གྲིབ་གཟུགས།
——ཨ་ཇོ་འོད་འབར་ལ་ཕུལ་བ།
ཁྱོད་ལ་བསྡུར་ན་ང་ཡི་སེམས་པ་རྡོ་རེད།།
ཁྱོད་ལ་བལྟས་ན་ང་ནི་མི་ཡི་ཐོ་ཡོར་རེད།།
ཁྱོད་ནི་ང་ཡི་སེམས་ཀྱི་ཟབ་སའི་དྲོད་ཁོལ་རེད།།
ཁྱོད་ནི་ང་ཡི་མིག་ཟུང་ནང་གི་བརླན་ཤ་རེད།།
དབུགས་རིང་རེ་རེ་ཤོར་དུས་ཁྱོད་རང་ལྷང་ལྷང་དྲན་འོང་གི།
སེམས་པ་སྡུག་གིས་བཏུམ་དུས་སྙིང་གཏམ་ཁྱོད་ལ་བཤད་འདོད་ཀྱི།།
ཁྱོད་ཀྱི་བདག་ལ་གནང་བའི་སྤུན་ཟླའི་མཛའ་བརྩེ་དེས།།
བདག་ནི་ནམ་ཡང་ཁྱེད་ཀྱི་མདུན་ནས་སྤུན་ཆུང་ཉིད་དུ་ངེས་སུ་བཅུག།
བདག་ལ་གཅེན་པོ་ཁྱོད་འདྲ་ཡོད་པས་སེམས་པ་ནམ་ཡང་བདེ་བོལ་ལེ།།
ཁྱོད་རང་དྲན་པའི་སྐད་ཅིག་ཉིད་ལ་མིག་མཐར་མཆི་མ་ཁྲ་ཉིལ་ལེ།།
ཁ་པར་ནང་གི་ངུ་སྐད་དེ་ནི་ཁྱོད་ཀྱི་ཚོར་བའི་རོལ་དབྱངས་ཏེ།།
མིག་ཆུས་བག་པའི་ངོ་གདོང་དེ་ཡིས་བདག་གི་མདུན་ལྗོངས་མོག་པོར་བྱས།།
གཅེན་པོ་ཞིག་གི་འགན་ཁྲི་ཟེར་བ་ཁྱོད་ཀྱི་སེམས་ཁུར་དེས་ཆོག་སྟེ།།
མ་ཡུམ་ཨ་མའི་བྱམས་བརྩེ་ཟེར་བའང་ཁྱོད་ཀྱི་བླ་མེད་སེམས་དེས་ཆོག།
བདག་ལ་མཚོན་ན་གྲྭ་སའི་ནང་ནས་སེམས་པ་རེ་ཞིག་རེངས་ཟིན་ནའང་།།
ཁྱོད་ཀྱི་རྗེས་སུ་འབྲངས་པའི་ཆོད་སེམས་ད་ལྟ་ཉིད་ནས་བཅངས་པ་ལགས།།
ཕ་ཡུལ་ནས་མེ་མེ་གྲོངས་པའི་གཏམ་ངན་གོ་བ་དང་གཅེན་པོར་ཁ་པར་བཏང་རྗེས་བྲིས།
29/4/2013