དོལ་སྨྱོན།
སྔོན་ཆད་མིག་གིས་མ་མཐོང་བའི་འབྱོར་ཐང་།
སྔོན་ཆད་རྣ་བར་མ་ཐོས་པའི་འབྱོར་ཐང་།
ད་ལྟ། ཏིང་ཏིང་གི་ཅོང་སྒྲས་རྣ་བ་སུན་ཞིང་སློབ་ཚན་དང་འཛིན་གྲྭས་མགོ་བོ་ན་བའི་དུས་འདིར།
འབྱོར་ཐང་།
ཁྱོད་ནི་སུ་ཞིག་གིས་གླུ་དབྱངས་ལེན་ས་དང་སུ་ཞིག་གིས་རྣ་བ་བླག་ས་ཞིག་ཏུ་གྱུར་འདུག
རི་ཆེན་གྱི་ཞབས་སུ་ཆགས་པའི་འབྱོར་ཐང་།
གཙང་ཆེན་གྱི་ངོགས་སུ་ཆགས་པའི་འབྱོར་ཐང་།
ད་ལྟ། ཁོར་ཡུག་ལ་མུན་པ་འཐིབས་ཤིང་བསྟི་གནས་ལ་གས་ཆག་ཤོར་བའི་དུས་འདིར།
འབྱོར་ཐང་།
ཁྱོད་ནི་སུ་ཞིག་གི་ལང་ཚོ་ངོམས་ས་དང་སུ་ཞིག་གི་དུངས་སེམས་གཏད་ས་ཞིག་ཏུ་གྱུར་འདུག
གྲོང་ཁྱེར་ལས་ཆུང་བའི་འབྱོར་ཐང་།
གྲོང་གསེབ་ལས་ཆེ་བའི་འབྱོར་ཐང་།
ད་ལྟ། ཁེར་རྐྱང་གི་དུངས་བ་ཟབ་ཅིང་ཚོར་འདུ་ཡི་མེ་ལྕེ་རྒོད་པའི་དུས་འདིར།
འབྱོར་ཐང་།
ཁྱོད་ནི་སུ་ཞིག་གི་འཛུམ་མདངས་རྒྱས་ས་དང་སུ་ཞིག་གི་མིག་ཟུང་ཅེར་ས་ཞིག་ཏུ་གྱུར་འདུག
ཨ་རོགས། འབྱོར་ཐང་ན་སེམས་པ་ཆགས་ནས་མ་སྡོད། རྒྱུད་གསུམ་བློ་འཛིན་ལ་བར་ཆད་ཡོང་ནི་རེད། དེ་ལས། ལྕགས་རིའི་ནགས་ཚལ་ལྟ་ན་སྡུག་ལ་སྒོམས། དྲང་སྲོང་ཆེན་པོའི་དངོས་གྲུབ་འཐོབ་རེ་ཆེ།