ཁ་ སང་སློབ་གྲྭའི་ལས་ཀ་ཚར་མ་ཐག་ དུས་བཅད་བྱས་པ་ལྟར་ཅ་ལག་ཅིག་ཉོ་རུ་ཕྱིན། ཅ་ལག་དེ་ནི་ དྲ་རྒྱ་བརྒྱུད་ནས་གོང་ཁེ་པོ་ཞིག་བཅས་རྙེད་བྱུང་། ཡིན་ན་ཡང་། ཅ་ལག་ཡོད་ས་དེ་ཆུ་ཚོད་གཅིག་ཙམ་གྱི་ས་ན་འདུག ངས་གྲོགས་པོ་ཞིག་འཁྲིད་ནས་སོང་། ཆར་པ་ནི་གནམ་གྱི་ཞབས་རྡོལ་བ་དང་མཚུངས། རླངས་འཁོར་སྔོན་མ་དག་གིས་ཆུ་གཤགས་ནས་ཕྱིན་པ་དེ་ཉ་ཆེན་ཞིག་རྒྱ་མཚོ་ནས་མཆོངས་ ཏེ་སླར་འཛུལ་བཞིན་པ་ལྟར་ཕྱོགས་གཉིས་ཀར་གཏོར་བཞིན་འདུག
ང་ཚོ་ཅ་ལག་ཉོ་ས་དེར་ སླེབས་སྐབས། བཙོང་མཁན་དེ་ད་དུང་སླེབས་མི་འདུག ང་ཚོས་ཁོང་སླེབས་རྒྱུར་སྒུག་པ་ཡིན། ཚོང་ཁང་གཡོན་ཕྱོགས་ན་རྒྱ་གར་གྱི་མངར་ཟས་ལྟ་བུའི་ཟས་རིགས་བཙོང་ས་ཞིག་འདུག ཅུང་མ་འགོར་བར་དེ་ནས་ཁ་ཆེའི་བུད་མེད་མགོ་རས་གོན་པ་ཞིག་སླེབས། མོས་ང་ཚོ་ལ་ལྟ་ཙམ་བྱས་ཏེ་མགོ་སྒུར་ནས་རླངས་འཁོར་དུ་འཛུལ། རླངས་འཁོར་མདུན་གྱི་འགྲུལ་པའི་འདུག་སྟེགས་དེར་བསྡད། རླངས་འཁོར་གྱི་མེ་སྦར། དེ་ནས་མོའི་ཁྱོ་ག་ཡིན་པ་འདྲ་བའི་མི་ཞིག་སླེབས། ཁ་ལོ་བའི་འདུག་སྟེགས་སྟེང་བསྡད་ནས་རླངས་འཁོར་བསྐོར་ཏེ་ཐོན་ སོང་།
མཚམས་དེར་ངེད་ཀྱིས་ཚོང་ ཁང་གི་སྒོ་བྱང་ལ་བལྟས་པ་ཡིན། ཨེ་རག་གི་ཚོང་ཁང་དང་ཟ་ཁང་ཞེས་བྲིས་འདུག ས་འདི་ན་ཡང་ཨེ་རག་གི་ཚོང་ཁང་ཞིག་ཡོད་པ་འདྲ་བསམས། མཚམས་དེ་ལ་ལོ་ན་རྒན་པའི་མི་ཞིག་ཕྱིར་ཐོན་ནས་སིག་གྷར་ཞེས་པའི་ཐ་མག་དེ་འཐེན། ཕར་བལྟས་ན་རྡ་རམ་ས་ལ་ཁུལ་གྱི་རྒྱ་གར་བའི་མི་དང་གདོང་དབྱིབས་ཤིན་ཏུ་མཚུངས།
“ཁྱོད་ཨེ་རག་ནས་ཡིན་ནམ།”
“ཡིན། ང་ཨེ་རག་ནས་ཡིན།”
“ངའི་ཚོང་ཁང་ཉོ་གི་ཡིན་ནམ།” སྐར་མ་གཅིག་གི་ནང་ལ་ཁོས་ང་ལ་ཚོང་ཁང་ཉོ་རྒྱུ་ཡིན་ནམ་ཞེས་དྲིས་དུས། ང་ལ་ནི་གོ་མ་མྱོང་བའི་སྐད་ཆ་ཞིག་དང་མཚུངས། མི་ཆ་མེད་ལ་སྐད་ཆ་འདི་ལྟར་འདྲི་བ་ནི་ས་ཆ་འདི་ན་རྒྱུན་ལྡན་ཞིག་ག་ལ་ཡིན། ངས་རྒྱུ་མཚན་དྲིས། ཅིའི་ཕྱིར་བཙོང་གི་ཡོད་དམ།
ཁོས་བཤད་པ་ལྟར་ན། ཁོ་ནི་ཨེ་རག་ལ་མ་སླེབས་པར་མི་ལོ་ ༡༤ ཕྱིན་སོང་ཟེར། ཐོག་མར་ཨ་རབ་ཀྱི་ས་ཆ་གཞན་ལ་སྐྱབས་བཅོལ་དུ་སོང་ནས་ལོ་གསུམ་ཙམ་སོང་། དེ་ནས་ཨ་རི་ལ་ཡོང་ནས་ད་བར་དུ་བསྡད་པ་ཡིན་ཟེར། ད་ཨེ་རག་ལ་ལོག་གི་ཡིན་ཟེར།
“ང་ལ་ཚ་བོ་དང་ཚ་མོ་མང་པོ་ཡོད། ངས་དེ་ཚོ་མཐོང་མ་མྱོང་། ང་འགྲོ་འདོད་ཆེན་པོ་འདུག”
“ཁ་པར་ཐོག་སྐད་ཆ་བཤད་ཀྱིན་མེད་དམ།”
“ཡོད། ཡིན་ན་ཡང་། ཁྱིམ་མི་རྣམས་དྲན་གི་འདུག ཁ་པར་གྱིས་ཕན་ཐོགས་གི་མི་འདུག ད་ཕྱི་ལོགས་ལ་ཡོང་ནས་ལོ་མང་པོ་ཕྱིན་སོང་། སྤུན་ཉེ་དང་ནང་མི་རྣམས་ཧ་ཅང་དྲན་གི་འདུག”
ངའི་མིག་མཐའ་ལ་མཆི་མ་འཁོར། སེམས་ཀྱི་དཀྱིལ་ལ་མདའ་ཟུག་པ་ལྟར་ཟུག་གཟེར་ཞིག་ལངས། ངས་ཁོའི་གདོང་ལ་ཡང་ལྟ་མི་ནུས། ལོ་མང་ཉུང་དང་ས་ཆ་མི་གཅིག་པ་ཙམ་རེད་མ་གཏོགས། ཁོའི་གནས་ཚུལ་འདི་དག་ནི་ངའི་ལོ་རྒྱུས་རེད། ང་ལ་བྱུང་བའི་གནས་ཚུལ་དང་ཆ་ཆ་རྐྱང་རེད། གནམ་རྒན་མ། འཇིག་རྟེན་འདི།
གནའ་མིའི་ཁ་དཔེ་ལ། ས་མཐའ་ན་སྐྱིད་མེད། རང་ཡུལ་ན་སྡུག་མེད།
ད་ཁྱོས་འདི་འདྲ་མ་འབྲི། སེམས་པ་མི་སྐྱིད་གི སྐྱིད་པོ་མེད་ན་ཡང་སྐྱིད་པོ་ཡོད་མདོག་དང་། ཡང་ས་མཐའ་ནས་ཕ་ཡུལ་དྲན་ན་ཡང་མི་དྲན་མདོག་མདོག་བྱས་ན་དེའི་ཅུང་ཟད་ཕན་གྱི་རེད།
གྲོགས་པོ་ཚོ། ང་ཚོའི་ས་མཐའ་སྐྱིད་པོ་མི་འདུག་ཟེར་ནས་ཨི་ཚུག་མ་བྱེད་དང་། ང་ཚོ་ཆིག་སྒྲིལ་བྱེད་ནས་བདེན་པས་ཕ་ཡུལ་རྩོད་ལེན་བྱེད།
ས་སྐྱིད་པོ་གངས་རི་རྭ་བས་བསྐོར། །
ས་དེ་ན་གནས་པའི་ཕ་མ་གཉིས། །
ངས་སྤྲང་རྒན་ཡིད་ལ་བསལ་ལེ་འཆར། །
ང་ས་མཐའི་བུ་ཆུང་སེམས་པ་སྐྱོ། །
རྒད་པོ་ཁྱོས། ད་འདི་འདྲ་མ་འབྲི། སེམས་གཏིང་ཞིག་ནས་ངུ་རྒྱུ་ཡོང་གི
བོད་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་རུང་མ་ཕྱིན་རུང༌། ས་མཐའ་ནས་མི་ཤི་ཁོ་ཐག་ཡིན།
ཨོ་ལེ། ད་དཀའ་ཐེ་ཡ། ཕ་ཡུལ་ནས་ཁོང་མ་འཁྱོལ། མི་ཡུལ་ནས་རྗེས་མ་ཟིན། ལག་སྟོང་གི་ཕ་ཡུལ་ལ་ལོག་གི་ཡིན་ཟེར། ཨ་མདོ་ཟེར་བ་འདི་ཚོ་ལ་འཇོན་ཐང་མེད་ཐེ།