད། ངོ་གདོང་ནི་ངའི་བུ་ཆུང་གི་ངོ་གདོང་རང་རེད། བུ་ཆུང་ངལ་དུབ་ཀྱི་རྣམ་པ་ལྟ་བུས་མིག་གཉིས་ཡར་དཀར་ལྷོག་ལྷོག་ཕྱེ་ཙམ་ཕྱེ་ཙམ་ལས། ལུས་པོ་འགུལ་བསྐྱོད་ཆེར་བྱ་མ་ཐུབ། ངས་ཁོའི་ལུས་པོར་འགུལ་བསྐྱོད་བརྒྱབ་ཏེ་མིང་ནས་འབོད་སྐབས། ཞི་མིས་སྡེར་མོ་ཞིག་ངའི་བྲང་ལ་བརྡབ་བྱུང་། ངས་ལམ་སེང་སྡེར་མོ་བྲང་ལས་བཀོག་སྟེ་ཐང་ལ་གཡུག་སྐབས་གཉིད་ལས་སད། སེམས་ལ་སྐྲག་སྣང་དང་སྐྱོ་སྣང་ལྟ་བུས་སྙིང་ཡང་ལྷོག་ལྷོག་འཕར་བཞིན་འདུག ངའི་སེམས་པར་དོན་དག་ཅི་འདྲ་འབྱུང་བཞིན་པ་ཡིན་ནམ་སྙམ་དུ་རྣམ་རྟོག་ཆེ་རུ་ཕྱིན་ཞིང་། དོན་དག་མང་བོ་ཞིག་གི་ཐད་བསམ་གཞིག་གཏོང་དགོས་བྱུང་། ལས་ཀའི་གནད་དོན། བུ་ཆུང་གི་གཟུགས་པོ། ཕ་ཡུལ་གྱི་གནས་སྟངས་སོགས། བསམ་གཞིག་མང་བོས་གཅིག་རྗེས་གཉིས་མཐུད་དུ་ངའི་སེམས་ཁོང་ན་འཚང་ཁ་རྒྱག་བཞིན་འདུག
སྔར་བཞིན་སྐྱབས་འགྲོ་སེམས་བསྐྱེད་སོགས་ཉིན་རེའི་ཁ་དོན་གྱི་ཆོ་གར་ཞུགས། རེ་ཞིག་ནས་ཆུང་མ་དང་བུ་ཆུང་གཉིས་ཀྱང་རིམ་པས་ཡར་ལངས། ཆུང་མས་བྲེལ་བྲེལ་ཚུབ་ཚུབ་ངང་ཚིག་ཇ་ཞིག་དང་། མར་བྱུག་པའི་སྐྱ་གོར་ཞིག་ཟ་ཞོར་ལས་ཀར་ཆས། ངས་ཀྱང་བུ་ཆུང་ལ་སྣུམ་གོར་རྔོས་མ་སྒོ་ངའི་ནང་འཚང་ཅན་ཞིག་དང་། འོ་མ་ཚ་བོ་ཞིག་གྲ་སྒྲིག་བྱས་ནས་ཁོ་ལ་ཟ་རུ་བཅུགས་རྗེས། སྔར་རྒྱུན་སློབ་གྲྭའི་སྐྱེལ་འདྲེན་རླངས་འཁོར་གྱི་འབབ་ཚུགས་སུ་བསྐྱལ། མགོ་ལ་བྱིལ་བྱིལ་དང་འགྲམ་པར་འོ་ཞིག་བསྐྱལ་རྗེས། དགུང་མོ་མཇལ་ཡོང་ཞེས་ཕེབས་བརྡ་བཏང་ནས་ཕྱིར་རང་ཁྱིམ་དུ་ལོག དེ་ནས་འོ་མ་དང་། ཞིབ་བྱེ། ཤིང་ཐོག་སྐམ་པོ་བཅས་བསྲེས་པའི་ཞོགས་ཟས་དེ་གྲུབ་རྗེས་ལས་ཀར་ཕྱིན། ཡིག་ཚང་དུ་སླེབས་མ་ཐག མདུན་ངོས་སྒེའུ་ཁུང་གི་འདབ་ཤིང་ཐོག ད་གའི་བྱེའུ་སྔར་བཞིན་ང་རང་སྒུག་པ་ལྟར་བསྡད་ནས་འདུག རྭ་མཆུས་སྒེའུ་ཤེལ་རྡུང་བཞིན་སྐད་ཀྱི་རྣམ་འགྱུར་སྣ་ཚོགས་སྒྲོག་བཞིན་ཕར་འཕུར་ཚུར་འཕུར་བྱེད། ཡུད་ཙམ་ནས་ལས་གྲོགས་ཚོའང་གཅིག་རྗེས་གཉིས་མཐུད་ཀྱིས་ཡིག་ཚང་དུ་སླེབས་ཤིང་། རྒྱུན་ལྡན་ཕན་ཚུན་ཞོགས་ཀ་བདེ་ལེགས་ཀྱི་འཚམས་འདྲི་རེ་ཞུ་ཞོར་རང་རང་གི་ལས་ལ་ཞུགས། ངས་བསམ་པར་བྱེའུ་དེས་དངོས་གནས་ཅི་ཞིག་གི་དོན་དུ་འདི་ལྟར་སྐད་རྒྱག་པ་ཡིན་ནམ། ལས་གྲོགས་ཤིག་གིས་དེ་ནི་བྱེའུ་རང་ཉིད་ཀྱི་གཟུགས་བརྙན་སྒེ་ཤེལ་ནང་ལྡོག་འཕྲོ་བྱས་པར། རང་ཉིད་ཀྱི་འདུན་གྲོགས་ཤིག་ཏུ་འཁྲུལ་ནས་སྐད་རྒྱག་བཞིན་པ་ཞིག་ཡིན་ཤས་ཆེ་ཞེས་ཚོད་དཔགས་བྱས་པ་དེ་དངོས་འབྲེལ་ཞིག་ཡིན་ནམ། དེ་རིང་སློབ་གྲྭས་ཡང་བསྐྱར་ཁ་པར་འདྲ་གཏོང་ཡོང་ངམ། མགྲོན་པོ་སུ་ཞིག་དོན་དག་གང་ཞིག་གི་ཆེད་ང་ཚོའི་སྡེ་ཚན་དུ་སླེབས་ཡོང་ངམ། སུས་ཁ་པར་བརྒྱུད་ནས་དོན་དག་ཅི་ཞིག་འདྲི་ཡོང་ངམ་སྙམ་དུ་དྭོགས་པ་སྐྱེ་ཞོར། སྔ་གྲོས་ལས་ཀ་ཕལ་ཆེར་ལེགས་པར་གྲུབ། གོང་ཟས་ཟོས་རྗེས་འཆར་ཅན་ཕྱི་རོལ་ཉི་ཚན་ནང་སོང་ནས། ལས་བྱེད་པའི་རླངས་འཁོར་འཇོག་སའི་རྭ་བའི་ནང་སྐོར་བ་ལྔ་བརྒྱབ་རྗེས། མཇུག་མ་གྲུབ་པའི་ཁ་དོན་གྱི་འཕྲོ་སྐྱོང་ཞོར་དུས་ཡུན་སྐར་མ་སུམ་ཅུའི་རིང་གོང་གཉིད་བྱས།
ཆུ་ཚོད་བཞི་བ་ཡས་མས་ཤིག་ཏུ་ངའི་ཆུང་མའི་ཨ་མ་ལགས་ཀྱིས་ཁ་པར་ཞིག་སླེབས་སོང་། ཁྱེད་རང་བུ་ཆུང་ལེན་པར་སློབ་གྲྭར་མ་འགྲོ་རོགས། དེ་རིང་ཉིན་གོང་སློབ་གྲྭའི་སྨན་ཞབས་མའི་ཁ་པར་སླེབས་ཏེ། བུ་ཆུང་ཛ་དྲག་སྨན་ཁང་དུ་སོང་ཚར་ཟེར། ངས་དཀོན་མཆོག་སུམ་ལ་སྐྱབས་སྨོན་ཞིག་བྱེད་ཞོར་ནང་དུ་སླེབས་འཕྲལ། ཁྲུས་ཤིག་བརྒྱབ་གོན་པ་བརྗེས་ནས་ཐད་ཀར་སྨན་ཁང་དུ་སོང་བ་ཡིན། སྨན་ཁང་གི་བྱིས་ནད་སྡེ་ཚན་ལ་དྲི་རྨེད་ཅིག་བྱས་པར། ཁྱེད་ཀྱི་བུ་བཀྲ་ཤིས་བྱིས་ནད་ནང་སྟོན་སྡེ་ཚན་གྱི་ཁང་མིག་ཨང་གྲངས་བཅུ་བའི་ནང་འདུག་ཅེས་ལམ་སྟོན་གནང་བ་བཞིན། ཁང་མིག་གི་སྒོ་ག་ལེར་བརྡུངས་པས་ངའི་བཟའ་ཟླས་ནང་དུ་ཕེབས་རོགས་ཞེས་སྐད་བཏང་བྱུང་། ངས་སྒོ་ག་ལེར་ཕྱེ་སྐབས་ནང་ན་ངའི་ཆུང་མ་མ་སྨད་གཉིས་ལས་གཞན་མི་འདུག་ཅིང་། ངའི་བུ་ཆུང་དེ་བཞིན་ཁང་མིག་དེའི་དབུས་ཀྱི་ནད་པའི་ཉལ་ཁྲིའི་སྒང་། སྨན་སྐུད་སྣ་ཚོགས་སྡོམ་ཐག་ལྟར་བཀྲན་པའི་དབུས་ན་གཉིད་མ་སད་ཀྱི་ངང་ཉལ་ནས་བསྡད་འདུག སྐབས་དེར་ད་དུང་ནད་གཞི་ཅི་ཞིག་ཡིན་ངོས་འཛིན་གསལ་བོ་བྱུང་མེད་སྟབས། ང་ཚོ་ཚང་མས་རྒྱུན་ལྡན་གྱི་ན་ཚ་ཞིག་ཡིན་ཤག་ལྟ་བུས་ལུས་སེམས་གཉིས་ཀར་སྐྱོ་སྡུག་གི་རྣམ་པ་ཆེར་མི་སྣང་། དགོང་མོ་དེར་ང་རང་སྨན་ཁང་དུ་བསྡད་ཅིང་ཆུང་མ་མ་སྨད་ཕྱིར་རང་ཁྱིམ་ནང་ཉལ་དུ་སོང་། བུ་ཆུང་མཚན་མོར་ཐེངས་གསུམ་གཙང་སྤྱོད་དུ་གཅིན་པ་གཏོང་བར་འགྲོ་དགོས་བྱུང་། འགྲོ་ཐེངས་རེར་ངས་ལག་པ་ཡ་གཅིག་གིས་བུ་ཆུང་གི་འཇམ་ཞིང་ཚོ་ལ་སྙིང་རྗེ་བའི་ལག་པ་ཆུང་ཆུང་དེར་འཇུས་ཤིང་། ལག་གཅིག་གིས་སྨན་སྐུད་འཛིན་བྱེད་ཀྱི་འཕྲུལ་ཆས་རིང་བོ་དེ་འདེད་བཞིན་གཙང་སྤྱོད་དུ་སོང་། གཙང་སྤྱོད་གྲུབ་ཐེངས་རེར་རྐུབ་སྟེགས་ཐོག་སྡོད་པ་ལས་ཉལ་སའི་ནང་མི་འགྲོ། ལུས་ལ་ཚ་ཤུགས་ཆེ་བའི་དངུལ་ཆུ་ཡང་ཡང་ཕྱི་དགོས་བྱུང་། ཕྱི་ཉིན་ཞོགས་ཀའི་ཆུ་ཚོད་དགུ་བ་ཡས་མས་སུ་ཆུང་མ་མ་སྨད་ཕྱིར་སླེབས་ཤིང་། ཨ་མ་ལགས་ཀྱིས་ཅིག་བྱས་ན་སྨན་ཁང་དུ་རྒྱུན་རིང་སྡོད་དགོས་ཤས་ཆེ། ཉིན་མོ་བཟའ་ཟླ་དང་མཚན་མོ་ཁྱོད་ཀྱིས་ལྟ་སྐྱོང་བྱས་ན་ཞེས་ཞལ་ཏ་གནང་དོན་ལྟར། ང་རང་ཁྱིམ་དུ་ངལ་གསོ་བར་ཡོང་།
སྤྱིར་ང་རང་ལོ་ན་ཆུང་སྐབས་ནད་པར་ནད་གཡོག་བྱ་རྒྱུར་དཀའ་སྣང་གཏན་ནས་མེད་པ་ཞིག་ཡིན། ངའི་མ་རྒན་ལགས་ལ་ནད་གཡོག་ཞུས་ནས་ཧ་ལམ་ཟླ་གཅིག་གི་རིང་མ་གཉིད་ཀྱང་དཀའ་སྣང་དེ་ཙམ་མ་ཤར། ངའི་སྤུན་གྲོགས་སོགས་ཀྱང་ངས་མ་རྒན་ལ་ནད་གཡོག་བྱས་པའི་ངང་ཚུལ་དེར་འདོད་བློ་ཚིམས་ཤིང་ངོ་མཚར་བོར་བརྩི། ང་རང་ཉིད་ཀྱང་འདས་ཟིན་པའི་ཨ་མ་ཕྱིར་དྲན་བྱེད་ཐེངས་རེར། མོ་འདས་གྲོངས་སུ་སོང་བར་འགྱོད་སེམས་དེ་ཙམ་མི་སྐྱེ་ཞིང་། རང་ཉིད་ཀྱིས་ནད་གཡོག་བྱས་པའི་འདས་དོན་ལ་རང་ཉིད་ཀྱང་འདོད་བློ་ཚིམས་པའི་ཚོར་སྣང་སྐྱེ། ངས་ཁོང་མ་སྨད་གཉིས་ཀར་ཡང་། ནད་གཡོག་ངས་བྱེད་ཁྱེད་ཚོ་སེམས་ཁྲལ་བྱེད་མི་དགོས་ཞེས་བཤད་རུང་། ལོ་ནའི་བབ་དང་ཁོར་ཡུག་ཡང་ཡང་བརྗེ་བོ་བྱས་སྟབས། གཟུགས་པོའི་གནས་སྟངས་སྔར་ལྟར་ཧྲ་ཐང་མིན་པའང་ཤེས། ཁྱིམ་དུ་ལོག་རྗེས་ཁྲུས་ཤིག་བརྒྱབ། ཞོགས་ཟས་ཟོས། སྔར་ལྟར་གསར་འགྱུར་བརྒྱུད་ལམ་ཁག་ལ་མིག་བཤེར་ཞིག་བྱས་རྗེས་ཉལ་དུ་ཕྱིན་པ་ཡིན། ངས་ཅི་ཙམ་མིག་བཙུམས་ནས་གཉིད་ཨེ་ཡོང་བལྟས་རུང་། བུའི་ན་ཚ་དང་འབྲེལ་བའི་དྲི་བ་སྣ་ཚོགས་ཤིག་གིས་སེམས་ཁ་ཡོངས་སུ་བཀང་སྟེ་གཉིད་ཡོང་གི་མི་འདུག ནད་འདི་ཤྭ་བོའི་ཤིག་གིས་འཇུས་པ་ཨེ་ཡིན། གཞན་ཁྱིམ་དུ་ཉལ་སྐབས་བཙོག་གྲིབ་འདྲ་ཕོགས་པ་ཨེ་ཡིན། འཐབ་རྩལ་སྦྱོང་དུས་ལུས་ཀྱི་ཤ་རྒྱུས་རུས་པ་གང་ཞིག་ལ་སྐྱོན་ཤོར་བ་ཨེ་ཡིན། འདི་ཚེ་རབས་སྔོན་མའམ། ཡང་ན་འཕྲལ་རྐྱེན་ལས་བྱུང་བའི་ལས་ཀྱི་རྣམ་སྨིན་ཞིག་ཡིན་ནམ། ཡང་ན། རྒྱའི་ལུང་བསྟན་པ་འགའ་རེ་ལྟར། ངའི་ལན་ཆགས་བུ་ལོན་ཞིག་བུའི་ཐོག་ཏུ་བབ་པ་ཞིག་ཡིན་ནམ་ཅི། དེ་ལྟར་རྣམ་རྟོག་གི་དྲི་བ་སྣ་ཚོགས་ཀྱི་ཁྲོད་ནས་དགོང་དྲོས་ཉི་རྒས་ཀྱི་བསིལ་ཟེར་སྡོད་ཁང་གི་ཐོག་ཁེབ་སྟེང་བསུས།
དགོང་མོ་དེར་ང་སླར་ཡང་སྨན་ཁང་དུ་བསྐྱོད་སྐབས། བུའི་ཉལ་ཁང་གི་ཕྱི་ལོགས་ན་ངའི་ཆུང་མའི་བཞིན་གྱི་མདངས་ཉམས་ཤིང་། མིག་མཐའ་མཆུ་མས་སྐོར་བཞིན་རྐུབ་སྟེགས་ཤིག་གི་ཐོག་བསྡད་ཡོད་པ་མཐོང་། ངས་སྐད་ཆ་ཞིག་དྲི་མགོ་བརྩམས་ཀྱང་ལན་ལྡོན་མ་སོང་། ང་ཉལ་ཁང་ནང་མྱུར་སྟབས་སུ་ཕྱིན་སྐབས། ཆུང་མའི་མ་རྒན་མོའང་ལོ་ན་མཐོའང་གཞོན་ཉམས་དོད་པའི་རྣམ་རྒྱུན་གྱི་ངོ་མདངས་ལ། རྒས་ཉམས་དང་བཅས་མྱ་ངན་ཞིག་གིས་ཡོངས་སུ་ནོན་ཡོད་པ་ཧ་གོ ཨ་ཁ། ད་ཅིག་འགྲིགས་མེད་ཁོ་ཐག་རེད། <
བུའི་ནད་གཞི་འདི་ཡང་སྙིང་ཅི་ཞིག་ཡིན་ནམ། བུ་ཆུང་ནི་སྔར་བཞིན་ཉལ་ཁྲིའི་ཐོག་གཉིད་མ་སད་ཀྱི་ངང་ཉལ་ནས་བསྡད་འདུག ང་སྟབ་སྟབ་པོར་ཕྱི་ལ་བུད་ནས་ཆུང་མར་ནན་འདྲི་བྱས་པས། ཆུང་མ་ངུ་ངག་གི་སྐད་ཆ་གསལ་ལ་མི་གསལ་བ་ཞིག་དང་བཅས། བུའི་ནད་འདི་ཕལ་ཆེར(cancer)སྐྲན་ནད་རེད་ཅེས་སྨན་པ་ཞིག་གིས་ལབ་སོང་། འོན་ཏེ། ད་དུང་བརྒྱ་ཆ་བརྒྱས་ཐག་བཅད་ཡོད་པ་མ་རེད། ད་ལྟ་རྐང་མར་གྱི་ཁྲག་ལ་བརྟག་དཔྱད་བྱས་ནས་མཐའ་མའི་ཐག་ཆོད་ལ་ཉེ་བའི་སྒང་རེད་ཅེས་ཟེར། མོས་བར་སྐབས་དེར་སླར་ཡང་ཐེ་ཝན་ཕྱོགས་སུ་རྒྱའི་ལུང་བསྟན་པ་འགའ་རེར། བུའི་ནད་གཞིི་དང་། ཚེ་སྲོག་གི་སྐོར་ལ་དྲི་བ་བཏང་འདུག ལུང་བསྟན་པ་དེ་དག་གིས། འདི་ནས་བརྩིས་པས་ཉིན་བརྒྱ་འཆོལ་ཐུབ་ན་ཚེ་སྲོག་ལ་བར་ཆད་མེད་པ་དང་། གནས་ཚུལ་འདི་ཕའི་ལན་ཆགས་བུའི་ཐོག་ཏུ་བབ་པ་ཞིག་ཡིན་འདུག་པས། ངས་གཞན་ལ་ཆོས་བཤད་པ་སོགས། ཆོས་ཕྱོགས་ཀྱི་ལས་ལ་ནན་ཏན་བྱེད་དགོས་སྐོར། དེ་སྔ་ནས་མོ་རང་གིས་ཤོད་བཞིན་པའི་སྐད་ཆ་དག་བསྐྱར་ཟློས་བྱས་པ་ཞིག་རེད།
ངས་ཆུང་མར་སྐུ་མཁྱེན་ད་ལྷ་ཁ་འདྲེ་ཁ་མང་བོ་ཞིག་མ་གསོགས་རོགས། སྨན་ཁང་དང་སྨན་པ་སོགས་རྒྱལ་ཁབ་གཞན་ལ་ལྟོས་ན་གསོ་རིག་གི་མཐུན་རྐྱེན་འདི་ན་ཡག་པོ་ཡོད་སྟབས། བུ་ནད་གཞི་ལས་དྲག་བསྐྱེད་འབྱུང་ཐུབ་ཀི་རེད། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ནན་ཏན་རེ་དང་། སེམས་རྒྱུད་བཟང་བོ་རེ་སྐྱེ་ཨེ་ཐུབ་བལྟས་ན། དེས་རང་གཞན་གཉིས་ཀར་ཕན་གྱི་རེད། ཅེས་བཤད་པ་ཡིན། ཆུ་ཚོད་ཕྱེད་ཀ་ཡས་མས་ཀྱི་རྗེས་སུ་རྐང་མར་ལ་བརྟག་པ་བྱས་པའི་གྲུབ་འབྲས་ལག་སོན་བྱུང་། བརྟག་འབྲས་དེ་ལྟར་ན། ནད་འདི་དེང་སང་བྱིས་པ་ལོ་ལྔ་ནས་བཅོ་ལྔ་མན་ཆད་ལ་འབྱུང་ངོ་ཆེ་བའི་སྐྲན་ནད་ཨིན་སྐད་དུ་(Acute Lymphoblastic Leukemia) (ALL)ཞེས་བརྗོད་པ་དེ་ཡིན་པ་ཐག་གིས་བཅད་འདུག སྨན་པ་དག་གིས་ལམ་སང་སྨན་གཏོང་གི་ཡིན། གལ་སྲིད་འགོར་བ་ཡིན་ན་སྐྲན་འབུ་འདིའི་འབུ་རྒྱུད་ལུས་ཀྱི་ཆ་ཤས་གང་ཡིན་སར་མྱུར་དུ་ཁྱབ་འགྲོ་ངེས་ཤིག་ཡིན་པ་མ་ཟད། ཀླད་པའི་ནང་དུའང་ཤོར་ཉེན་ཆེན་པོ་ཡོད་པར་བཤད། གནས་ཚུལ་འདི་འདྲ་དྲྭ་ལམ་ནས་སྤྱི་བསྒྲགས་བྱ་འོས་པ་ཞིག་ནི་མ་ཡིན་ཡང་། གོ་སྐབས་འདི་བརྒྱུད་སྐྲན་ནད་སྐོར་གྱི་ཤེས་བྱ་དང་། སྐྲན་ནད་དེས་གཉོམ་དུང་དུང་གི་ཁྱིམ་ཚང་ཆུང་ཆུང་ཞིག་ལ་ཐེབས་པའི་དཀའ་སྡུག་གི་སྐོར། རང་རིགས་སྤུན་ཟླ་རྣམས་ལ་སེམས་གཏམ་གྱི་ཚུལ་དུ་ནང་མོལ་ཞིག་གཏོང་ན་འདོད།
ད་ལྟ་བུ་ཆུང་ག་འདྲ་འདུག སྒྲུང་འདི་ལྟར་ཚར་བ་རེད་དམ། ད་དུང་ཡོད་པ་རེད། གང་ལྟར་བུ་ཆུང་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས།
འཚི་ཡུལ་ནས་ལོག་འདུག་ག གང་ལྟར་ད་ལྟ་བུ་ཆུང་ལོ་ལོ་ཕ་མའི་དྲོ་སྐྱིད་ཀྱི་པང་ན་སྐྱིད་པོར་རོལ་བཞིན་ཡོད་པར་རྟོགས།
ཨ་ཁ། སྙིང་རྗེ་ད་ཅི་དྲག བོད་སྨན་རེ་ཡོད་ཀྱི་རེད། གློ་བུར་དུ་གནམ་སྔོན་པོ་ནས་ཐོག་བརྒྱབ་པ་ལྟར་གྱུར་སོང་། ངའི་དྲ་གྲོགས་བཟང་པོར་འདི་འདྲའི་རྐྱེན་ངན་འཕྲད་པར་སྐྱོ་སྣང་ཚད་མེད་སྐྱེས་ཀྱང་འཁོར་བའི་གཤིས་ཀ་འདི་འདྲ་རེད། སངས་རྒྱས་སྨན་བླ་ལ་གསོལ་བ་འདེབ་ཀྱི་ཡིན།
རྔ་བ་རྒྱལ་ཁམས་པ་ལགས།
ཁྱེད་རང་ནི་ངས་ཆེས་དགའ་མོས་བྱེད་པའི་རྩོམ་པ་པོ་ཞིག་ཡིན་པ་དང་། བར་ལམ་ཁྱེད་ཁ་བརྡའི་ཐོག་མཇལ་རྒྱུ་མེད་པས། ཞར་ལ་གཞན་པར་རྩད་གཅོད་ཀྱང་བྱེད་མྱོང་། ཁྱེད་ནེའུ་ཇར་སི་སེ་ཁ་ཀོ་གཡས་གཡོན་ལ་ཞུགས་ཀྱི་ཡོད་པ་ཤེས་བྱུང་། ཁྱེད་ལ་རོགས་པ་གང་དགོས་ང་ལ་འབྲེལ་བ་བྱོས། ཨི་མེལ་ཁ་བྱང་འདི་ཡིན། work500atgmail.com ཡིན།
ང་རང་ཡང་ཆོས་མང་པོ་ཞིག་ཉན་འདོད་ཡོད་པས། ཁྱེད་ལ་དབུ་མ་རིགས་ཚོགས་ཀྱི་ལུང་ཡོད་ན་གནོངས་རོགས། འདིས་བུ་ལ་ཕན་ན་དེ་བས་ཆོས་ཞུ་བར་ཡོང་གི་ཡིན།
འདི་རྟོག་བཟོའི་སྒྲུང་ཞིག་ཡིན་པར་ཤོག
བསམ་ཤེས་འདི་མི་ཡག་ག་ལ།
རྔ་བ་རྒྱལ་ཁམས་པར་བྱུང་བའི་གནས་ཚུལ་ངོ་མ་དངོས་གནས་ཡིན་ན་སེམས་ཕམ་པོ་རེད། གཅིག་བྱེད་ན་འདི་དངོས་གནས་ཡིན་པ་འདུག་ཁོང་སྔོན་མ་དྲ་ཐོག་ཏུ་ཡང་སེ་ཡོང་གི་ཡོད། འོན་ཀྱང་ཟླ་ཤས་རིང་གོ་ཚོར་མ་བྱུང། ཁྱེད་ཀྱི་སྙིང་གི་རུས་ཀྱི་རྐང་མར་བུ་ཆུང་དེ་ལུས་སེམས་སླར་གསོས་ཀྱིས་ཁྱིམ་ཚང་ཆུང་ངུ་དེ་སྔར་བཞིན་དྲོད་སྐྱིད་ཀྱི་ཉི་མ་ཤར་བའི་སྨོན་ལམ་ཡོད། མ་གཞི་ནས་ཚན་རིག་འཕྲུལ་ཆས་ཀྱིས་བརྟག་དཔྱད་མང་པོ་བྱས་ན་མི་སུ་ལ་ཡིན་ནའང་ཁོང་ཚོར་ན་ཚ་གཅིག་རྙེད་ཀྱི་འདུག དེས་ན་ཐུགས་སེམས་མི་སྐྱོ་བར་ལྷ་བླ་མ་ལ་གསོལ་བ་འདེབས་རྒྱུ་གལ་ཆེ།
དཀོན་མཆོག་མཁྱེན།
ལེའུ་དང་པོ་ལ་བལྟ་ཚར་གཉིས་པ་ལ་སྒུག་ཡོད།
སྔོན་མ་སྔོན་མ་ཞིག་ལ་ཁྱེད་ཀྱིས་བུའི་སྐོར་ལ་བྲིས་པའི་རྩོམ་ཞིག་བཀླགས་མྱོང་། འདི་ལ་འགོད་ན།
བུ་ཆུང་རྟོགས་བརྗོད། ༼རྔ་བ་རྒྱལ་ཁམས་པ། ༽ ༢༠༠༨ལོར་སྤེལ།
ངས་མ་བོས་ཀྱང་ཁྱོད་སླེབས་བྱུང༌།
སུས་ཀྱང་མི་ཤེས་པའི་གསང་ལམ་ཕྲ་མོ་ཞིག་ནས།
ཁྱོད་གློ་བུར་ཏུ་ཇི་ལྟར་ཡོང་བ་ཡིན།
ལས་རླུང་ངམ་རང་བཞིན་འདེམས་སྒྲིག་གི་སྲིད་པ་ཞིག་ནས།
རིང་ཞིང་སྦོམ་པའི་འདོམས་ལ་མེ་སྒྱོགས་དང༌།
ཟླུམ་ཞིང་རྒྱགས་པའི་མའི་འོག་སྒོ་ལ་སྐྱིབས་སྣང་ཞིག་ཤར་ཡོད་ཤས་ཆེ།
གང་ལྟར་ཡང༌། ཆུས་དེད་པའི་ཕྱི་བ་ཕུག་པ་ལས་ཐོན་པ་ལྟར་ཁྱོད་སྐྱེས།
སྐབས་དེར་ཁྱོད་ལ་ངུ་སྐད་མེད་ཅིང་ངའི་གདོང་ལ་ཅེར་གྱིས་བལྟས།
གཉིད་དུས་ཡང་ཡང་འཛུམ་ཞིང་མཛུབ་རྒྱ་ཡ་མ་ཟུང་སྟོན།
ཕ་མའི་གཅེས་སྐྱོང་དང་མཇམ་མཉེན་གྱི་རོལ་དབྱངས་ཁྲོད།
ཁྱོད་དག་དག་ལོ་གསུམ་ལ་སླེབས།
འོད་སྣང༌། གཙང་སྦྲ། ངོ་བསྟོད་སོགས་ལས།
ངས་ཁྱོད་ཀྱི་དགའ་སྣང་དང་འཛུམ་མདངས་ཡང་ཡང་མཐོང་ཞིང༌།
བཙོག་རྡུལ་དང༌། དྲི་ཞིབ་ཀྱི་ཕྱུག་པ། གྲིབ་ནག་སོགས་ལས།
ངས་ཁྱོད་ཀྱི་སྐྲག་སྣང་དང་ངུ་སྐད་ཡང་ཡང་ཚོར།
ཁྱོད་ཉི་མའི་ཁྱིམ་རྒྱུད་ལ་ངོ་མཚར་ཆེ་བས།
ངས་འདུན་པ་མཐའ་ཡས་པའི་མཁའ་དབྱིངས་སུ་འཕུར།
ཁྱོད་གཡུག་ལྡེམ་གྱི་གླུ་གར་ལ་ཤིན་ཏུ་དགའ་བས།
ང་འཇམ་མཉེན་གྱི་རོལ་མོའི་རྒྱ་མཚོར་ལྷུང༌།
སྙིང་རྗེ་བའི་གདུག་ཅན་གྱི་ལག་པ་ཆུང་ཆུང༌།
ཆ་ཚང་ཆ་མེད་དང༌། ཆ་མེད་ཆ་ཚང་བཟོ་སྐབས།
ཁྱོད་འཕྲུལ་རིག་པ་ཞིག་ལོས་ཡོང་སྙམ་ནས་ང་དགའ་སྤོབས་སྐྱེས།
ཁ་ཏ་ཕར་ལ་བྱས་ན་ཚུར་ལ་བསླབ་བྱ་གཏོང་བ།
ཕྲུ་གུའི་ལུས་ལ་རྒན་པོའི་སེམས་པ་ཅན་ཁྱོད།
གཅིག་བྱས་ན་ཚོང་བ་གཡོ་ཅན་ཞིག་དང༌།
ལས་འབྲས་མེད་པའི་ཁྲིམས་རྩོད་པ།
ཡང་ན། ངོ་མཐུག་སེམས་ནག་གི་སྲིད་དོན་པ་ཞིག་ཀྱང་བྱེད་ལས་ཆེ།
འོན་ཏེ། ཁྱོད་ཀྱི་འཇིག་རྟེན་ནི་ཁྱོད་དང་མཉམ་དུ་སྐྱེ་ཞིང་འཇིག་ལ།
ངའི་འཇིག་རྟེན་ནི་ང་དང་མཉམ་དུ་སྐྱེ་ཞིང་འཇིག་ངེས་ཡིན་སྟབས།
ངས་ཁྱོད་ཀྱི་འཛམ་གླིང་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ལས།
རྒོལ་གཏམ་དང་གཉའ་གནོན་གྱི་ཇུས་གཏོགས་བྱེད་མི་འདོད།
རྣམ་པ་ཚོ་ཕེབས་ནས་ཐུགས་སྨོན་དང་། དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ། ངའི་བུ་སྨན་ཁང་དུ་བསྟེན་གཏུགས་བྱས་ནས་ད་བར་ལོ་གཅིག་འགྲོ་ལ་ཉེ། དུས་ཚོད་དེའི་རིང་གི་ངུ་བྲོ་ལ། དགོད་ཀྱང་བྲོ་བའི་ལོ་རྒྱུས་རྣམས། ཁ་བརྡའི་ཐོག་རིམ་པར་འགོད་རྒྱུ་ཡིན། གལ་ཏེ་ཁྱེད་ཚོར་སྟབས་ཀ་འདྲ་ལྡན་ན། ངའི་སྐྱིད་ལ་སྡུག་པའི་ནམ་ཟླ་འདི་དག་གི་ཁྲོད་ཡང་ཡང་ཕེབས་རོགས་གནང་། ང་ཚོས་མཉམ་པོར་འཇིག་རྟེན་སྲིད་པའི་དཀའ་སྡུག་གི་ཟུར་རེ་རེར། རྐྱེན་ངན་གྲོགས་སུ་འཆར་ཐུབ་པའི་བློ་སྦྱོང་རེ་བྱེད་ཨེ་ཐུབ་བལྟ། བདུན་རེའི་མཚམས་ནས་ལེའུ་རེ་འཁོད་རྒྱུ་ཡིན། ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།
སེམས་པ་རྦད་དེ་སྐྱོ་ཅིག་སོང་། གཅེས་ཕྲུག་དེ་ལ་ Miracle healing ཞིག་གི་སྟོབས་དང་འཕྲད་གྱུར་ཅིག། རྒན་པོ་ཁྱོས་རྒན་མོ་ལ་སྡུག་ན་སྡུག་རོགས་དང་སྐྱིད་ན་སྐྱིད་རོགས་ཡག་པོ་ཞིག་ཉན་པར་ཤོག། ཁྱེད་ནང་མི་ཡོངས་ལ་བདེ་སྐྱིད་ཀྱི་ཉི་མ་ནུབ་རྒྱུ་མེད་པ་ཞིག་ཤར་བར་ཤོག།
རྔ་བ་རྒྱལ་ཁམས་པའི་བུ་མགྱོགས་མྱུར་ནད་ལས་དྲག་བསྐྱེད་ཡོང་བའི་སྨོན་འདུན་ཞུ། རྔ་བ་རྒྱལ་ཁམས་པས་དྲྭ་ཐོག་ལ་འདི་འདྲ་ཞིག་བཀོད་པ་ནི་རང་སྡུག་ཕྱི་ལ་མངོན་ཆེད་མིན། འདི་ནི་རང་མྱོང་གཞན་ལ་སྟོན་ནས་གཞན་གྱི་མགོ་ཐོག་གོད་ཆགས་འདི་འདྲ་ཞིག་མི་ཡོང་ཆེད་གཞན་ཕན་གྱི་ལས་འགུལ་ཆུང་ཚགས་ཤིག་སྤེལ་བ་ཡིན་པས་ངོ་མ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ཨོ་དགོངས་དག ངས་ནི་སྒྲུང་རྩོམ་ཞིག་རེད་བསམ་སོང་། དོན་དངོས་ཡིན་པ་ཐོས་རྗེས་སེམས་སྐྱོ་བས་གདུང་སེམས་མཉམ་སྐྱེད་ཞུ་བ་ལགས།
དྲ་གྲོགས་རྒྱལ་ཁམས་པ་ལགས་་་ཁྱོད་རང་ལ་དཀའ་ངལ་འདི་འདྲ་འཕྲད་པར་གདུང་སེམས་མཉམ་སྐྱེ་ཡོད། ང་ཚོ་ཚང་མ་ཁྱོད་དང་མཉམ་དུ་ཡོད། ནམ་ཡང་སྙིང་སྟོབས་མི་ཞུ་བ་མདུན་བསྐྱོད་དགོས།
ཨ་ཁ་་་སྙིང་མ་རྗེ།
བུ་བཀྲ་ཤིས་ཀྱི་ནད་མགྱོགས་པོ་ངང་ནས་དྲག་རྒྱུ་དཀོན་མཆོག་གསུམ་ལ་སྨོན་ལམ་འདེབས།
ཁྱེད་ལ་ཆག་སྒོ་བྱུང་བར་བློ་ཕམ་ཡོད།
གསོ་རིག་དང་ཆོས་ལུགས་ཀྱི་གསོ་ཐབས་གཉིས་ཀ་སྤྱད་ན་དྲག་སྐྱེད་ཡོང་སྲིད། འབྲས་སྐྲན་གྱི་ནད་གཞིར་སྐྱུར་འབྲས་ཀྱིས་ཤིན་ཏུ་ཕན་ཟེར་ནས་ལོ་ངོ་གཉིས་ཙམ་སྔོན་ཞིབ་འཇུག་པས་གྲུབ་དོན་བསྟན་སོང་། ཁོང་ཚོས་བཤད་ན་སྨྱོ་རྫས་སོགས་བེད་སྤྱོད་ཀྱིས་བཟོས་པའི་དེང་རབས་ཀྱི་སྐྲན་སྨན་དེ་ཚོ་ལས་སྐྱུར་འབྲས་༼lemon༽དེ་ལྡབ་གྲངས་སྟོང་གིས་ནད་གཞིར་ཕན་པ་ཆེ་ཟེར་ནས་བཤད་སོང་། ཚོད་ལྟ་འདྲ་ཡང་བྱེད་རོགས།
ཁྱེད་ཕ་མ་གཉིས་ནས་་་་་སྐྱབས་འགྲོ་དང་དམིགས་བརྩེ་མ་གང་མང་གསོག་དང་བུ་གཏན་གཏན་ནད་གཞི་དེ་ལས་ཐར་ཐུབ་་་
ང་ལ་ཡིད་ཆེས་གནོང་དང་ལོ།
རྒྱལ་ཁམས་པ་བཀའ་དྲིན་ཆེ། བཀླགས་ཐུབ་སོང་།