ཀ དཀར་ནག་རྒྱ་ཡི་བར་གྱི་ལྡོམ་པོ་ཁྱོད།།
བསམ་པ་སྔོན་ཐོན་གླེང་བའི་ཕར་རོལ་ན།།
དངོས་པོ་ཡརཐོན་བཤད་པའི་ཚུར་རོལ་ན།།
སྟོང་གསུམ་སྟོང་བར་སྒོམ་ནས་བཞུགས་ཡོད་ཀ།
ཁ ཁ་ཤོམ་ཆེན་པོ་ཅན་ཁྱོད་ཁ་རོག་ལ་སྡོད་དང་།།
ཁ་ལས་དབང་ཐང་ཆུང་བའི་ཁ་གནོན་ཞིག་མ་བྱ།།
ཁ་ཕོར་ངན་ངོན་ཙམ་གྱི་ཁ་བསོད་ལས་མེད་ན།།
ཁ་མ་འདི་ནས་མི་འདུག་རང་འདུག་རང་རེད་ད།།
ཀ དུས་རབས་ཉེར་གཅིག་མཛེས་མའི་འཛུན་ཆུང་གི་མདུན་ན།།
སྲོལ་རྙིང་ནོར་དུ་ལྟ་བ་ལྗངས་མདོག་གི་ཀླད་པ།།
རྒྱ་བོད་དབྱིན་གསུམ་འདུ་བ་སྔོན་ཐོན་གྱི་མཐའ་ན།།
སྡུག་གྱོང་ནད་ཀྱི་མནར་བ་བླུན་པོ་ཡི་འཚོ་བ།།
ཁ ཨ་གསར་རླུང་གིས་ཕྱོགས་པའི་ཀླད་སྟོང་ཁྱོའི།།
ལྷབ་ལྷབ་སྐྱི་མོ་ཚུར་ལ་གཡོར་ཞིག་དང་།
ཉེར་གཅིག་དུས་ཀྱི་ཚིག་སྐམ་བགྲང་ཙམ་གྱིས།།
སྔོན་ཐོན་སྡེ་བ་མཐོང་འདོད་བླུན་པོའི་བློ།།
ཀ ཨ་རི་མཛེས་མའི་བརྩེ་བ་མ་ཐོབ་ན།།
ཨ་སྒོར་ལྗང་ཁུའི་འབྱོར་བ་མ་ལྡན་ན།།
རྙིང་བ་མེས་པོའི་ལམ་ཆུང་མཐོང་བ་ཡིས།།
དུས་རབས་བུ་མོའི་ལང་ཚོ་མཐོང་ངམ་ཀྱེ།།
ཁ ན་ཆུང་ཨར་མོ་འཁྲིད་པ་མ་མཐོང་མོད།།
ཕྱི་གླིང་རྒན་མོའི་རྐུབ་ན་ཞུམ་ཞུམ།།
མེས་པོའི་ཡ་རབ་ལུགས་བཟང་དོར་བ་ཡིས།།
མགོ་བོ་སྤྲིན་དང་སྦྲེལ་བ་ཅོལ་ཆུང་ལུགས།།
ཀ གདོང་དམར་ཕ་ཡིས་སྲོལ་གྱི་བྱུང་བ་དེས།།
མིག་དང་རྣ་བ་སྒྲིབ་པའི་ལྐུག་པ་ཁྱོད།།
བོད་ཡིག་ས་སུ་ཀ་ཁ་སྦྱོང་བ་ལས།།
དབྱིན་སྐད་ཧེ་ལོ་པེ་པེའི་མི་དགའ་འམ།
ཁ ཕ་མ་གཉིས་ཀྱི་བསླབ་བྱ་བརྗེད་ཙམ་གྱིས།།
ར་མ་ལུག་གི་བསྲེ་སྐད་ཤེས་ཙམ་གྱིས།།
སྔོན་ཐོན་སྐྲ་སེར་རྗེས་སུ་བསྙེག་འདོད་ཀྱི།།
སྟོང་བསམ་རྟ་ཕོར་ཞོན་པའི་ཀླད་གསར་ཁྱོད།།
ཀ ཁ་བ་གངས་ལྗོངས་སྐྱོབ་པ་ཕར་ལ་ཞོག།
ཁ་རྒྱབ་ཁེབས་པའི་ནུས་པ་མེད་པ་ཡི།།
ཁ་བ་བོད་ཀྱི་རྗེས་ལུས་རིག་གཞུང་འདིར།།
ཁ་རྩང་དེ་རིང་སྦྱོང་ན་མགོ་བོ་ན།
ཁ གཞུང་ལུགས་ནོར་བུའི་འོད་མདངས་མ་མཐོང་བའི།།
གྱང་ངོས་རྩྭ་ཡི་རྗེས་ཀྱི་བྱིས་བློ་ཅན།།
སྣང་བ་རྨི་ལམ་ཞིང་དུ་འཐིམ་པ་ཡིས།།
རྐང་བ་གཉིས་པའི་དགོས་པ་མ་རྟོགས་ཤིག།
ཀ ཨ་ཕོ་ཀླད་རྙིང་ཨུ་ཚུགས་ཆེ་དང་གཅིག།
ཨ་རིའི་སྒྲོ་ལོའི་རིན་གོང་མཐོ་དང་གཉིས།།
ཨ་ཅེ་ཕྱི་མོའི་རེག་བྱ་འཇམ་དང་གསུམ།།
ཨ་འཐས་ཁ་ཕྱོགས་མེད་པས་ལན་དང་བཞི།།
ཁ ཕྱི་གླིང་སྤྲ་ཡི་མི་ལ་དྲན་རྒྱུ་མང།།
རིལ་རིལ་གོ་ལར་གནོད་པ་སྐྱེལ་རྒྱུ་མང་།།
རླུང་ནག་འཚུབ་མའི་ཁྲོད་ཀྱི་མར་མེ་བཞིན།།
བཅུད་ལྡན་ས་ཡི་གདན་འདི་ཚར་ལ་ཉེ།།
ཁ ཁྱོད་ལ་བོད་ཀྱི་གོམས་གཤིས་ལྡན་ཙམ་གྱིས།།
ཁྱོད་ཀྱིས་བོད་ཡིག་རགས་ཙམ་ཤེས་པ་ཡིས།།
འཇིག་རྟེན་ཟླུམ་པོ་སྐྱོབས་པ་ཕར་ལ་ཞོག།
རང་གི་མི་ཚེའི་ལམ་ཁ་ཆུང་ལ་ལྟོས།།
ཀ ཨ་མཚར་གྲོགས་པོ་ཁྱོད་ལ་རྩེད་མཚར་ཡིན།།
ཨ་རིར་འགྲོ་ན་མགྲོན་ཤོག་གཏོང་ནི་མེད།།
ཨ་སྒོར་མཁོ་ཡང་ཨར་མོ་རེག་མྱོང་མེད།
ཨ་ཇོ་ད་དུང་འདི་ལ་ལུས་ནས་ཡོད།།
གངས་ཕྲུག་རྨས་མས་བྲིས།།
དེ་ཚང་མ་ཁྱོད་རང་གི་སྡུག་གྱོང་རེད། ང་ཚོར་བཤད་ནས་ཕན་ཐོགས་ག་རེ་འདུག སོ་སོས་མ་འབྱོན་པར་མི་ལ་རླུང་ལངས། འཁང་ར་བྱེད་པ་དེ་ཚོ་ཨ་མདོ་སྐྱག་ཕྲུག་ཚོའི་བྱས་སྟངས་རེད། སྡུག་སྐད་བརྒྱབ་ན་སྡུག་གྱོང་རེད།
ཨ་གནམ་སྔོན་པོ་མཁྱེན། དེང་སང་གང་དུ་སོང་ན་སྤུན་ཟླ་ནང་ཁུལ་དུ་དམོད་རེ་བྱས་དེ་བསྡད་འདུག དངོས་ནས་ཐན་ལྟས་རེད་ཡ། ཤེས་ཡོན་པ་ཟེར་བ་འདི་འདྲ་ཞིག་ཡིན་དུས། ཤེས་ཡོན་མེད་མཁན་གྱི་མི་མང་དེ་ཚོ་ཁག་ཞིག་གང་ན་ཡོད།
ཁོ་རེ་ཨ་མྱེས་ཡུལ་ལྷ་།
ཨ་མདོ་སྐྱག་ཕྲུག་ཚོ་ ཞེས་ཚིག་དེ་ཚོ་འདི་རུ་མང་པོ་མ་བཀོད་ན་བཟང་། རང་ཁ་གསར་གྱི་སྒོ་མོ་རང་སྲོག་གཅོད་པའི་སྟ་རེ་། ཟེར་ཞིག་གོ་འེ་མྱོང་།