ཧི་མ་ལ་ཡའི་འཕྲུལ་སྨྱུག
དེ་དག་གི་ཁུངས་དང་རྒྱུད་པ་གང་ཡིན་དྲིས་པ་ན། ཀླུ་སྒྲུབ་ཀྱིས་ཁོ་རང་ས་འོག་ཏུ་འཛུལ་ནས་ཡར་ལ་དྲངས་པ་ཡིན་ཚུལ་དང༌། ཐོགས་མེད་ཀྱིས་ཁོ་རང་ནམ་མཁར་འཛེགས་ནས་མར་ལ་ཕབ་པ་ཡིན་ཚུལ་སོགས་གསུངས་པ་མ་གཏོགས། འཇིག་རྟེན་མི་ཡུལ་འདིར་མཛུབ་མོ་འཛུགས་ས་གཅིག་ཀྱང་རག་མེད་པ་རེད། ༼དབུ་འཇུག་གི་འགྲེལ་བ་དྭགས་རྒྱུད་གྲུབ་པའི་ཤིང་རྟ་དང༌། གདམས་ངག་མཛོད་ནང་སེམས་བསྐྱེད་གཉིས་ཀྱི་བརྒྱུད་རིམ་དང༌། ཇོ་བོ་རྗེའི་མཛད་པའི་ཟབ་མོ་ལྟ་བའི་ལུགས་ཀྱི་བྱང་ཆུབ་སེམས་བསྐྱེད་པའི་ཆོ་ག་བྱང་ཆུབ་ཆེན་པོའི་གཞུང་ལམ་གྱི་རྒྱུད་ཚུལ་རྣམས་སུ་གསལ་ཁ་འཁོད་ཡོད་ལ།༽ ཁོང་རྣམ་གཉིས་ལ་བསྟན་པའི་ཤིང་རྟ་ཆེན་མོར་བགྲང་བའི་རྒྱུ་མཚན་ཡང་དྲང་མོར་ཞས་ན། ཁུངས་ལུང་མེད་པའི་གྲུབ་མཐའ་མི་འདྲ་བ་གཉིས་གསར་དུ་སྤེལ་མཁན་ཡིན་པ་འདི་ལ་ཐུག་ཡོད། ༼ཅེས་པའང་མི་གྲུབ་སྟེ། ཁྱེད་རང་གིས་འདོད་པ་གཞིར་བཞག་ནའང༌། ཁོང་རྣམ་པ་གཉིས་ལས་སྔོན་དུ་(སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སོགས་)བྱོན་ཟིན་པའི་ཕྱིར་རོ།།༽
གཅུང་དབྱིག་གཉེན་སྐུ་ན་གཞོན་དུས་ཐེག་པ་ཆེ་ཆུང་གི་བར་ན་རྩོད་པ་ཛ་དྲག་ཆེ་བའི་སྒང་ཡིན་པ་འདིས། སྐབས་དེར་ཐེག་ཆེན་༼གྱི་སྡེ་སྣོད་རྣམས་རྒྱ་གར་གྱི་༽ས་ཐོག་ཏུ་༼ཡོངས་གྲགས་སུ་༽བུད་༼མགོ་ཚུགས་༽ནས་དུས་ཡུན་མི་རིང་བར་ཤེས་ཐུབ་༼ལ། (ཁུངས་ལུང་མེད་པའི་གྲུབ་མཐའ་མི་འདྲ་བ་གཉིས)་ཀྱི་ཡ་རྒྱལ་རྒྱ་ཆེན་སྤྱོད་པའི་ལུགས་དེར་འཛུལ་མཁན་ཉན་ཐོས་ཐེག་པའི་སློབ་དཔོན་དེ་ཡང་དབུ་སྐོར་ཇི་ལྟ་བུ་ཞིག་ཐེབས་མིན་བཀའ་འདྲི་ཞུ་དགོས་པར་འདུག་གོ།༽
དེས་ན་སློབ་དཔོན་ཀླུ་སྒྲུབ་ཁོང་༼སྟོན་པ་༽འདས་རྗེས་ཀྱི་ལོ་བཞི་བརྒྱ་ལོན་དུས་སྐུ་འཁྲུངས་ཤིང༌། དགུང་གྲངས་དྲུག་བརྒྱའི་བར་དུ་བཞུགས་པ་སོགས་ནི་གཏམ་རྒྱུད་ཙམ་༼མ་ཡིན་པར། དོན་དངོས་ལ་བབ་པའི་ལོ་རྒྱུས་༽དང་༼འབྲེལ་བ་ཡོད་དེ། བྲམ་ཟེ་ཆེན་པོས་སྐུ་ཚེ་སྲིང་བའི་ཆོ་ག་ལ་བརྟེན་ནས་བྱུང་བའི་ཕྱིར་དང༌། དེ་ཡང་ངེས་པ་ཡོད་དེ། ཐེག་པ་རང་སར་བདེན་ཞེས་པའི་གསུང་འགྲོས་ལྟར། ཐུན་མིན་གསང་སྔགས་ཀྱི་ཐེག་པའི་བཞེད་པ་ཡིན་པའི་ཕྱིར། ཞེས་པ་ཙམ་གྱི་མཐའ་མ་སྐྱལ་བར། ཉན་ཐོས་ཐེག་པའི་ལུགས་ལའང༌། མངོན་མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །ཞེས་པའི་སྐབས་སུ། རྒྱལ་དབང་འཕྲིན་ལས་རྣམ་རྒྱལ་གྱི་འགྲེལ་བ་ལས། ཚེ་རྐྱང་པ་དང༌། ཚེ་དང་བསོད་ནམས་གཉིས་ཀ་ཟད་ནས་འཆི་བ་ནི། འཕགས་པ་ཚེ་ལ་དབང་བ་རྣམས་མ་གཏོགས་པས། ཚེ་བསྲིང་བའི་ཐབས་མེད་ཅིང༌། བསོད་ནམས་ཟད་པས་འཆི་བ་ནི། དགེ་སྦྱོར་དང་སྦྱིན་པ་ལ་སོགས་ཚེ་བསྲིང་དུ་ཡོད་ལ། ཞེས་གསུངས་པའི་ཕྱིར་རོ།།༽
དགུ་བརྒྱ་ཙམ་དུ་འཁྲུངས་ཤིང་སྟོང་ཕྲག་ཡས་མས་སུ་གྲོངས་པ་ནི། དངོས་དོན་དུ་བཟུང་ན་འགྲིག ༼ཅེས་པ་ལ་དཔག་ན་ཀླུ་སྒྲུབ་ཅེས་པ་ཞིག་བྱུང་ཡོད་པ་ནི་ཁྱེད་ཀྱི་ཀྱང་ཁས་བླངས་འདུག་ན། འཁྲུངས་འདས་དེ་གཞིར་བཅོལ་སའི་ཁུངས་ལྡན་ཞིག་བྲི་དགོས་པར་གྱུར་རོ།།༽
མཁས་དབང་དགེ་ཆོས་ལགས་ཀྱིས། ལེགས་ལྡན་དང་ཆོས་གྲགས་སོགས་གསང་སྔགས་ལ་ཆ་རྒྱུས་མེད་པར་གསུངས་པ་ལྟར། དུས་རབས་བདུན་པའི་གཡས་གཡོན་ཙམ་ལ་ཡང་ཡོངས་གྲགས་སུ་གསང་སྔགས་ནང་བསྒྱུར་གནང་བའི་མགོ་ཕལ་ཆེར་ཚུགས་མེད་པ་འདྲ།༼རྒྱ་གར་ཆོས་འབྱུང་དང༌། བུ་སྟོན་ཆོས་འབྱུང་གཉིས་ཀྱི་ནང་དུ་ཞིབ་ཆ་ལྟ་དགོས་པ་མ་ཟད།༽ ༼དབྱིག་གཉེན་དང་ཕྱོགས་གླང་སོགས་གསང་སྔགས་ལ་མཉམ་བཞེས་གནང་ཡོད་མེད་བརྟག་དགོས་པ་དང༌། དབྱིག་གཉེན་འདས་སྐབས་རྣམ་རྒྱལ་མའི་གཟུང་འགོ་ཟློག་ནས་བཟླས་པར་གསུངས་པ་དེ་དང༌། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་བཤད་གཉིས། གསང་སྔགས་ཡིན་མིན་ཡང་དཔྱད་པ་བྱེད་དགོས།༽
རྒྱ་ཆེའི་ཀློག་པ་པོ་རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། དབྱིན་ཡིག་གི་གུག་རྟགས་()འདིའི་ནང་བཀོད་པའི་ཡི་གེ་རྣམས་ནི། བསྒྲགས་རྩོམ་འདིའི་ཚིག་ཕྲེང་ལུང་འདྲེན་གྱི་ཚུལ་དུ་ཐད་ཀར་དྲངས་པ་ཞིག་ཡིན། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
མི་བྱེད་དགུ་བྱེད་བྱེད་མཁན་ལྟེ་བོ་དེ་ཀླུ་སྒྲུབ་དང༌། ཐོོགས་མེད་གཉིས་ཡིན་ས་རེད།
ཚ་སྒང་བློ་གྲོས་དཔལ་ལྡན་ལགས་ཀྱི་ཕྱིར་རྟོག་རང་སོ་བཞག་འདུག་ག དེ་ལྟར་བྱས་ན་ཁྱེད་ལ་ཕན་ཐོག་ཅི་འདུག མིས་ཅི་བཤད་ལ་ལད་མོལ་མ་བྱེད། དེ་ནས་སོ་སོས་རྣམ་དཔྱོད་ཅིག་གི་ཐོག་ནས་ཕྲིས་ཤིག ཚ་བ་མདའ་སྨྱུག་གིས་སྐད་ཆ་ཇི་མ་ཇི་བཞིན་རེད་ཤག
ཤེར་རབ་སྙིང་པོ་ལས།
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོངཔར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤྰ་རི་བུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཤིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །་་་་་་ ཞེས་སོགས་སོ། །
མགོན་པོ་ཀླུ་སྒྲུབ་ཀྱི་སྔོན་དུ།
ཇོ་ནང་ཆོས་འབྱུང་ལས། རྒྱལ་པོ་པདྨ་ཆེན་པོ་དང་དུས་མཉམ་པ་ལས་ཅུང་ཟད་ཕྱི་བ་ཙམ་ན། ཡུལ་ཨོ་ཌི་བི་ཤར་རྒྱལ་པོ་ཟླ་བ་སྲུང་བ་ཞེས་བྱ་བ་འབྱུང་སྟེ། དེའི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་ཚུལ་དུ་བྱོན་ཏེ། ཐེག་པ་ཆེན་པོའི་ཆོས་ཅི་རིགས་པ་བསྟན་ཅིང་གླེགས་བམ་ཞིག་ཀྱང་བཞག་གོ །ཞེས་དང་།
ཡང་ལྷོ་ནུབ་ཡུལ་སོོ་རཤྴ་ཞེས་བྱ་བར་བྲམ་ཟེ་རིགས་ལྡན་ཞེས་བྱ་བའི་དུས་སུ། ཐེག་པ་ཆེན་པོའི་བཙུན་པ་ཨ་བི་ཏརྐ་དང་། དགེ་བསྙེན་ཆེན་པོ་སངྒ་ཏ་ལ་ལ་སོགས་ཐེག་པ་ཆེན་པོའི་ཆོས་སྟོན་པ་པོ་ལྔ་བརྒྱ་ཙམ་བྱུང་ངོ།
ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བཅུ་གཉིས་ལ་སོགས་པ་མདོ་སྡེ་ཤས་ཤིག་གི་གླེགས་བམ་ཡང་ལྷ་དང་ཀླུ་དང་དྲི་ཟ་དང་། སྲིན་པོ་ལ་སོགས་པ་གནས་ཐ་དད་པ་རྣམས་ལས་ཀླུའི་ཡུལ་ནས་བྱུང་བ་ཤས་ཆེ་བའི་ཚུལ་གྱིས་བྱུང་ཞིང་།
གཏམ་དེ་རྒྱལ་པོ་ལཀྴ་ཨ་ཤྰས་ཐོས་ནས་དད་པ་ཆེར་སྐྱེས་ཏེ། ཆོས་སྨྲ་བ་ལྔ་བརྒྱ་པོ་དག་སྤྱན་དྲང་ནས་བློ་རྣོ་བ་ལྔ་བརྒྱ་རབ་ཏུ་བྱུང་སྟེ་ཐེག་པ་ཆེན་པོ་ཉན་དུ་བཅུག་གོ དེ་ནས་རྒྱལ་པོས་ཐེག་པ་ཆེ་པོའི་སྡེ་སྣོད་རྣམས་ཡི་གེར་བྲིས་ནས་དགེ་སློང་རྣམས་ལ་ཕུལ། དེ་ནས་དུས་ཀྱི་མཐར་གླེགས་བམ་རྣམས་དཔལ་ནྰ་ལེནཌྰར་སྤྱན་དྲངས་སོ། །
ཡང་དེ་ཉིད་ལས།
དེར་ཐེག་པ་ཆེན་པོ་ལ་སྤྱོད་པ་དགེ་སློང་ལྔ་བརྒྱ་པ་ཕྲག་གསུམ་པོ་དེ་ནི་མདོ་སྡེ་དཔག་ཏུ་མེད་པ་འཛིན་པ། བློ་གྲོས་ཐོགས་པ་མེད་པ། བཟོད་པ་ཐོབ་པ་ཤ་སྟག་སྟེ། སྐྱེ་བོ་རྣམས་ཀྱི་མངོན་གསུམ་དུ་རྫུ་འཕྲུལ་དང་མངོན་པར་ཤེས་པའི་རོལ་བ་ཅུང་ཟད་སྟོན་པ་ཤ་སྟག་གོ །དེའི་ཕྱིར་ཐེག་པ་ཆེན་པོའི་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པ་ན། ཉན་ཐོས་རྣམས་ཀྱི་བློར་མ་ཤོང་ནས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྐུར་བ་བཏབ་བོ། །
༧༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༢ གི་ཆུ་ཚོད་ ༢ སྐར་མ་ ༤༣
ཐུ་བས་ ང་ ནང་པའི་ གྲལ་ནས་ འབུད་བགྱིད་ ཡོད་དམ། ཡང་ན་ ཁྱོད་རང་ལྷར་ དད་མེད་ཅིག་ བཟོ་ འདོད་དམ། ཁྱོད་ཀྱི་ ཆེད་དུ་ ངས་ ལྷའི་ མིག་གི་ མངོན་ཤེས་ ཟེར་མཁན་ དེ་ བསྒྱུབ་ དགོས་ འདུག གལ་ སྲིད་ངས་ དེ་ བསྒྱུབས་ ཚར་ན་ ཡང་། ང་རང་ རང་གིས་ འཛིག་རྟེན་ གཞན་པ་ དག་ མཐོང་ ཐུབ་པ་ ཙམ་གྱིས་ མདའ་སྨྱུག་ དང་ ཐུ་བ་ སོགས་ལ་ བསྟན་པའི་ ཐབས་ ཡོད་དམ་ མེད། དེ་ཡང་ ཐེ་ཚོམ་ མོ། །