གྲིབ་གཟུགས།
ཀུ་འུ་ཀུ་འུ་ཞེས་གྲགས་པའི།།
ཁུ་ལོའི་གསུང་སྐད་ལ་ཉན་དུས།།
བུ་མོ་ཟླ་སྒྲོལ་གྱི་ངུ་སྔངས།།
རྣ་བའི་སྒེའུ་ཁུང་ལ་སྤྱངས་སོང་།
བསིལ་བསིལ་རླུང་བུ་ལ་རེག་པས།།
ཁ་བའི་རེག་བྱ་དེ་དྲན་སོང་།།
ལུས་པོ་ལྷོ་མཐའ་ན་ཡོད་ཀྱང་།།
རྣམ་ཤེས་གངས་འདབས་ནས་ལུས་སོང་།།
ལྗང་ལོའི་དྲི་བསུང་གི་ངད་པ།།
སིར་སིར་རླུང་ཁ་ནས་སྣོམ་དུས།།
འབྲུ་དྲུག་རྦ་རླབས་ཀྱི་གསེང་གི།
ཆུང་དུས་ལོ་ཟླ་དེ་དྲན་སོང་།།
ཟིལ་པའི་བརླན་ཤ་ཡིས་བཟུང་བའི།།
དམར་སེར་སྡོང་ལོ་དེ་རིག་དུས།།
མིག་ཆུ་རྔུལ་ཆུ་ཡིས་སྦངས་པའི།།
ཨ་ཆེའི་མགོ་རས་དེ་དྲན་སོང་།།
སྨུག་སྤྲིན་སྲབ་མོ་ཡིས་གཡོགས་
གནམ་སྔོན་མཐོང་ས་ན་མེད་དུས།།
སྤྲིན་དཀར་དལ་དལ་དུ་རྒྱུ་བའི།།
མཐིང་མདོག་ནམ་མཁའ་དེ་དྲན་སོང་།།
གཤོག་རླབས་འདོད་དགུ་རུ་སྒྱུར་ཞི
མགྲིན་རྔ་བར་མེད་དུ་འཁྲོལ་བའི།།
འདབ་ཆགས་འཇིག་རྟེན་གྱིས་བདག་ནི།
བྱིས་པའི་ལོ་ཟླའི་ནང་སྤྱུགས་སོ
དཀར་སེར་དམར་ལྗང་དུ་བཞད་པའི།།
མེ་ཏོག་འདབ་ལོ་ཡི་འཛུམ་གྱིས།།
རྒྱང་རིང་རྒྱང་རིང་གི་སེམས་ཞིག།
དྲན་པའི་གཏིང་རིམ་ལ་བཀུག་སོང་།།
རླུང་བུ་བསིལ་བསིལ་ལ་ལྡང་བ།།
སྨུག་པ་ལྷོད་འཇམ་གྱིས་རྒྱུ་བ།།
དྲི་ཞིམ་ངད་པ་ཡི་ཀློང་གི།
གོམ་པའི་འདེགས་འཇོག་ལ་མཚུངས་སོ
ཉི་མ་ཤར་རི་ནས་འཕགས་ཤིང་།།
དྲོ་སྣང་ས་གཞི་ལ་འགྱེད་དུས།།
བརྩེ་བའི་དྲིན་ཅན་གྱི་ཕ་ལོའི།།>
ཞལ་གྱི་འཛུམ་མདངས་དེ་དྲན་སོང་།།
སྣུམ་མདོག་ཤིག་ཤིག་གི་ཞོགས་ལྗོ
དྲན་སྣང་བན་བུན་གྱི་ཞོགས་ལྗོངས།
སྨུག་སྤྲིན་ཐིབ་ཐིབ་ཀྱི་ཞོགས་ལྗ
ཕ་ཡུལ་དྲན་ས་ཡི་ཞོགས་ལྗོངས།།
དཀར་སེར་དམར་ལྗང་དུ་བཞད་པའི།།
མེ་ཏོག་འདབ་ལོ་ཡི་འཛུམ་གྱིས།།
རྒྱང་རིང་རྒྱང་རིང་གི་སེམས་ཞིག།
དྲན་པའི་གཏིང་རིམ་ལ་བཀུག་སོང་།།
དངོས་གནས་ཡིན་ནམ་རྟོག་བཟོ་ཡིན། ཧ་ཧ་ཧ་ཧ།
ཀློག་བཞིན་ཉོབ་བཞིན་རྔ་མར་ཕུད་བཞིན་བུད་སོང་བ་ཡིན།
རྟོག་བཟོ་དང་དངོས་ཡོད་གང་ཡང་ཡིན་ཆོག
གང་ལྟར་ཞོགས་ལྗོངས་ཀྱི་མེ་ཏོག་ཅིག་རེད།
སྙིང་གྲོགས་དུང་གི་ཟླ་བ། །
བར་སྣང་སྤྲིན་པས་སྒྲིབ་སོང་། །
ཟླ་འོད་མེད་པའི་དགོང་མོ། །
དུས་ཡུན་ལོ་ལས་རིང་སོང་། །
དུང་ཟླ་མེད་པའི་ཁེར་རྐྱང་། །
ས་མཐར་མི་ཡུལ་འགྲིམ་དུས། །
སྐྱིད་པའི་ཚོར་སྣང་མི་འདུག །
དུང་ཟླ་བདེ་བར་སྨོན་ནོ། །
བརྩེ་གྲོགས་སྤང་རྒྱན་མེ་ཏོག །
དྲི་བསུང་ཇི་ལྟར་ཞིམ་ཡང་། །
གློག་བུར་སད་ཀྱིས་ཁྱེར་དུས།།
བུང་བ་འཁོར་ས་མི་འདུག །
ལས་དབང་དགུན་གྱི་དུས་འདི། །
ཕེབས་སྐྱེལ་གནང་མཁན་དཔྱིད་དཔལ། །
འཆར་ལ་རེ་སྒུགས་ལོ་ཟླའི། །
ཚོར་སྣང་བརྗོད་ཐབས་བྲལ་སོང་། །
རེ་བ་གནམ་ལ་བཅངས་ཡོད།།
གནམ་ལ་སྤྲིན་པ་མི་འདུག།
ཞོགས་པའི་རླུང་བུ་བསིལ་མོ།།
ཉི་མའི་འོད་ཀྱིས་འགམ་འགྲོ།།
ལྷོ་མཐའི་ཉི་མ་རེ་རེ།།
ཚ་བ་ཆེ་རུ་ཆེ་རུ།།
རྒྱང་རིང་ཁ་བ་དྲན་པ།།
བདག་གི་ལས་དབང་ཡིན་སོང་།།
ལས་དབང་སྡུག་གིས་ཁེངས་པའི། །
བཀའ་དྲིན་ཅན་གྱི་ཡབ་ཆེན། །
ཁྱེད་ནི་འདི་ནས་ཡལ་དུས། །
བུ་ཆུང་གར་འགྲོ་མི་ཤེས། །
བྱམས་སེམས་ཅན་གྱི་ཡུམ་ཆེན། །
དགུང་ལོ་བགྲེས་སུ་འགྲོ་དུས། །
ས་མཐའི་བུ་ཆུང་ང་རང་། །
སྙིང་རླུང་སྟོད་ལ་འཚང་སོང་། །
ནམ་མཁའི་བླ་མ་དཀོན་མཆོག །
བཀའ་དྲིན་ཅན་གྱི་ཡབ་ཡུམ། །
འདི་ཕྱིའི་གཉིས་ཀའི་ལམ་བུར། །
ཐུགས་རྗེའི་སྤྱན་གྱིས་གཟིགས་རོགས། །