ནག་པོ་སྦྲུལ་གྱི་མདུད་པ།
༡༽
བསྐོས་པའི་ལས་ལ་ཐར་ཐབས་དཀའ་ཟེར་བ་བཞིན་ང་ནི། རང་གི་ཕ་ཡུལ་རྒྱང་དུ་བཞག་སྟེ་རི་བོ་ཧི་མ་ལ་ཡའི་གངས་རི་དང་། བྲག་རིའི་འཕྲང་ལམ་དག་འཕྲེད་ཀྱིས་བཅད་ནས་བལ་བོར་བརྒྱུད་རྒྱ་གར་ཡུལ་དུ་ལོ་ངོ་བཅུ་དྲུག་གི་མི་ཚེ་ཡི་གཞོན་པའི་ལང་ཚོ་ཡལ་དུ་བཅུག་རྗེས། སླར་ཡང་ལས་བསྐོས་ཀྱིས་དེད་ནས་ཨོ་སི་ཁྲུའུ་ལེ་ཡ་མཚོ་གླིང་གི་རྒྱལ་ཁབ་ཆེན་པོ་འདིའི་ཤར་ལྷོའི་མཚམས་ཀྱི་རི་སྒང་གི་རི་གྲོང་ཐོར་རེ་བའི་གྲུ་ཟུར་འདིར་བརྫངས་བྱུང་། ངོ་མ་ངས་ང་རང་འགྲིམས་ཟིན་པའི་ཀྱག་ཀྱོག་གི་ལམ་ཕྲན་ལ་ཕྱི་མིག་རེ་ལྟ་དུས། ངའི་འགྲུལ་བཞུད་ཀྱི་མི་ཚེ་ནི་ཆེས་ཆ་མི་སྙོམ་པ་ཞིག་དང་ཀྱག་ཀྱོག་ནས་ཀྱག་ཀྱོག་ཏུ་གྱུར་པ་ཞིག་རེད་ཨང་།
༢༽
དུས་དེང་སང་ས་གནས་རི་ཁུག་འདིར་གསེར་མདོག་བྱུགས་པ་ལྟ་བུའི་སྟོན་གྱི་རང་མདངས་ལྗོན་ཚལ་དུ་ཤར་བཞིན་འདུག་པས། བསིལ་རླུང་གི་རྔམས་ཁར་སྟོན་ཀའི་སྡོང་ལོ་སེར་བོ་དག་ལྷབ་ལྷུབ་ངང་འཐོར་གིན་འདུག ས་གནས་འདིའི་མིང་ལ་ཀཱ་ལོ་རཱ་མ་ཟེར་ཞིང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་མེལ་བྷོན་གྱི་ལྷོ་ཕྱོགས་སྤྱི་ལེ་༥༠ ཙམ་གྱི་མཚམས་ན་ཡོད་ཅིང་། རླངས་འཁོར་དང་མེ་འཁོར་འགྲུལ་སྐྱེལ་ནང་སྐར་མ་༤༠ ལྷག་གི་ལམ་ཐག་འདུག ས་གནས་འདི་ནི་རྒྱལ་ཁབ་ཀྱི་ཡུལ་འཁོར་སྤྲོ་འཁྱམས་པའི་སྤྱི་གླིང་ཞིག་ཡིན་པས་ཤར་ནུབ་ཡུལ་སྐོར་པ་ཚོ་རྒྱུན་མ་ཆད་པར་ཉིན་རེར་བཞིན་ཡོང་མཁན་འདུག
ནགས་ཚལ་མཐུག་པོས་བཏུམས་པའི་རི་སྒང་གི་གྲོང་ཚོ་ཐོ་རེ་བ་འདི་དག་བསྡོམས་ན་ཁྱིམ་ཚང་ཉིས་བརྒྱ་དྲུག་ཅུ་ལྷག་ཡོད་ཚོད་རེད་ལ། གྲོང་ཚོ་འདིར་མི་གྲངས་ཆིག་སྟོང་བརྒྱ་དང་ལྔ་བཅུ་ལྷག་སྡོད་བཞིན་ཡོད་པ་རེད་ཟེར། གྲོང་ཚོ་འདིའི་ནང་གི་རླངས་འཁོར་ལམ་ནི་རྡོ་ཞུན་བླུགས་པའི་ལམ་སྤྱི་དང་མི་འདྲ་བར་གྲོང་མི་ཚོས་ཆེད་དུ་ས་རྡོའི་ལམ་ཁ་ཡང་ཡང་ཞིག་གསོ་དགོས་པ་དེ་རང་འཇགས་སུ་འཇོག་བཅུག་འདུག དེ་ནི་ས་གནས་གཞུང་ངོས་ནས་རྡོ་ཞུན་ལམ་ཁ་བཟོ་རྒྱུའི་ལས་འཆར་བསྒྲགས་ན་ཡང་ས་གནས་གྲོང་ཚོའི་མོས་འཐད་མ་བྱས་པའི་དབང་གིས་གཞུང་ནས་ལམ་ཁ་འདིར་ཟླ་གཉིས་རེར་མཚམས་ནས་ས་རྡོ་བླུགས་ནས་རྒྱུན་པར་ལམ་ཁ་དག་ཞིག་གསོ་བྱེད་ཀིན་འདུག
དེ་ནི་གྲོང་པའི་མི་རྣམས་ལ་ས་གནས་འདིར་སྔར་བཞིན་བཅའ་བཅོས་མེད་པའི་རང་བྱུང་ཁོར་ཡུག་ལ་རང་བཞིན་རྣམ་པ་ལས་དེང་རབས་ཡུལ་ལུང་གི་རྣམ་པ་དང་། གྲོང་ཁྱེར་གྱི་ལམ་ཁ་ལྟ་བུའི་ངོ་བོར་བསྒྱུར་བཅོས་བཏང་ན། ཁོ་ཚོའི་སྣང་བ་ལ་རང་ཉིད་བཅོས་སླད་གང་ཡང་མེད་པའི་རང་བྱུང་ནགས་ཚལ་གྱི་ས་གནས་ཤིག་ཏུ་བསྡད་ཡོད་པའི་ཚོར་སྣང་ལ་གནོད་པ་ཐེབས་པའི་རྒྱུ་མཚན་གྱིས་རེད་ཟེར།
༣༽
ས་གནས་གྲོང་ཚོ་འདིའི་མི་དག་ལྷོད་བག་དང་ཞི་འཇམ་གྱི་རང་གཤིས་ལྡན་ལ་ཁྱིམ་མཚེས་ཕན་ཚུན་དང་གྲོང་ཚོ་ནང་ཁུལ་མཐུན་འབྲེལ་ཆེ་ཞིང་། གྲོང་ཚོའི་སྤྱི་ཡི་ལས་དོན་ཐོག་ཆིག་སྒྲིལ་ངང་འབད་པ་བྱེད།
དབྱར་ཁ་ཡུལ་ལུང་འདིར་མེ་ཤོར་བའི་ཉེན་ཁ་ཧ་ཅང་ཆེ་བས། མེའི་ཉེན་ཁར་ལྟ་རྟོགས་པ་ཚོས་འགན་འཁུར་ཆེན་པོ་དང་བླངས་ངང་ཁྱིམ་ཚང་རེ་རེའི་མི་དག་ལ་ཡིག་ངག་གཉིས་དང་། ལག་འཛིན་ཁ་པར་སོགས་སུ་ཉེན་བརྡ་དུས་ཐོག་ཏུ་གཏོང་ཞིང་། སྤྱི་ལོ་གསར་ཚེས་དང་རྒྱལ་ཁབ་ཀྱི་དུས་ཆེན་སོགས་ལ་མཉམ་འདུས་ངང་སྤྲོ་སྐྱིད་ཀྱི་གླིང་ག་གཏོང་།
༤༽
ཁོ་ཚོ་མང་བ་ནི་ཆོས་ལུགས་མི་འདྲ་བ་རེའི་རྗེས་འབྲངས་ཆོས་དད་པ་རེ་ཡིན་པས། རང་རང་གི་ཁང་བའི་སྒོ་དང་རྭ་བའི་ནང་ནང་པའི་སྟོན་པའི་སྐུ་འཇོག་པ་དང་རླུང་རྟ་འཐེན་པ། ཡེ་ཤུ་དང་ཧིན་ངྷིའི་ཆོས་ལུགས་སོགས་ཀྱི་སྐུ་དང་མཚོན་རྟགས་མང་པོ་བཞག་འདུག མི་རྣམས་གཟའ་སྤེན་པ་དང་་ཉི་མ་གཉིས་མ་གཏོགས་མང་ཆེ་བ་ལས་ཀར་འགྲོ་ཞིང་། ཞོགས་ཀར་མང་ཆེ་བ་རྟག་པར་སྔ་བོར་ལངས་ནས་ལུས་རྩལ་ཆེད་ལེ་བར་འགའ་རྒྱུག་ཤར་བྱེད་ཅིང་། རྒན་རྒོན་ཚོས་ཁྱི་རེ་ཁྲིད་ནས་གོམ་པ་རྒྱག་པར་འགྲོ རྒྱུན་པར་རང་རང་གི་ཁང་བའི་ཁོ་ར་ཁོར་ཡུག་གི་ལྡུམ་རྭ་དང་ཞིང་ཁ། མེ་ཏོག་སོགས་གཙང་བཟོ་དང་འདེབས་འཛུགས་བྱས་ཏེ་ཡིད་དུ་འོང་བ་དང་། སུས་བལྟས་ན་ངོ་མ་གཙང་མ་དང་ཡག་པོར་འདུག་སྙམ་པ་ཞིག་བཟོ་བར་འབད་བཞིན་འདུག
༥༽
ངས་ཀྱང་ཉིན་རྟག་པར་ངེད་ཚང་གི་ཁང་རྒྱབ་ཀྱི་ཞིང་ཁ་ཆུང་ཆུང་གསུམ་དང་མེ་ཏོག་ལྡུམ་རྭ་སོགས་ཀྱི་ནང་གཙང་བཟོ་བདག་ཉར་གྱི་ལས་ཀར་འབད་ཀིན་ཁྱིམ་མཚེས་ཚོར་ལད་ཟློས་གང་ཐུབ་བྱེད་ཁུལ་ཡོད།
ངའི་ཆུང་མ་ནི་རྟག་པར་གྲོང་ཁྱེར་དུ་ལས་ཁུངས་སུ་ལས་ཀར་འགྲོ་དགོས་པས། ངས་དབྱིན་ཇིའི་སྐད་ཡིག་འཛིན་གྲྭ་མེད་དུས་ནང་ལ་བསྡད་ནས་ཁོར་ཡུག་སོགས་གཙང་བཟོའི་ལས་ཀ་ཅུང་ཙམ་རེ་བྱེད་བཞིན་ཡོད།
ངེད་ཚང་གི་ཁང་བ་ཐོག་རྩེག་གཉིས་ཅན་ཞིག་ཡིན་ཡང་ཁང་མིག་ཆ་ཚང་བསྡོམས་ན་བརྒྱད་ལས་མེད་ཅིང་། ཁང་མིག་འགའ་ཤས་ནི་ཆུང་ངུ་རེ་ལས་མེད། ཁང་བ་ཆུང་བས་ཕྱི་ནང་གང་ལ་ཡང་གཙང་སྦྲ་བཟོ་རྒྱུ་ལས་སླ་བོ་འདུག ང་དང་ཆུང་མ། ཁྱི་ཆུང་ཆུང་གཉིས་དང་བྱ་མོ་གཉིས་སྡོད་གནས་བཅས་ལས་གྲུབ་པའི་ང་དང་ངའི་འཁོར་བ་ཆུང་ཆུང་འདིའི་ཡོད་ཚད་སྟབས་བདེའི་རྒྱབ་ཁུག་ཅིག་གི་ཕྱི་ནང་གི་སྣོད་བཅུད་འཇིག་རྟེན་ཙམ་ལས་གང་ཡང་མེད་པས། ང་དང་ངའི་ཆུང་མ་གཉིས་ཀྱི་མི་ཚེའི་འཚོ་བ་ནི་ཧ་ཅང་སྟབས་བདེ་གུ་ཡངས་། སྤྲོ་སྐྱིད་ལྡན་པ་ཞིག་ཡིན་པ་ངེད་གཉིས་ལ་ཤིན་ཏུ་གསལ་པོར་ཡིན། །
༢༨ ༤ ༢༠༡༣
འདི་འདྲའི་རྩོམ་ཀློག་རྒྱུ་ཇེ་མང་ལ་སོང་ན་བཟང་བ་ལ། འདྲ་པར་རེ་འཇོག་རྒྱུ་ཡོད་ན་དེ་ལས་ཀྱང་བཟང་།
ངས་ཀྱང་རྩོམ་ཡིག་འདི་སྙན་ངག་ཅིག་རེད་བསམས་ནས་ད་བར་མ་བཀླགས་པ་ཡིན། ད་ཀློག་སྐབས་དངོས་གནས་སེམས་ལ་འཆར་རྒྱུ་ཡོད་པ་ཞིག་འདུག ཐུགས་རྗེ་ཆེ། ཁ་སང་དེ་རིང་ཁ་བརྡ་ལ་འདི་འདྲའི་རྩོམ་ཡིག་མང་ཙམ་སླེབས་བཞིན་འདུག དངོས་གནས་སེམས་དགའ་བ་ཞིག་རེད།
འདི་སུས་བྲིས་པ་ཡིན་ནམ། མཉམ་ཞིག་བཞག་ནས་ང་ཡོ་རོབ་ཀྱི་རི་མོ་ཞིག་གི་ནང་དུ་འཛུལ་འདུག
ང་ཡང་ཨོ་སི་ཀྲོ་ལི་ཡའི་མལ་སྦོན་ལ་སྡོད་མི་ཞིག་ཡིན་ས་ཆ་གང་དུའང་འགྲོ་ཡིན་ ཡར་ཐོན་གྱི་ལུང་པ་རེད་ཐལ་བ་འཕྱུར་བའི་ལམ་ཡིན་པའི་ཡུལ་བསྐོར་བྱེད་ས་ཡོད་པ་ཞིག་ང་ཡིས་མཐོང་ཐོས་མ་བྱུང་ལོ།
དེ་ལས་གལ་ཆེ་བ་ཞིག་ལ་འདི་ལོའི་ཟླ་བ་༦ པའི་དཀྱིལ་མཚམས་སུ་༧ གོང་ས་མཆོག་འདི་གར་ཆིབས་བསྒྱུར་གྱིས་བོདམི་མཇལ་ཁ་འདུག་པས་ད་རེས་གཟའ་སྤེན་པར་མཇལ་ཁའི་ཐོ་འགོད་རྒྱུ་དང ཕེབས་བསུ་ཞུ་ཕྱོགས་ཀྱི་ཚོགས་འདུ་རེད་འདུག ལུང་པ་ཁུག་ཁུག་ནང་བོད་མི་གཞན་དང་གཞན་དང་འབྲེལ་བ་མེད་ཚེ་ལན་ཕུལ་བ་ཙམ་ཡིན