བདེ་ཆེན་སྒྲོལ་མ།
བོད་མིའི་བྱུང་རབས་སྤྲེའུ་གཏམ་རྒྱུད་ལ།།
མཁས་དང་བླུན་པོའི་ས་མཚམས་མི་ཆོད་པར།།
གང་དྲན་བྱུང་རྒྱལ་སྨྲ་བ་མང་མོད་ཀྱང༌།།
དོན་གྱི་གནད་ལ་ཕོག་པ་རེ་གཉིས་ཙམ།།
མི་ལོ་སུམ་སྟོང་བོད་མིའི་འཕེལ་རིམ་ཞེས།།
མཁས་པའི་ལུགས་ལ་འཇོག་པ་མང་མོད་ཀྱང༌།།
ཕྲ་ཞིབ་རིག་པས་བརྟག་ཅིང་དཔྱད་བྱས་ན།།
ལུགས་འདི་སྔ་རབས་མཁས་པའི་ནད་དུ་ཆེ།།
ཆོས་ཀྱི་བྱུང་བ་བརྗོད་པའི་ཞ་ཞོར་ལ།།
ལྷ་ཡི་སྒྲུང་གཏམ་འབྲི་བའི་མཁན་པོ་དག།
བོད་ཀྱི་ལོ་རྒྱུས་མཛེས་མའི་བཞིན་རས་ལ།།
མི་སྡུག་དྲི་མ་བགོས་པའི་ཐོག་མ་ཡིན།།
རིག་པའི་རྣོ་དབལ་འབར་བ་ཞེ་གཅིག་གིས།།
ལོ་རྒྱུས་ལྗོན་པ་མེ་ལ་བསྲེག་མིན་ཡང༌།།
ཁྲག་ལ་སྦྲེན་པའི་ཡལ་ག་ལོ་མ་དག།
ངོས་ཟིན་མེད་ན་མཁས་པའི་མཚང་དུ་ཆེ།།
ལོ་རྒྱུས་མཁན་པོའི་འཁར་བ་མ་བཅག་པར།།
སྔ་རབས་བཤད་པའི་རྒྱུན་ཐག་མ་བཅད་པར།།
རིག་པ་གསེར་གྱིས་སྟེང་གི་ས་བཤུས་ན།།
རྫུན་གྱི་རྡོ་བ་མཐོང་ཞེས་དམ་པས་གསུངས
རེ་བ་རིམ་བཀང་ཡོད་པ་བཤིག་གི་ཐལ།།
རྨི་ལམ་ཐུན་གཅིག་ཡོད་པ་གཏོར་དང་ཐལ།།
སྐྱིད་སྡུག་མཉམ་མྱོང་ཡིན་པ་བརྗེད་འདུག་པའི།།
སྤུན་ཟླའི་ཚོགས་རྣམས་མཐོང་དུས་གཟེར་ཟུག་ལྕི།།
སྐྱིད་སྡུག་མཉམ་མྱོང་ཡིན་པ་བརྗེད་འདུག