ཁ་བའི་འབྲོག་མོ།
ལྷོ་སྤྲིན་ཕུང་བ་གམ་དགུ་བརྩེགས་དེ་འཁྲིགས་པས།།
ཆར་རྒོད་པོ་འབབ་རྒྱུའི་སྔ་ལྟས་དེ་མངོན་བྱུང་།།
མཚོའི་བདག་པོ་གཡུ་འབྲུག་སྔོན་མོ་དེར་ཞུ་བ།།
དྲག་ཆར་བ་ལྷགས་རླུང་བཙན་པོ་ཞིག་མ་འབབ།།
གཏིང་ཟབ་པའི་རྒྱ་མཚོའི་ཀློང་རིམ་གྱི་དབུས་ན།།
སེམས་ཤོར་ས་ནོར་བུ་དགའ་འཁྱིལ་དེ་ཡིན་པས།།
སྡུག་དཀའ་ངལ་རི་རབ་མགོ་ཐོག་ལ་བརྩེགས་ཀྱང་།།
སྣང་འཛེམ་དོགས་མེད་པར་མདུན་ཕྱོགས་སུ་བསྐྱོད་དོ།།
ཡིད་འོང་བའི་ནོར་བུ་ཁོ་ན་དེ་སྒོམ་ནས།།
འོད་འཚེར་བའི་ནོར་བུ་སེམས་གཏིང་ལ་ཉར་ཡོད།།
ཀླུ་ཀླུ་མོའི་ཕྲག་དོག་གློག་ཞགས་དེ་རྒོད་ཀྱང་།།
ནོར་བདག་པོ་བྱེད་པོ་འབྲོག་ཐང་གི་བུ་མོ།།
ལུས་གསོ་བྱེད་འབུ་ཕྲ་སྟོང་འགྱུར་དེའི་ངོ་བོ།།
ཡིད་་མི་འགྱུར་དུངས་སེམས་ལྷད་མེད་ཀྱི་ཁྲག་རྒྱུན།།
ནོར་གཟི་མིག་དགུ་འཁྱིལ་གཅིག་པུ་ལ་བཅོལ་ཡོད།།
འབྲོག་བུ་མོའི་གཙུག་གི་རྒྱན་ཆ་རང་དེ་ཡིན།།
དུངས་བརྩེ་སེམས་དམར་ཆུང་གནས་པ་ཡི་དཀྱིལ་ན།།
ནོར་གཅིག་པུའི་གཤིས་ཀ་ཉག་གཅིག་དེ་བཞེངས་ཡོད།།
བསྐལ་སྟོང་འགྱུར་ངོ་བོ་འཁྱུག་ཙམ་ཞིག་ཡིན་ཡང་།།
རྟག་རྡོ་རྗེ་རང་མདངས་འགྱུར་བ་རང་མི་འདུག།
ནོར་ཁྲི་ཕྲག་འབུམ་འགྱུར་མང་པོ་ཡི་གསེབ་ན།།
ཡིད་འགྲོ་བའི་ནོར་བུ་རིན་ཆེན་དེ་གཅིག་པུ།།
མདོག་བྱུ་རུའི་རང་མདངས་མངོན་པ་དེ་བྱུང་བ།།
ཆུང་བྱམས་པའི་རང་གཤིས་ལྷད་མེད་རང་དེ་ཡིན།།
ལྷོ་སྤྲིན་ཕུང་བ་གམ་དགུ་བརྩེགས་དེ་འཁྲིགས་པས།།
ཆར་རྒོད་པོ་འབབ་རྒྱུའི་སྔ་ལྟས་དེ་མངོན་བྱུང་།།
མཚོའི་བདག་པོ་གཡུ་འབྲུག་སྔོན་མ་དེར་ཞུ་བ།།
དྲག་ཆར་བ་ལྷགས་རླུང་བཙན་པོ་ཞིག་མ་འབབ།།
༢༣།༠༤།༢༠༡༣
བཀླགས་ཟིན།
ནོར་ཁྲི་ཕྲག་འབུམ་འགྱུར་མང་པོ་ཡི་གསེབ་ན།།
ཡིད་འགྲོ་བའི་ནོར་བུ་རིན་ཆེན་དེ་གཅིག་པུ།།
མདོག་བྱུ་རུའི་རང་མདངས་མངོན་པ་དེ་བྱུང་བ།།
ཆུང་བྱམས་པའི་རང་གཤིས་ལྷད་མེད་རང་དེ་ཡིན།།
གོང་གི་དེ་མདོ་བསྡུས་ན་འདི་མོ་ཟིག་ཟེར་གི་ཡོད་ནི་ཨེ་རེད།
ནོར་བའི་ནང་གི་དགའ་ས་རིན་ཆེན་ནོར། བྱམས་པའི་གཤིས་ཀ་ལྷད་མེད་བྱུ་རུའི་མདངས་ཅན་ལ་དགའ།
མགོ་ནས་མཇུག་བར་དུ་བལྟས། འོན་ཀྱང་རྩོམ་འདི་ལ་གཡག་གསར་གྱི་ཉམས་འདུག