འཛམ་དཔལ།
ཡུལ་གྲུ་ཀུན་ལ་ཕན་པའི་སྐད་ཡིག་ཅིག །
མཛེས་སྡུག་ལྡན་པའི་ཁ་བའི་ལྗོངས་སུ་འབུས།།
ཕ་ཤུལ་བུ་འཛིན་བརྒྱུད་ཀྱི་གཅེས་ཚགས་འོག།
བསྟོད་པའི་འོད་སྣང་འཇིག་རྟེན་ཡོངས་ལ་བཀྲ།།
རྣམ་དཔྱོད་ཀྱི་གཤོག་རྩལ་ཡོངས་སུ་རྒྱས་པའི་ཐོན་མིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྟོབས་ཤུགས་དང་དབང་ཐང་ཆེ་བའི་རྒྱལ་ཁབ་བོད་ལྟ་བུ་ཞིག་ལ་སྤྱི་ཡོངས་སུ་ཁྱབ་པའི་ཡི་གེ་ཞིག་མེད་པར་ཐུགས་ཁྲལ་གནང་བཞིན་པའི་སྐབས་དེར། ངལ་བ་ཁྱད་དུ་བསད། བློ་རྩེ་གཅིག་ཏུ་སྒྲིམ། དམ་བཅའི་ཁུར་བོ་གདེགས་ཐབས་བྲལ་བ་ཞིག་འཕྲག་ཏུ་འདེགས་ནས་རྒྱ་གར་ཚ་བའི་རུང་ནས་བོད་ལ་མཁོ་བའི་ཡི་གེ་གསལ་བྱེད་སུམ་ཅུའི་བོད་ཀྱི་ཐ་སྙད་ཀུན་ལ་འགྲོ་བའི་སྤོབས་པ་དང་གདེངས་ཚོད་ལྷན་དུ་ཕྱིར་ཁ་བ་ཅན་གྱི་ཡུལ་ལྗོངས་སུ་ཕེབས། དུས་ཀྱི་དཀྱོགས་མཚམས་དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་དེ་མིན་བློ་གསལ་ལ་རྣམ་རིག་བཀྲ་བའི་མདུན་ན་འདོན་འགའ་ཞིག་གིས་ཕུགས་རྒྱང་རིང་པོའི་བསམ་བློའམ་ལས་དབང་གིས་སྟེས་དབང་འོག་རྒྱ་གར་ནས་རྩ་ཆེན་ནང་ཆོས་བོད་དུ་གདན་འདྲེན་རྒྱུའི་ཞལ་ཁ་འཆམས། སྐབས་དེ་ནས་བཟུང་རྒྱལ་པོ་རིམ་བྱོན་རྣམས་ཀྱིས་ངལ་བ་དང་དཀའ་ཚེགས་དུ་མ་ལ་བརྟེན་ནས་བོད་དུ་རྒྱ་གར་གྱི་མཁས་དབང་རྟོག་གེས་སྤྱོད་ཡུལ་ལས་འདས་པ་མང་པོ་ཞིག་གདན་དྲངས་ཐུབ་ཡོད་ལ། རྒྱ་གར་གྱི་ལེགས་སྦྱར་ནང་བཞུགས་པའི་སངས་རྒྱས་ཀྱི་གསུང་རབ་དེ་ཡང་མདོ་སྔགས་ཟུང་འབྲེལ་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བ་ཞིག་ཀྱང་བོད་སྐད་ཐོག་སྒྲ་ཐད་བསྒྱུར་བྱས་ཡོད།
སྐབས་དེར་གསུང་རབ་ཁག་བསྒྱུར་སྐབས་ཁ་གསལ་པོ་དང་སྡེབ་སྦྱོར་དང་ཚིག་སོགས་ལེགས་སྦྱར་སྐད་ཀྱི་ནང་དོན་དང་མཐུན་པའི་སྒོ་ནས་བསྒྱུར་ཙང་དེང་དུས་ཀྱི་ཆར་དཀའ་ཁག་དེ་ཙམ་མེད་པའི་ཐོག་ནས་ལེགས་སྦྱར་ནས་བོད་སྐད་དང་། བོད་སྐད་ལས་ལེགས་སྦྱར་སྐད་ཀྱི་ཐོག་སྟབས་བདེ་པོ་དང་མགོ་རྙོག་མེད་པར་བསྒྱུར་ཐུབ་ཀྱི་ཡོད། སྤྱིར་གཞོན་ནུ་དོན་གྲུབ་སངས་རྒྱས་རྗེས་ཆོས་འཁོར་རྣམས་ལེགས་སྦྱར་ལྷའི་སྐད་དང་པཱ་ལིའི་སྐད་ཐོག་གསུང་ཡོད་ཅེས་འཆད་རྩོལ་འདུག་ཀྱང་དེང་དུས་ཀྱི་ཆར་གསུང་རབ་པོ་ཏི་དེ་རྣམས་མིག་མཐོང་ལག་ཟིན་དུ་གྱུར་པ་ནི་བོད་སྐད་ཐོག་ཡོད་པའི་མདོ་སྔགས་གཉིས་ཀའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཚང་བ་ཞིག་གང་ན་ཡང་རྙེད་སོན་མེད་པ་གདོན་མི་ཟའོ།
སྤྱིར་བཏང་ནང་པའི་ཆོས་ཀྱི་སྐད་དེ་ལ་བཞི་བརྩི་ཁུལ་བྱེད་ཀྱི་ཡོད་པ། པཱ་ལི་དང་། སམ་སྐྲྀཏ། བོད་སྐད། རྒྱ་མིའི་སྐད་བཅས་རེད། འོན་ཀྱང་རྒྱ་སྐད་ནང་གསུང་རབ་ཆ་ཚང་བ་ཞིག་བསྒྱུར་ཐུབ་མེད་པ་༧གོང་ས་མཆོག་ནས་སྔར་རྡོར་གདན་དུ་དུས་འཁོར་དབང་ཆེན་སྐབས་༼ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ཆ་ཚང་བ་ཞིག་བོད་སྐད་ཐོག་མ་གཏོགས་མེད་དུས་གལ་གནད་ཆེར་བཟུང་ནས་རྒྱ་སྐད་དང་དེ་མིན་སྐད་རིགས་གཞན་སོགས་ཀྱི་སྐད་ཐོག་ཕར་བསྒྱུར་ཐུབ་ན་དེ་ཡང་བསྟན་པ་ལ་ཞབས་འདེགས་རེད༽ཅེས་གསུངས་པ་ནས་རྟོགས་ཐུབ།
ད་ལྟའི་ཆར་སྐད་རིགས་འདྲ་མིན་ཐོག་ཡོད་པའི་སངས་རྒྱས་ཀྱིས་གསུང་རབ་ཁག་བཙལ་ན་གཙོ་བོ་སྐད་ཡིག་བཞིའི་ཐོག་ལ་ཡོད་པ། དཔེར་ན། སམ་སྐྲྀཏའི་སྐད་ཀྱི་ནང་དུ་དེང་སང་ང་ཚོར་རག་བཞིན་པ་ཆོས་ཚན་བརྒྱ་ཡང་ལོང་གི་མེད་པ། དེ་མིན་པཱ་ལིའི་ཐོག་ནས་དེང་དུས་ཀྱི་ཆར་ནང་པའི་རིག་གཞུང་ཧ་ཅང་ཉུང་ཉུང་ཞིག་ལས་རག་གི་ཡོད་མ་རེད། བཀའ་ཡོངས་རྫོགས་མཆན་དང་བཅས་པ་བསྡོམས་ན་དེབ་གྲངས་བཞི་བཅུ་ཞེ་དྲུག་ཙམ་ལས་རག་གི་མེད་པ་ཟམ་གདོང་རིན་པོ་ཆེས་གསུངས་ཞིག་གི་ནང་ནས་འདིར་བཤུས། རྒྱ་མིའི་སྐད་ཀྱི་ཐོག་ཐོག་མར་སམ་སྐྲྀཏའི་སྐད་ནས་བསྒྱུར་སྐབས་སྐད་ཀྱི་འགྲོ་སྟངས་ལོགས་ཀ་ཡིན་པས་ན་དོན་བསྒྱུར་བྱས་པ་ལས་སྒྲ་འགྱུར་གནང་ཐུབ་མེད་ལ་དེང་དུས་ཀྱི་ཆར་དོན་བསྒྱུར་ཡོད་པ་རྣམས་ཀྱང་མིའི་ཤེས་རབ་ཀྱི་མ་ལྕོགས་ཙང་བེད་མེད་འོག་གར་སོང་ཆ་མེད་དུ་གྱུར་པ་དེ་བས་མང་། བོད་སྐད་ནས་ལེགས་སྦྱར་དུ་ཚུར་བསྒྱུར་བའི་སྐབས་ཧ་ལམ་ཚིག་ཇི་མ་ཇི་བཞིན་སླེབས་ཐུབ་པའི་གནས་སྟངས་ཤིག་ཡོད། སྐབས་འདིར་ངའི་བརྗོད་བྱ་དང་བརྗོད་བྱེད་ཀྱི་སྐུད་འབྲེལ་མཚམས་འདི་ནས་མཐུད་ན། སྐབས་འདིར་ངའི་བརྗོད་བྱ་ནི་བོད་ཀྱི་སྐད་ཡིག་འདི་འཛམ་གླིང་སྤྱི་ལ་གལ་གནད་ཆེ་བའི་སྒྲུབ་བྱེད་འགའ་ཞིག་བཀོད་ན། དེ་ཡང་དུས་རབས་ཉེར་གཅིག་པ་འདིའི་ནང་གྲངས་ཉུང་མི་རིགས་ཤིག་གི་སྐད་ཡིག་འདི་ལ་འཛམ་གླིང་སྤྱི་ལ་སྨན་པའི་ལས་ཤིག་ག་ལ་ཕན་དགོངས་སྲིད་ཀྱང་། འཛམ་གླིང་གི་སྡེངས་ཆའི་ཐོག་ནས་མིག་རྒྱང་རིང་པོས་བལྟས་པ་ཡིན་ན་དུས་རབས་ཉི་ཤུ་པ་ནི་ཕྱིའི་རྣམ་པ་དང་སྟོབས་ཤུགས་སོགས་རྒྱལ་ཁབ་ནང་ཕན་ཚུན་འགྲན་པའི་དུས་རབས་ཤིག་དང་། མ་ཟད་དོན་མེད་སེམས་ཅན་མང་པོ་ཞིག་གི་སྲོག་གིས་རྩེད་མོ་རྩེས་པའི་དུས་རབས་འཇིགས་སུ་རུང་བ་ཞིག་ཡིན།
འོན་ཀྱང་དུས་དང་ཁོར་ཡུག་དེ་མིན་མིའི་སེམས་ཁམས་ཀྱིས་འགྱུར་འགྲོའི་འོག་དུས་རབས་འདི་ནི་ཞི་བདེ་དང་བྱམས་བརྩེ་དེ་མིན་ཕན་ཚུན་འཆམ་མཐུན་གྱི་དཀྱིལ་འཁོར་ཞིག་ཆགས་ཡོང་བའི་སྐབས་འདིར། ད་གཟོད་ཐམས་ཅད་ཀྱིས་ཞི་བདེ་ལྡན་པ་དང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་ལ་རང་ཉིད་ཀྱི་སེམས་བཅོས་དགོས་པའི་རིག་པ་འདི་རྙེད། རིག་པ་འདི་ལེགས་སོན་ཡོང་བར་ཐབས་ལམ་གཅིག་ཡོད་པ་ནི་ཚན་རིག་དང་དེ་མིན་ཆོས་ལུགས་གཞན་གང་གིས་ནང་མེད་པའི་ནང་པའི་ལྟ་གྲུབ་ཁོ་ན་ཡིན། གྲུབ་སྟེ་དེ་ཡང་ང་ཚོ་ནང་པའི་གཞུང་ནང་ཡོད་པའི་མངོན་པ་མཛོད་(abhidhramakosh)ཞེས་པ་དེའི་ནང་སེམས་དང་སེམས་བྱུང་སོགས་ཀྱི་སྐོར་ཕྲ་བ་ཡོད་ཙང་དབྱིན་སྐད་ཐོག་མཚམས་རེར་(science of mind)ཅེས་བརྗོད་པ་དེའི་ནང་ཐོག་མར་སེམས་བཅོས་པ་ལ་ཡང་རང་རྒྱུད་ལ་ཡོད་པའི་ཉོན་མོངས་དུག་གསུམ་དེ་དག་ཀུན་ནས་འབྱུང་ས་དང་དེ་དགག་པའི་ཐབས་གང་དང་གང་ཡོད་མེད་སོགས། མདོར་ན་སེམས་བཅོས་པར་བྱ་བ་ལ་སྨན་ལྟ་བུ་ཞིག་ཆགས་ཡོད་པ་དེ་ནས་གྲུབ། གཉིས་ནས་དབུ་མ་བཞི་བརྒྱ་པ་དང་དེ་མིན་བཤེས་སྤྲིང་སོགས་ཀྱི་ནང་ཁྱིམ་པ་ཞིག་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་རང་འགན་རང་སྲུང་གནང་དགོས་པའི་བླང་དོར་གྱི་ལེགས་པའི་ཆ་དེ་དག་ཆོས་ལུགས་གཞན་གང་ན་ཡང་མེད་པའི་གདམས་ངག་དེ་དག་གིས་རང་ཉིད་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་པའི་ནུས་པ་ཡོད་ཙང་ཆོས་ལུགས་འདི་འཛམ་གླིང་ཀུན་ལ་དགོས་འདོད་ཀུན་འབྱུང་ཆགས་རྐྱེན་དང་། དམིགས་བསལ་ད་ལྟའི་ཆར་བོད་ཀྱི་ཐུན་མོངས་མ་ཡིན་པའི་རིག་གཞུང་འདི་ཆགས་བསྡད་ཡོད་དུས་འཛམ་གླིང་ཡུལ་གྲུ་ཀུན་ལ་གལ་གནད་ཆེ་བའི་རྒྱུ་མཚན་གཅིག་ནི་འདི་ནས་རྟོགས།
ཟམ་གདོང་བླ་མ་མཆོག་ནས་༼སྐད་ཡིག་གང་ཞིག་མི་ཉུང་ཉུང་ལས་བེད་སྤྱོད་གཏོང་མཁན་མེད་པ་ཡིན་ན་ཡང་། སྐད་ཡིག་དེའི་ནང་ལ་འཇིག་རྟེན་གྱི་མི་ཡོངས་རྫོགས་ལ་དགོས་མཁོ་ཡོད་པའི་རིག་པའི་རྣམ་གཞག་ཉུང་ཉུང་ཅིག་ལས་མེད་ནའང་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད༽ཅེས་གསུངས་པ་ལྟར་རྣམ་དཔྱོད་ཀྱིས་བརྟགས་ན་དངོས་གནས་དོན་ལ་གནས། སྤྱིར་བོད་ཀྱི་སྐད་ཡིག་འདི་བོད་པ་རང་གིས་བེད་སྤྱོད་པ་དང་། དེ་མིན་བོད་པའི་རིག་གཞུང་ལ་རྒྱུས་ལོན་ཆེད་མི་རིགས་གཞན་གྱིས་བེད་སྤྱོད་པ་དང་། ཡང་རིགས་འགའ་ཞིག་གིས་ལྟ་གྲུབ་སོགས་ལ་ཉམས་ཞིབ་དཔྱིས་ཕྱིན་པ་ཞིག་ཡོང་ཆེད་བོད་ཀྱི་སྐད་ཡིག་བེད་སྤྱོད་མཁན་གསུམ་ཡོད་པའི་ནང་ནས། བོད་པ་རང་གིས་བེད་སྤྱོད་མཁན་ནི་ས་ཡ་དྲུག་ལས་མེད་པས་ན་བོད་པ་ཡིན་མཁན་གྱི་གྲངས་འབོར་གྱིས་བོད་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་བརྒྱ་ཆ་བཅུ་ཙམ་ཡང་ཟིན་གྱི་ཡོད་པ་མ་རེད་ཅེས་བཤད་ཀྱི་ཡོད་ཀྱང་བོད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་དེ་བྱེ་བ་དྲུག་བརྒལ་འགྲོ་གི་ཡོད་པ་དེ་ནས་ང་ཚོས་རྟོགས་ཐུབ་པ་ཞིག་ནི་བོད་པ་ལ་བོད་ཡིག་དེ་ཇི་ཙམ་གལ་ཆེ་བ་དེ་ལས་མང་བ་འཇིག་རྟེན་གྱི་མི་གཞན་དག་ལ་གལ་ཆེ་བ་ཡིན་པ་ཡང་ར་འཕྲོད་ཀྱི་ཡོད་པ་རེད། ཚན་རིག་པ་དང་དེ་མིན་ནུབ་ཕྱོགས་པ་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་ཐོག་དམིགས་བསལ་དོན་སྣང་དང་བསླབ་པ་བྱེད་བཞིན་ཡོད་པ་དེའི་ཁོང་ཚོའི་ཕ་སྐད་ནང་ཐ་སྙད་ཀྱིས་ཕུང་པའམ་འཇིག་རྟེན་གྱི་བྱ་དངོས་ལ་ཐ་སྙད་ཀྱི་མི་འདངས་པ་ནི་ག་ལ་ཡིན། འོན་ཀྱང་ནང་པའི་ཚན་རིག་གམ་ནང་ཆོས་དེའི་གོ་བ་དཔྱིས་ཕྱིན་པ་ཞིག་རྟོགས་པར་བོད་ཀྱི་སྐད་ཡིག་ཁོ་ནར་བརྟེན་དགོས་པ་གཟིགས་ནས་དེང་དུས་ཀྱི་ཆར་བོད་ཀྱི་སྐད་ཡིག་སྦྱང་མཁན་ཁྱུ་ཞིག་འབྱུང་དང་བྱུང་བཞིན་པ་ཡིན།
རྒྱུ་མཚན་དེ་འདྲ་མང་པོ་ཞིག་ལ་བརྟེན་ནས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་དེ་མིིན་བློ་གཟུ་བོར་གནས་པའི་མཁས་དབང་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་དེ་(universal importance) ཡོངས་ཁྱབ་ཀྱི་གལ་ཆེན་ཆགས་ཡོད་ཚུལ་སྐོར་གསུངས་ཡོད། དམིགས་ཀྱིས་བཀར་ནས་ང་ཚོའི་སྐད་ཡིག་ལ་བརྟེན་དགོས་པ་དེ་མངོན་པ་དང་དབུ་མ། འདུལ་བ། མཛོད། ནང་པའི་ཚད་མའི་བསྟན་བཅོས་ཆ་ཚང་བ་དེ་དག་བོད་ཀྱི་སྐད་ཡིག་ནང་སློབ་སྦྱོང་གི་བརྒྱུད་པ་དང་གནས་ཡོད་པ་རེད་ཅེས་ཟམ་གདོང་བླ་མ་མཆོག་ནས་གསུངས་ཡོད། དེང་དུས་བོད་པ་ན་གཞོན་མང་པོ་ཞིག་གིས་རང་མི་རིགས་ཀྱི་སྐད་ཡིག་ལ་སྣང་ཆུང་དང་འབྲེལ་མེད་དོན་གཞན་གྱི་ཅ་དངོས་ཤིག་ཏུ་རྩིས་བཞིན་ཡོད་པ་དེ་ནི་དེའི་རྒྱབ་ལྗོངས་ཀྱི་རིན་ཐང་དང་འཛམ་གླིང་ཡོངས་ལ་ཕན་པ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་དེ་མ་རྟོགས་པའི་ཞན་ཆ་ལོས་ཡིན། མི་རིགས་གཞན་གྱིས་དེ་ལ་བསླབ་པ་དང་གལ་གནད་ཆེར་བཟུང་ན་ང་ཚོ་བོད་མི་ས་ཡ་དྲུག་འཛམ་གླིང་འདིར་གནས་མི་གནས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཆགས་ཡོད་དུས་དེ་ལ་གཅེས་ཚགས་བྱ་དགོས་པ་སྨྲ་བསམ་བརྗོད་མེད་ཡིན།
ཐོན་མིས་བོད་སྤྱི་ལ་དབང་བའི་སྐད་ཡིག་བཟོས་པའི་རྗེས་སུ་ཡང་མ་འདང་བའི་ཆ་མང་པོ་ཞིག་ཡོད་པ་དེ་རྣམས་ཕྱིའི་གསར་བཏོད་ཀྱི་ཚད་གཞི་མཐོན་པོར་སོན་ཙང་དེ་ལ་ཐ་སྙད་ཀྱི་མི་འདང་བ་རེད་མ་གཏོགས་ནང་ཆོས་ནང་ཡོད་པའི་ཐ་སྙད་དང་ཚིག་སོགས་ལ་བོད་སྐད་ཀྱི་མི་འདང་བ་དང་། དེ་མིན་བསྟན་བཅོས་སོགས་ཀྱི་དོན་ཇི་མ་ཇི་བཞིན་འགྲེལ་བརྗོད་གནང་མི་ཐུབ་པའི་དཀའ་ཁག་ནི་སྔར་ནས་བྱུང་མེད་ལ་ད་དུང་ཡང་བསྒྱུར་བདེ་པོའི་སྒོ་ནས་གཞུང་རྣམས་སྒྱུར་ཡོད། གུས་པས་བསམ་ཚུལ་ལྟར་ན་ཕྱོགས་གཅིག་ནས་སྔར་བྱོན་ལོ་པཎ་རྣམས་ཀྱིས་སྒྲ་འགྱུར་གནང་ཡོད་པ་དེ་ཡང་བོད་སྐད་ལ་ལེགས་སྦྱར་ཐོག་ནས་སྒྲ་འགྱུར་བྱས་ན་བྱས་ཐུབ་པའི་ནུས་པ་ཡོད་པའི་ཉེར་ལེན་དང་། ཁོང་རྣམས་ཀྱིས་ལེགས་སྦྱར་ནས་ཚུར་བསྒྱུར་སྐབས་ཚིག་རེ་རེ་བཞིན་སྒྲ་འགྱུར་བྱས་པས་ན་ད་ལྟའི་ཆར་འཛམ་གླིང་གི་སྐད་ཡིག་གང་གིས་ཀྱང་ལེགས་སྦྱར་ནས་ཚུར་བསྒྱུར་སྐབས་དོན་ཇི་མ་ཇི་བཞིན་བཏོན་མི་ཐུབ་པ་དེ་བོད་ཀྱི་སྐད་ཡིག་ནང་ལས་སླ་པོའི་སྒོ་ནས་བཏོན་ཐུབ་ཡོད།
སྤྱིར་བོད་ཀྱི་ནང་ཆོས་ནང་ཡོད་པའི་མངོན་པ། མཛོད། དབུ་མ་པ་སོགས་སྐད་རིགས་འདྲ་མིན་ནང་བསྒྱུར་ཡོད་ཀྱང་ཚིག་མང་པོ་མ་འདངས་པ་དང་བརྡ་ཇི་བཞིན་མ་འཕྲོད་པར་བརྟེན་ཆེད་ལས་པ་དང་ཉམས་ཞིབ་པ་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་ལ་དོན་སྣང་དང་སྦྱང་བརྩོན་གནང་གི་ཡོད་པ་དེ་ཡང་ང་རང་ཚོ་བོད་ཀྱི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད་སྙམ་ནས་ངེས་པར་དུ་གཅེས་ཚགས་བྱ་དགོས། སྤྱིར་མཐོང་རྒྱ་དང་ཐོས་རྒྱ་སོགས་གང་ཅིའི་ཐད་ནས་ཕུངས་པའི་བློ་དམན་ངས་བོད་ཡིག་འཛམ་གླིང་སྤྱི་ལ་གལ་གནད་ཆེ་སྐོར་རྒྱ་མཚོ་ལས་ཆུ་ཐིགས་ཙམ་ལས་བཀོད་ཐབས་བྲལ་ཡང་གོང་གི་རྒྱུ་མཚན་དེ་དག་ནི་དུས་རབས་ཉེར་གཅིག་གི་སྡེངས་ཆའི་ཐོག་ནས་བལྟས་ན་ཞ་ར་ཡིན་ཡང་མཐོང་ཐུབ་པ་ཞིག་དང་། འོན་པ་ཡིན་ཡང་གོ་ཐུབ་པ་ཞིག་ཆགས་འདུག་ཅེས་གུས་པའི་མགྲིན་པ་གཟེངས་སུ་གདེགས། སྐད་གསེང་མཐོན་པོའི་ངང་ནས་བདེན་དོན་གྱི་འབོད་ཚིག་མཁའ་རུ་གྱེར་འདོད་བྱུང་།།
རྩོམ་བྲིས་མཁན་གྱི་སྨྱུག་མིང་འཛམ་དཔལ་ཡིན་པ་ལས་འཇམ་དཔལ་མིན་པ་རྩོམ་ཀློག་མཁན་དང་ཁ་བརྡའི་སྟངས་འཛིན་པ་རྣམས་ནས་ངེས་པར་དུ་ཐུགས་ལ་འཇག་རོགས།
དཀོན་མཆོག་མཁྱེན། ད་ཁུངས་ལུང་མེད་པའི་སྐད་ཆ་འདི་འདྲ་གསུངས་ནས་སྣང་བ་སྐྱིད་པོ་ཡོང་ཐབས་མ་གནང་རོགས།
རྩོམ་པ་པོ་མཆོག་ལ་བཀའ་འདྲི་ཞུ་རྒྱུར། ཁྱེད་ཀྱིས་གསུངས་པ་ལྟར་ན་བོད་ཡིག་མ་ཤེས་ན་སངས་རྒྱས་ཀྱི་དགོངས་དོན་ཆ་ཚང་བ་ཞིག་རྟོགས་མི་ཐུབ་ཟེར་བཞིན་ཡོད་པ་འདྲ། དེ་ཡིན་ན་པ་ལིའི་སྐད་དང་རྒྱ་ནག་གི་སྐད་སྟེང་ནས་ནང་ཆོས་སློབ་གཉེར་བྱེད་མཁན་ཚོས་ཐར་པ་ཐོབ་མི་ཐུབ་པ་རེད་དམ། ཁྱེད་ཀྱིས་དམ་བཅའ་འདི་འཛིན་ཐུབ་བམ།
ལོ་གསུམ་སྔོན་ལ་ངས་བཤད་ཡིན། ན་ལེནྜའི་པཎ་གྲུབ་ཚོས་བོད་སྐད་ཤེས་གི་ཡོད་རེད་དམ།
བཅོས་སྒྲུང་དེ་སྙན་པོ་བྱུང།
ན་ལེནྜའི་པཎ་གྲུབ་རྣམས་འདས་ཟིན་པ་རེད་ལ། ཁོང་ཚོས་དར་སྤེལ་གནང་བའི་ནང་ཆོས་ཀྱང་ཁོང་ཚོའི་ཕ་ཡུལ་ན་ཧ་ལམ་ནུབ་ཟིན་པ་རེད། ད་སྐབས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་ནང་ཆོས་ཀྱི་ཁུང་གཏུག་ས་ངོ་མ་ནི་བོད་ཡིག་ཐོག་ལ་ཡོད་པའི་བཀའ་བསྟན་འགྱུར་འདི་ཚོ་ཡིན་པ་གསལ་པོ་རེད། གོང་ས་མཆོག་གི་བཀའ་སློབ་ལས་ཀྱང་ཧ་ཅང་གསལ་པོ་རེད།
གྲོགས་ལུང་རྟོགས་ཀྱིས་གསུང་པ་ཅི་འདྲའི་མི་བདེ་ནམ། ལེགས་སྦྱར་ལྷའི་སྐད་དང་པ་ལིའི་སྐད་སོགས་ཀྱི་ནང་ཁ་མིག་བསྒྲད་ནས་ཤིག་ལྟོས་ན་ཐེག་ཆེན་གྱི་གཞི་ལམ་འབྲས་གསུམ་ཆ་ཚང་བ་ཞིག་ད་ལྟའི་ཆར་མཇལ་རྒྱུ་ཡོད་པ་ནི་བོད་ཀྱི་སྐད་ཡིག་ནང་ཁོ་ནར་མ་གཏོགས་མེད་པ་བསྙོན་མེད་ཡིན། བྱས་ཙང་དེ་འདྲའི་རྩ་ཆེན་ནོར་བུ་དེའི་དོན་ཇི་མ་ཇི་བཞིན་སྟོན་ཐུབ་པ་ཞིག་ནི་བོད་ཀྱི་སྐད་ཡིག་ཁོ་ན་ཡིན་པ་སྤྱི་ཚོགས་ནང་རྣ་བ་གཏད་ན་བོད་པ་ཙམ་མ་ཡིན་པར་ནུབ་ཕྱོགས་པའི་ནང་བརྗོད་མཁན་ཧ་ཅང་མང་།
གོང་མཆན་བུ་ཁག་གི་ནང་ནས་སྤོབས་པ་མཐའ་ཡས་ཀྱི་ལན་དུ། སྔར་ཡིན་པ་ལེགས་སྦྱར་ལྷའི་སྐད་དང་དེ་མིན་པ་ལིའི་སོགས་ཀྱི་སྐད་ཀྱི་ནང་ཐེགས་ཆེན་གྱི་གཞི་ལམ་འབྲས་གསུམ་ཆ་ཚང་བའི་རྣམ་གཞག་བཞུགས་ཡོད་པར་བརྟེན་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་བྱེད་ཀྱི་རྒྱུ་ཡོད་དང་ཡོད། འོན་ཀྱང་དུས་ཀྱི་འགྱུར་ལྡོག་དང་ཁོར་ཡུག་གི་འགྱུར་ལྡོག་དེ་མིན་སྨྱུགས་དུས་འདིར་མིའི་བསོད་ནམས་ཉམས་ཙང་སངས་རྒྱས་ཀྱི་གསུང་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནས་མང་པོ་ཞིག་རྩ་མེད་དུ་ཕྱིན་ཡོད་པ་རྒྱ་གར་གྱི་ལོ་རྒྱུས་ལས་ཀྱང་གསལ། དེ་བས་ན་ད་ལྟའི་ཆར་རྣམ་གཞག་ཆ་ཚང་བ་ཞིག་བོད་ཡིག་ཐོག་ཡོད་པ་ཙམ་མ་ཟད་གོ་དོན་ཇི་མ་ཇི་བཞིན་རྟོན་ཐུབ་པས་ན་བོད་ཀྱི་སྐད་ཡིག་འདི་སྤྱི་ཡོངས་ལ་གལ་ཆེན་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་འདི་ནས་ཡིན། རྒྱུ་མཚན་འདུག་གམ་གྲོགས་སྤོབས་པ་མཐའ་ཡས་ལགས། ཤེས་ཡོན་གྱི་ལྡེ་མིག་མང་པོ་ཞིག་བགྲོ་གླེང་གི་གསེབ་ནས་ལག་སོན་བྱུང་སྲིད་པས་འདི་འདྲའི་ཐོག་ལ་བགྲོ་གླེང་མང་ཙམ་གནང་ན་ཧ་ཅང་གི་ཡག་གི
དེ་འདྲ་ལབ་རྒྱུ་ཨེ་ཡོད་ན། ང་ཚོ་ལ་མེད་པ་ཁོང་ཚོ་ལ་ཡོད་པ་ཡང་མང་པོ་ཡོད་རྒྱུ་རེད། འདུལ་བ་ལྟ་བུ་ཡིན་ན་བོད་སྐད་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་གཞུང་ཁ་ཤས་མ་གཏོགས་འགྱུར་མེད་པ་རེད། ཐེག་ཆེན་གྱི་གཞི་ལམ་འབྲས་གསུམ་ནི་རྒྱ་བརྒྱུད་ནང་བསྟན་ལ་ཡང་ཡོད་པ་གཅིག་མཚུངས་རེད། ཐད་ཀར་སངས་རྒྱས་ཀྱི་མདོ་སྡེ་ལ་ཁུངས་གཏུག་ནས་ཐོས་བསམ་བྱེད་སྟངས་ལ་ཁོང་ཚོ་བཟང་། བོད་ཀྱི་བཀའ་འགྱུར་ནང་གི་མང་ཤོས་དེ་རྒྱུད་སྡེའི་སྐོར་རེད། རྒྱུད་སྡེ་མང་པོ་ཞིག་ནི་རིམ་གྲོ་ཙམ་ལ་ཀློག་པ་མ་གཏོགས་ཁྲིད་རྒྱུན་དང་དབང་གི་རྒྱུན་ཆད་ཟིན་པ་རེད། བོད་ཡིག་མ་བསླབ་མཁན་གྱི་གྲུབ་ཐོབ་ག་ཚོད་མང་མང་བྱོན་པའི་ལོ་རྒྱུས་འདུག ཁྱེད་ཚོས་བཤད་སྟངས་བྱས་ན་ལོག་ལྟ་སྐུར་འདེབས་ཚད་ལས་འདས་པ་རེད། བོད་མི་འདིས་གང་ཡང་མི་འཇོན་པར་ང་རྒྱལ་ཆེ་བ་རེད། བོད་ཡིག་འཛམ་གླིང་སྤྱི་ཚོགས་ལ་གལ་ཆེན་ཡིན་མིན་གླེང་རྒྱུ་ཕར་ལ་བཞག་ནས་བོད་ཡིག་བོད་མི་མང་ལ་གལ་ཆེན་པོ་ཡིན་ཚུལ་ངོ་འཕྲོད་ཐུབ་པ་ཞིག་བྱུང་ན་འགྲིགས་གི་འདུག དྲང་པོར་བཤད་ན་ཐེག་ཆེན་ཐེག་ཆུང་ཟེར་བ་འདི་ཚོ་ཆོས་དད་པའི་ཚོ་སྡེ་ཆུང་ཆུང་ཞིག་ལ་གལ་ཆེན་པོ་ཡིན་རྒྱུ་རེད་མ་གཏོགས་འཛམ་གླིང་སྤྱི་ཚོགས་ལ་གལ་ཆེ་བཞག་པ་ཅང་ཡོད་རྒྱུ་མ་རེད། ཚིག་པ་མ་ཟ། རྒྱུ་མཚན་བཤད་ན་བཤད་རེས་བྱེད།
སྤྱིར་དེང་སང་མི་ཕལ་ཆེ་ཤེས་རྒྱ་ཁབ་མིག་ལས་དོག་ཀྱང་ང་རྒྱལ་རི་ལས་མཐོ་བ་ཤ་སྟག་ཡིན་པས། སྐད་ཆ་འདི་འདྲ་བཤད་ན་རྨོངས་དད་རེད། བླུན་བཤད་རེད། མཐོང་རྒྱ་མེད་པ་རེད་སོགས་ཟེར་ངེས་ཀྱང་། ངས་ནི་ད་ལྟའི་བོད་ཀྱི་མཁས་པའི་ཁྲོད་༸གོང་ས་མཆོག་ལས་ལྷག་པའི་མཁས་པ་དང་། རྣམ་དཔྱོད་ཅན། ཉམས་མྱོང་ཅན་སུ་ཡང་མཐོང་གི་མེད་ལ། ཁོང་གིས་”བོད་རྒྱུད་ནང་བསྟན་འདི་འཛམ་བུ་གླིང་གི་གཅེས་ནོར་རེད་ཅེས་བཤད་ཆོག་”ཞེས་དང་། ལེགས་སྦྱར་ནང་ལ་ཡོད་པའི་ནང་ཆོས་དེ་དག་བོད་ཡིག་ནང་ལ་བསྒྱུར་བ་ནང་བཞིན་ཞིག་ཡིག་རིགས་གཞན་གང་གི་ནང་ལ་ཡང་བསྒྱུར་མི་ཐུབ་པ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་བོད་ལ་དར་བ་ནང་བཞིན་ཞིག་ལུང་པ་གཞན་གང་དུ་ཡང་མ་དར་བ་སོགས་ཡང་ནས་བསྐྱར་དུ་གསུང་ཡོད་ལ། ཉེ་ཆར་སུད་སིར་ཆིབ་བསྒྱུར་སྐབས་སུ་ཡང་བོད་ཀྱི་སྐད་ཡིག་ལ་དོ་སྣང་དགོས་པའི་རྒྱུ་མཚན་དང་སྦྲགས་གསལ་ཞིང་རྒྱས་པ་གསུང་སོང་བས། ངས་ནི་གསུང་འདི་དག་ལ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་བྱེད་ཀྱི་ཡོད་ལ། འདི་ལས་ལྷག་པའི་བོད་ཀྱི་སྐད་ཡིག་དང་བོད་རྒྱུད་ནང་བསྟན་གཞན་ལས་རིན་ཐང་ཆེ་བའི་གནས་ལུགས་མང་པོ་བཤད་དགོས་པ་ཅང་མཐོང་གི་མེད། གཞན་ཡང་རྒྱ་ནག་དང་ནུབ་ཕྱོགས་སུ་བོད་རྒྱུད་ནང་ཆོས་མ་དར་སྔོན་ནས་ནང་ཆོས་དར་ཁྱབ་བྱུང་ཡོད་ཀྱང་། དེང་སང་རྒྱ་རིགས་དང་ནུབ་ཕྱོགས་པ་ཧ་ཅང་མང་པོས་བོད་ཀྱི་ནང་ཆོས་ལ་གཞན་དང་མི་འདྲ་བའི་དོ་སྣང་བྱེད་བཞིན་པ་འདི་ལ་ཡང་རྒྱུ་མཚན་རེ་ལོས་ཡོད་སྙམ།
ད་ལྟ་སངས་རྒྱས་པའི་གཞུང་ལུགས་ཤེས་རྟོགས་ཕྱིར་འཚོལ་སྒྲུབ་བྱེད་པ་ལ། སྐད་རིགས་བཞི་དགོས་པ་ཡོངས་གྲགས་ཆེ། དེ་ཡང་གྲགས་ཆེ་བའི་མངོན་པ་སྡེ་བདུན་དང་། བྱེ་བྲག་བཤད་མཛོད་ཆེན་པོའི་བསྟན་དོན་ཤེས་པ་ལ་རྒྱ་ནག་གི་སྔོན་སྐད་ཤེས་པ་གལ་ཆེ། དེ་དག་རྒྱ་ནག་སྐད་མ་གཏོགས་ད་ལྟ་སྐད་རིགས་གཞན་དུ་མེད་པར་སོང་། སྤོབས་པ་མཐའ་ཡས་ཉམས་མྱོང་ཅན་གྱི་རྩོད་གཏམ་ཕལ་ཆེ་བ་གལ་ཆེན་པོ་ཡིན་འདུག ངས་གནས་བརྟན་པའི་དགེ་སློང་འགའ་ཞིག་ལ་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོའི་ཨིན་འགྱུར་ངོ་སྤྲོད་བྱེད་དུས་ལམ་རིམ་གྱི་གཞུང་འདི་གནས་བརྟན་སྡེ་པར་གྲགས་པའི་རྣམ་པར་དག་པའི་ལམ་དང་འདྲ་ཞེས་བཤད། བདག་རང་གིས་དབུགས་འབྱུག་རྔུབ་ཀྱི་དབུགས་ལ་གྲངས་ཀ་རྒྱབ་པ་ན། མཛོད་རྩ་འགྲེལ་ན་གསལ་ཀ་མེད་པ་དེ། རྣམ་པར་དག་པའི་ལམ་ན། གྲོང་གི་བོས་འབྲུ་འཇལ་བ་དཔེར་བཞག་ནས། དབུགས་རྔུབ་འབྱུང་གཉིས་ཀ་གཅིག་ཏུ་རྩི་དགོས་པ་ཤེས།
རྩོམ་ཡིག་འབྲི་བ་པོས་རྩོན་པ་ཆེན་པོས་བྲིས་པ་གཞན་ལ་བློ་གྲོས་གསར་པ་སྐྱེ་བའི་གྲོགས་སུ་བྲིས་པར་དགའ་བསུ་ཞུ། འོན་ཀྱང་བོད་རིགས་ཡོངས་ཀྱིས་གོ་མི་ནུས་པའི་བོད་སྤྱིའི་སྐད་བཀོལ་མེད་པར་མ་ཟད་ཕལ་སྐད་དང་ཁ་སྐད་ཀྱི་ཤན་ཞུགས་ཏེ། མང་པོ་མ་ལྡངས་པ་ཞེས་པར་མང་པོ་མ་འདངས་པ་ཞེས་བྲིས་ཏེ། བཀའ་བསྟན་གསུང་འབུམ་སྟེ། བོད་ཀྱི་རིག་གཞུང་གི་གཏེར་མཛོད་སྐད་ཀྱི་དག་ཆ་དང་འགལ་བར་མ་ཟད་དེ་དག་མཐུན་པར་བདག་ཅག་འབྲི་བ་པོ་དག་ལ་ལྟ་བདེ་བའི་ཆེད་དུ་བྲིས་པའི་དག་ཡིག་ཟ་མ་ཏོག་དང་། ངག་གིས་སྒྲོན་མ་སོགས་དང་ཡང་མི་མཐུན་པས། འདི་དག་གི་རིགས་ལ་འབྲི་པོ་རྣམས་ཀྱིས་གཟབ་པར་མཛད་དགོས་སོ།།
བོས་འབྲུ་འཇལ་བ། ཞེས་པ་འབོ་འམ་བྲེས་འབྲུ་འཇལ་བ། ཞེས་བཅོས།
ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་གསུངས་པའི་བཀའ་བསྟན་གྱི་སྐད་ཡིན་ནམ་དེ་འདི་འདྲ་ཞག་རེད་དམ། ངས་གཤམ་དུ་ཚིག་ཁ་ཤས་འབྲི།
དེ་དེ་བཞིན་ནོ།། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཐར་པ་འདོད་པ་དག་གིས་ཚེ་དང་ལྡན་པ་ལ་དྭགས་པ་བློ་བཟང་འཇམ་དཔལ་གྱིས་གསུངས་པ་དེ་བཞིན་དུ་བོད་ཀྱི་སྐད་ལས་གཞན་དུ་གྱུར་པའི་སྐད་གཞན་གྱིས་ཀྱང་ཐར་པ་ཐོབ་པའི་ལམ་སྟོན་པར་རྔོ་ཐོགས་པས་་ན་ཟུངས་ཤིག ཆོངས་ཤིག ཀློག་ཅིག ཡིད་ལ་གྱིས་ཤིག འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་སྙམ་པའི་མངོན་པའི་ང་རྒྱལ་ཅན་དག་ནི་མ་གཏོགས་སོ།།དེ་བཞིན་གཤེགས་པ་ནི་འགྲོ་བ་ཀུན་ལ་བུ་གཅིག་པུའི་མ་བཞིན་དུ་དུས་རྟག་ཏུ་ཐུགས་རྗེ་ཆེན་པོས་གཟིགས་ཤིང་ཐབས་ལ་མཁས་པ་ལགས་པས་ཡུལ་དབུས་ཀྱི་སྐད་དང་། མཐའ་འཁོབས་པའི་སྐད་ལས་ཀྱང་དམ་པའི་ཆོས་སྟོན་པ་ཡིན་ནོ།།
ང་དྲི་བ་ཞིག་ཡོད། པ་ལིའི་སྐོར་ལ་གསལ་བཤད་གནང་གྲོགས། དེ་ཡང་སྟོན་པ་སངས་རྒྱས་ཀྱིས་པ་ལིའི་སྐད་ཐོག་ནས་ཆོས་ཅི་ཙམ་གསུངས་ཡོད་མེད་དང་། སྐབས་དེར་པ་ལིའི་སྐད་བེད་སྤྱོད་གཏོང་མཁས་ས་གནས་དང་རྒྱལ་ཁབ་གང་དག་ཡིན། དེ་བཞིན་དེང་སང་པ་ལིའི་སྐད་བཤད་མཁན་མི་རིགས་དང་རྒྱལ་ཁབ་གང་དག་ཡིན་མིན་སོགས་ནས་གསུངས་གྲོགས། ཐུགས་རྗེ་གཟིགས།
མཁྱེན་དཔྱོད་ཅན་གཞོན་ནུ་ཟླ་མེད་ལགས། པ་ལི་འདི་སྟོན་པ་སངས་རྒྱས་བཞུགས་པའི་དུས་སུ་ཡུལ་མ་ག་དྷའི་སྐད་ཡིན་པར་བཤད་མཁན་མང་པོ་འདུག ལ་ལ་ཞིག་གིས་ནི་རྒྱ་གར་ཤར་ཕྱོགས་ཨོ་རི་སའི་རྒྱུད་དུ་སྤྱོད་པའི་སྐད་རེད་ཟེར་མཁན་འདུག ལ་ས་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་སྐད་རིགས་ཤིག་རེད་ཟེར་མཁན་འདུག རྩོད་པ་དང་དཔྱད་གླེང་མང་པོ་འདུག དོན་ངོ་མར་རྒྱ་གར་ཨརྱན་སྐད་ཁྱིམ་གྱི་ཁོངས་གཏོགས་སྐད་རིགས་ཤིག་ཡིན་འདུག མདོར་ན་རྒྱ་གར་གྱི་གནའ་བོའི་ལེགས་སྦྱར་དང་དེང་དུས་སུ་ཧིན་དྷི་ཟེར་བའི་སྐད་རིགས་དང་འདྲ་མཚུངས་ཧ་ཅང་མང་པོ་རེད།
སྐད་རིགས་འདི་མང་ཚོགས་ཁྲོད་དུ་ཤི་ཟིན་པ་རེད། དེང་དུས་སུ་འདི་རྒྱུན་དུ་སྤྱོད་མཁན་གྱི་སྡེ་ཚོ་ཞིག་མེད་པ་རེད། པ་ལི་ནི་ལེགས་སྦྱར་དང་མཚུངས་པར་འདི་ལ་དེང་སང་ཡིག་གཟུགས་དམིགས་བསལ་ཞིག་ཀྱང་མེད་པ་རེད། འདི་ཤྲི་ལངྐའི་ཡིག་གཟུགས་དང་། འབར་མའི་ཡིག་གཟུགས། ཧིན་དྷིའི་ཡིག་གཟུགས། ཉེ་བའི་དུས་རབས་ནས་རོ་མན་ལ་ཏྲིན་ཡིག་གཟུགས་སོགས་ཀྱི་སྟེང་ནས་ཀྱང་འབྲི་གི་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་དུ་བོད་ཡིག་སྟེངདུ་ཚིག་ཁ་ཤས་རེ་དཔེ་མཚོན་ལྟ་བུ་བྲིས་པ་འདུག བོད་ཡིག་འདི་ཡང་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་བཟོས་པ་ཡིན་སྟབས་བོད་ཡིག་སྟེང་དུ་འབྲི་བ་བདེ་པོ་ཡོད་ས་རེད། པ་ལིའི་སྟེང་དུ་སངས་རྒྱས་ཀྱི་ཆོས་ཅི་ཙམ་གསུངས་ཡོད་མེད་ཟེར་བ་འདི་དྲི་བ་རྒྱ་ཆེན་པོ་དང་རྙོགས་དྲ་ཆེན་པོ་རེད། ཤེས་ཁག་པོ་རེད། སྟོན་པ་ཐུགས་རྗེ་ཅན་རང་ཉིད་ཀྱིས་སྐད་རིགས་འདིའི་སྟེང་ནས་ཆོས་གསུངས་པ་ཡིན་མིན་ཡང་རྩོད་གཞི་རེད། ལ་ལ་ཞིག་གིས་བཤད་ན་སངས་རྒྱས་འདས་ནས་ལོ་མང་པོ་ཞིག་གི་རྗེས་སུ་སྟོན་པའི་གསུང་རྣམས་སྐད་རིགས་འདིའི་སྟེང་དུ་བྲིས་པ་རེད་ཟེར་མཁན་ཡང་འདུག མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་ནི་ངོ་བོ་ལེགས་སྦྱར་སྐད་ཀྱི་སྒྲ་འཇམ་དུ་སོང་བ་ཞིག་རེད་ཅེས་བྲིས་ཡོད་པ་དྲན། མདོར་ན་མིང་ཚིག་མང་པོ་ཞིག་ནི་སྒྲ་གདངས་ཧ་ཅང་མཚུངས་པ་རེད། ལེགས་སྦྱར་ལ་དྷརྨ་དང་པ་ལི་ལ་དྷམ་མ་ལྟ་བུ་རེད། ང་ལ་འདིར་དགེ་ཆོས་ཀྱི་གསུང་འབུམ་མེད་པས་ཏག་ཏག་ཅིག་དྲན་གྱི་མི་འདུག ཁྱེད་ཚོ་ལ་ཡོད་ན་གཅིག་གཟིགས་དང་དགེ་ཆོས་ཀྱིས་པ་ལིའི་སྐད་ཀྱི་སྐོར་ཞིག་བྲིས་འདུག པ་ལིའི་སྐད་ཀྱི་སྟེང་ལ་དེང་སང་ཡོད་པ་ནི་གནས་བསྟན་སྡེ་བའི་སྡེ་སྣོད་གསུམ་དང་དེའི་དགོངས་འགྲེལ་ཁག་གཅིག་ཡོད་པ་འདི་ཙམ་རེད། དེ་ཡང་འབར་མའི་ཡིག་ཐོག་ཏུ་བཀོད་པ་ལ་དཔེ་དེབ་ཆེ་གྲས་བཞི་བཅུ་ལྷག་ཅིག་འདུག དཔལ་ལ་དྭགས་པ་བློ་བཟང་འཇམ་དཔལ་གྱིས་འདིའི་སྐོར་ངོ་སྤྲོད་ཅིག་མཛད་པའི་རེ་བ་ཡོད།
སྤོབས་པ་མཐའ་ཡས་མཆོག
་
བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད་ཅི་འདྲ་ཞིག་ཡིན་པ་ངས་ཚད་གཟུང་མི་ནུས། དེ་དག་ན་སྐད་ཀྱི་བརྗོད་སྟངས་མཐའ་ཡས་པ་ཡོད། འོན་ཀྱང་དེ་དག་ན་གསལ་བའི་མིང་ཚིག་རྣམས་ཀྱི་དག་ཆ་དང་། པ་དང་བ་སོགས་ཀྱི་བཀོལ་སྟངས་མཐུན་པར་བཀོལ་ན། བདག་ཅག་གིས་དགོས་པ་ཆེན་པོ་གསུམ་སྒྲུབ།
་
དང་པོ། རང་རེའི་མི་རབས་ནས་མི་རབས་རྗེས་མ་རྣམས་ཀྱིས་བཀའ་བསྟན་གསུང་འབུམ་རྣམས་ཀྱི་མིང་ཚིག་རྣམས་བདེ་བླག་ཏུ་ཤེས་ཐུབ།
གཉིས་པ། བཀའ་བསྟན་གསུང་འབུམ་རྣམས་བོད་ཡུལ་ཀུན་ལ་ཁྱབ་ཡོད་པས། བོད་རིགས་རྣམས་མིང་ཚིག་གི་སྒོ་ནས། གཅིག་སྒྲིལ་འབྱུང་།
གསུམ་པ། ཟུར་ཆག་པ་མ་བཀོལ་བར་བཀའ་བསྟན་གསུང་འབུམ་རྣམས་ན་ཡོད་པ་ལྟར་མིང་ཚིག་ཡོངས་རྫོགས་བཀོལ་ན། འབྲི་བ་པོ་རང་ཉིད་སློབ་སྦྱོང་ཡོད་པའི་གྲས་སུ་ཚུད།
་
དེ་དག་ལས་གོ་བཟློགས་ཏེ་མིང་ཚིག་ཆག་སྐྱོགས་འབྲི་ན། གོང་དུ་བཤད་པ་ལས་གོ་ལྡོག་སྟེ། དོན་ཡང་ཆག་སྐྱོགས་འབྱུང་བ་ཞིག་ཏུ་མཐོང་། དོན་འདི་ལ་དགོངས་ཏེ། རང་རེའི་རྣམ་འདྲེན། ༧རྗེ་བཙུན་བླ་མའི་ཞལ་སྔ་ནས། ཡི་གེ་འབྲི་ན་དག་པར་འབྲི་དགོས། དེ་མིན་མ་འབྲི་ན་ལེགས་ཞེས་གསུངས་པ་ཚད་ལྡན་གྱི་སྐྱེས་བུ་བརྒྱུད་ཐོས་སོ།།
དཔལ་སྤོབས་པ་མཐའ་ཡས་ཀྱིས་བོད་ཀྱི་གཞོན་ནུ་ཟླ་མེད་པ་ལ།
“མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་ནི་ངོ་བོ་ལེགས་སྦྱར་སྐད་ཀྱི་སྒྲ་འཇམ་དུ་སོང་བ་ཞིག་རེད་ཅེས་བྲིས་ཡོད་པ་དྲན།”
མཁས་པའི་དབང་པོས་གསུངས་པ་དོན་ལ་གནས་ཏེ། སྙན་དངགས་མེ་ལོང་མ་ལས།
་
བ་ལང་རྫི་ལ་སོགས་པའི་ཚིག
སྙན་དངགས་ལ་ཟུར་ཆག་ཅེས་གནས།
བསྟན་བཅོས་རྣམས་སུ་ལེགས་སྦྱར་ལས།
གཞན་པ་ཟུར་ཆག་ཉིད་དུ་བརྗོད།། ༣༤ །། ལེ་ ༡
་
ཟུར་ཆག་ལ་དག་ཆོས་ཀྱིས་སྒྲ་འཇམ་ཞེས་གསུངས་སོ།།
ལོང་འབྱུང་ཚེ་སྔ་ཉིན་ན། དཔལ་སྤོབས་པ་མཐའ་ཡས་པའི་ཐུགས་འདུན་སྐོང་ཕྱིར། པཱ་ལི་སྟེ། རྣམ་གྲངས་་ཀྱི་སྐད་ལ་མང་ཉུང་འབྲི་ཆོག་པ་ཞུའོ། །
དཔལ་ལྡན་ལ་དྭགས་པ་བློ་བཟང་འཇམ་དཔལ་གྱིས་པཱ་ལིའི་སྐད་ངོ་སྤྲོད་ཅིག་འབྲི་བར་སྒུག་ནས་སྡོད་ངེས།
སྤོབས་པ་མཐའ་ཡས་ལགས་ལ་ཐུགས་རྗེ་ཆེ། དེ་བཞིན་རྒན་འཇམ་དཔལ་ནས་པ་ལིའི་སྐོར་ལ་ཞིབ་ཕྲ་ཞིག་གསུངས་པར་སྒུག་ནས་ཡོད།།
དཔལ་བོད་ཀྱི་བུ་གཞོན་ནུ་ཟླ་མེད་དང་། ཤྲཱི་སྤོབས་པ་མཐའ་ཡས་ཟུང་ལ།
ལོ་རྒྱུས་ཁུངས་གཏུགས་དཔེ་ཆས་དབེན་ཡང་། རང་གི་རྣ་བར་གང་ཐོས་དྲན་པ་པཱ་ལིའི་སྐད་ཀྱི་ངོ་སྤྲོད་ཅུང་ཟད་གླེང་ན། ད་ལྟ་ས་སྟེང་ན་གནས་བརྟན་སྡེ་པའི་གཞུང་ལུགས་འཛིན་པ་པོ་རྣམས་ཤྲཱི་ལངྐཱ་དང་། བང་ལ་དེཤ། འབར་མ། ཐེ་ལནྡ། ལ་ཨོས། ཀམྤོ་དི་ཡ་ལ་སོགས་པའི་ཡུལ་རྣམས་སུ་བཞུགས། དེ་དག་གིས་སངས་རྒྱས་ཀྱི་གསུང་རབ་རང་རང་གི་ཡུལ་སྐད་དུ་འགྱུར་མེད་པས། སྡེ་སྣོད་གསུམ་པཱ་ལི་སྟེ། རྣམ་གྲངས་ཞེས་པའི་སྐད་དུ་འདོན། དེ་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གསུངས་སོ་ཞེས་པ་ལྟ་བུ་ལགས། བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ཀྱི་ཡུལ་དབུས་གྱུར་འཆང་སྐད་དེ་དིང་སང་གི་པཱ་ལི་ཡིན་པ་ལ་དོགས་པ་མཆིས། རྒྱུ་མཚན་ནི། སངས་རྒྱས་མྱ་ངན་ལས་འདས་པའི་ལོ་བཞི་བརྒྱ་ལྔ་བརྒྱ་རྗེས་སུ་གསུང་རབ་རྣམས་ཡི་གེར་བཀོད་པ་ཡིན་པར་བཤད་ཅིང་། རྒྱ་གར་གྱི་ཁ་སྐད་དེ་ཉིད་རང་རེའི་སྔར་བོད་ཀྱི་ཁ་སྐད་ལས་བལྟོས་ཏེ་ཆེས་མྱུར་བར་འགྱུར་བར་མངོན། དེ་ཡང་གང་དུ་མི་གྲངས་མང་བ་དེར་ཁ་སྐད་ལ་འགྱུར་བ་ཆེ་བར་འབྱུང་། རྒྱ་གར་ཡུལ་དབུས་གྱུར་འཆང་གིདགེ་སློང་མང་པོ་འཛོམས་པ་ལས་བྱུང་བའི་ཁ་སྐད་དུ་བྲིས་པ་ལ་པཱ་ལི་ཞེས་གྲགས། པཱ་ལིའི་བརྡ་སྤྲོད་ཤྲཱི་ལངྐཱ་རུ་བྲིས་པ་ཞིག་ན། ཡུལ་དབུས་གྱུར་འཆང་གི་སྐད་ཀྱི་ལུང་དུ་སྟོན་པ་ཞེས་བྲིས་ཡོད་པ་ཐོས། པཱ་ལི་སྐད་དུ། ལེགས་སྦྱར་སྐད་ཀྱི་མིང་ཚིག་མང་པོ་་པཱ་ལི་སྐད་དུ་ཟུར་ཆག་གམ་འགྱུར་བ་བྱུང་། དཔེར་ན། དྷ་རྨ་ལ་དྷ་མྨ་དང་། ཅ་ཀྲ་ལ་ཅ་ཀྐ། ས་རྦ་ལ་སབྦ། བརྞ་ལ་བཎྞ། ལ་སོགས་པ་ལེགས་སྦྱར་ཟུར་ཆག་པ་ཡིན་པས། ལེགས་སྦྱར་སྐད་ཤེས་པོ་པོས་པཱ་ལི་སྐད་སླ་བར་ཤེས་ཐུབ། དེ་བཞིན་པཱ་ལིའི་སྐད་ཤེས་པ་པོས་ལེགས་སྦྱུར་སླ་བར་ཤེས་ཐུབ། རང་རེའི་བཀའ་འགྱུར་ན་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་། གླེང་གཞི་གཏམ་ལ་སོགས་པ་པཱ་ལི་སྐད་ནས་བོད་དུ་བསྒྱུར་པར་སེམས་སོ།
་
ཞར་བྱུང་བོད་སྐད་མིང་ཚིག་ཟུར་ཆག་གམ་འགྱུར་ཚུལ།
་
བོད་ཀྱི་སྐད་ཀྱི་མིང་ཚིག་རྣམས་ཟུར་ཆག་པ་ལེགས་སྦྱར་ཟུར་ཆག་པའི་པཱ་ལི་མིང་ཚིག་ལྟར་མ་ཡིན་པ་རྩ་བའི་མིང་ཚིག་ཟུར་ཆག་པའམ། གྱུར་པའི་མིང་ཚིག་ཅིག་མཐོང་བ་ན་འདིའི་འབྱུང་སའི་མིང་ཚིག་གང་ཡིན་་ཤེས་དཀའ། དཔེར་ན། དཀའ་བ་གྱུར་པ་ལ་ཁག་དང་། ལྡང་བ་གྱུར་པ་ལ་འདང་བ། ཞེས་པ་ལྟ་བུ། བོད་སྐད་ཀྱི་མིང་ཚིག་གི་ཡི་གེ་དག་གི་སྔོན་འཇུག་དང་། རྗེས་འཇུག་མེད་པར་སོང་བ་དང་འགྲོ་བཞིན་པས་མ་འོངས་པ་ན་བོད་ཀྱི་མིང་ཚིག་རྣམས་ཇི་ལྟ་བུ་འགྱུར་སེམས་པ་མཆིས། བོད་སྐད་ཀྱི་མིང་ཚིག་མང་པོའི་དབྱངས་ཡིག་མེད་པར་འགྲོ་བ་སྔོན་མ་ནས་བྱུང་། དཔེར་ན། རིལ་བུ་ལ་རི་ལུ། ཞེས་བྲིས་པ་མཐོང་། ཁ་སྐད་དུ་ཡང་། ད་ལྟ་ལ་ཨ་ལྟ། དེ་ནས་ལ་ཨེ་ནས། དེ་བཞིན་མངའ་རིས་པའི་སྐད་དུ། ཀྱི་ གི་ གྱི་ འི་ ཡི་ རྣམས་ཀྱི་གསལ་བྱེད་མེད་པར་སོང་ནས། ཨི་རྐྱང་པ་ལུས་པ་ན། ཨི་ཡིག་དེ་རྗེས་འཇུག་ལ་ཞུགས་ཏེ། བོད་ཀྱི་ལ་བོ་དི། ཁབ་ཀྱི་ལ་ཁ་བི། ཆོས་ཀྱི་ལ་ཆོ་སི། ཞེས་སོགས་ཁ་ནས་འདོན་ན་ཡང། ལ་དྭགས་མེ་ལོང་ཞེས་པའི་དུས་དེབ་ཏུ། རྗེས་འཇུག་མེད་པའི་མིང་ཚིག་འབྲི་མ་ཐུབ་པར་ བོད་དི། ཁབ་བི། ཆོས་སི། ཞེས་སོགས་ཆོས་སྐད་དམ་བོད་རིག་གཞུང་སྐད་ལ་གནོད་པ། བོད་རིག་གཞུང་སྐད་ཀྱི་མིང་ཚིག་དག་ཆར་གཅེས་པ་རྣམས་ཀྱིས་འགྲིག་མི་འདུག་ཅེས་སྐད་འདོན། དེ་བཞིན་བོད་པའི་ནང་ནས་བོད་སྤྱིའི་སྲུང་བ་ལ་དངོས་སུ་འཐོན་ཐུབ་མཁན་འདྲ་ཡོད་ན། འཐོན་རན་སོང་། ང་བྱིས་པ་ཆུང་ངུ་ཡིན་སྐབས་རང་གི་རྒྱབ་ཏུ་ཁུར་ནས་ཕྱི་ལོགས་ལ་བསྐོར་གཡེངས་བྱེད་མཁན་ངའི་སྲིང་མོ་ལོ་ངོ་བརྒྱད་ཅུ་གྱ་བདུན་ལོན་ཅིང་ལུས་སེམས་གཉིས་ཀ་བདེ་བར་ཡོད་པ་ནས་བདག་གི་སྡོད་གནས་སུ། ཟླ་བ་གཅིག་ཙམ་ལྷག་སྔོན་དུ། བདག་ལ་ཁྱེད་གེ་སར་རྒྱལ་པོ་ལ་སོགས་པ་དཔའ་བོ་ཞིག་གི་སྐྱེ་བ་ཡིན་ངེས་མོལ་པ་ན། ངས་བཀའ་འགྱུར་བསྟན་འགྱུར་ཀུན་གྱི་དག་ཆ་སྲུང་བ་ལ་བརྩོན། བྱ་བ་དེ་ལ་གྲུབ་འབྲས་རྒྱལ་བ་ཐོབ་ན། ང་ལ་དཔའ་བོ་མོལ་ནའང་འགྲིག་ཅེས་ཞུས།
སྔོན་མ་བོད་ལ་མི་གྲངས་ཉུང་བ་དང་ལུང་པ་གཅིག་ནས་གཅིག་ཏུ་འགྲོ་དཀའ་བ་ཡིན་པས་སྐད་ཀྱི་མིང་ཚིག་འགྱུར་བ་ལ་དལ་བུ་བྱུང་། དིང་སང་ནི་དེ་ལྟར་མ་ཡིན། མཁས་པས་བྲིས་པའི་དཔེ་ཆ་ལ་མི་ལྟ། ཁ་སྐད་འབྲི་མཁན་མང་བས་བོད་སྤྱིའི་སྐད་དེ་ཆེས་མགྱོགས་པར་མེད་པར་འགྲོ་བ་མཐོང་། རྒྱ་གར་ལེགས་སྦྱར་གྱི་མིང་ཚིག་རྣམས་མཁས་པ་རྣམས་ཀྱིས་བསྲུངས་པས་ལོ་ངོ་སྟོང་ཕྲག་མང་པོ་སོང་བའི་མིང་ཚིག་ལ་ཡང་འགྱུར་བ་མ་བྱུང་། ལོ་ངོ་སྟོང་ཕྲག་ཁ་ཤས་སྔོན་དུ་བྲིས་པའི་ལེགས་སྦྱར་སྐད་ཀྱི་ལུང་སྟོན་པ་པཱ་ཎི་ནཱི་ཞེས་པ་ད་ལྟ་ཡང་ལེགས་སྦྱར་སྐད་བརྡ་སྤྲོད་ཤེས་པ་ལ་བཀོལ། གནས་ལུགས་འདི་དག་ལས་དཔེ་བླངས་ཏེ། ད་ལྟ་བདག་གིས་བོད་སྤྱིའི་སྐད་ཀྱི་དག་ཆ་སྲུང་བ་ལ་འབད་དོ། །
བོད་ཀྱི་སྐད་ཡིག་འདི་འཇིག་རྟེན་ཡོངས་ལ་གལ་གནད་ཆེ་བའི་སྒྲུབ་བྱེད་འོད་སྣང་འབུམ་འཕྲོ་ཞེས་པའི་ཐོག་ལ་བསམ་འཆར་ཞིག བོད་ཀྱི་སྐད་ཡིག་འདི་འཇིག་རྟེན་ཡོངས་ལ་གལ་གནད་ཆེ་བ་ཞེས་པ་དེ་མ་འགྲིགས་པ་ལྟ་བུ་མཐོང་། བོད་ཀྱི་སྐད་ཡིག་དེ་འཛམ་གླིང་ནང་གི་ནང་པའི་ཆོས་ལ་བརྟེན་པའི་རྣམ་དཔྱོད་ཅན་མི་རིགས་ཡོངས་ལ་གལ་གནད་ཆེ་བའི་སྒྲུབ་བྱེད་ཅེས་བརྗོད་ན་ཅི་སྙམ།
རང་རེའི་བོད་ཀྱི་དེང་སང་གི་གནས་སྟངས་དེ་དང་། བོད་རིགས་གཅིག་པའི་ཧེ་མ་ལའི་ལྗོངས་ཀྱི་གནས་སྟངས་དེ་དག་ལ་དཔགས་ན། ལོ་སུམ་ཅུ་བཞི་བཅུའི་རྗེས་ལ་བོད་ཀྱི་སྐད་ཡིག་དེའི་གནས་ཚུལ་བཟང་ངན་ག་ཚོད་ཅིག་ལ་བསླེབ་ཐུབ་བམ། ང་ཚོས་མི་རིགས་གཞན་པ་ཞིག་ལ་རང་གི་སྐད་ཡིག་དེ་རྩིས་སྤྲད་རྒྱུའི་བསམ་བློ་དེ་ཕར་ཆེར་ནོར་བ་མིན་ནམ། དང་པོ་རང་གི་ཕྱོགས་སུ་ཐགས་བསམ་བཞེས་དགོས་པ་ཞིག་མཐོང་འདུག བདེན་པའི་བསམ་འཆར་ཡིན། རྩེད་མོ་མིན།
༢༠༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༧ གི་ཆུ་ཚོད་ ༡༣ སྐར་མ་ ༣༣
དཔལ་བོད་ཀྱི་བུ་གཞོན་ནུ་ཟླ་མེད་དང་། ཤྲཱི་སྤོབས་པ་མཐའ་ཡས་ཟུང་ལ།
་་་་་་་་་་་་་་་་་་་ དེ་བཞིན་བོད་པའི་ནང་ནས་བོད་སྤྱིའི་སྲུང་བ་ལ་དངོས་སུ་འཐོན་ཐུབ་མཁན་འདྲ་ཡོད་ན། འཐོན་རན་སོང་། ་་་་་་་་་་ཟེར།
ངའི་ཕ་ཡུལ་སྐད་དུ་རའི་རིལ་མ་དང་། རིལ་བུ་དང་རི་ལུ་གཉིས་ཀ་འབོད།
ཁ་བཏང་འདུག ཅེས་པའི་བརྗོད་པ་འདི་ལ་གོ་བ་ལེན་རྒྱུ་མང་པོ་ཡོད། ༡ དགུན་དུས་ཁ་བཏང་འདུག ༢ ལས་ཀ་གྲལ་མ་འགྲིག་ན་མི་ཚོས་ཁ་བཏང་འདུག ༣ ཕན་ཚུན་བརྩེ་བས་ཁ་བཏང་འདུག ལ་དྭགས་ལས་གཞན་པའི་བོད་སྐད་ཀྱང་མེད། བོད་སྐད་ལས་གཞན་པའི་ལ་དྭགས་ཀྱི་སྐད་ཀྱང་མེད། འབྱུང་ཁུངས་གཅིག་ཡིན། ལེགས་ཉེས་འབྱེད་ཤེས་རྣམ་དཔྱོད་ཀྱིས། །མཐུན་ན་ལེགས་ཚོགས་འབྲས་བུ་བཟང་། །ཆགས་སྡང་ཕྱོགས་སུ་འཛིན་པ་ཡིས། །དེ་རྣམས་ཕུངས་པ་དམ་པས་གསུངས། །