ཚན་རིག་ཤེས་ཡོན་འགན་འཛིན་རྒྱལ་མཚན།
བསོད་ནམས་བཟང་པོས་བསྒྱུར།
བཙན་བྱོལ་བོད་མིའི་སྤྱི་མང་གི་འདུན་ས་དང་གསར་འགོད་བརྒྱུད་ལམ་ཁག་ཏུ་དུས་རྒྱུན་བགྲོ་གླེང་བྱེད་སའི་གླེང་གཞི་གཙོ་བོ་ནི་ཆབ་སྲིད་ཀྱི་སྐོར་འབའ་ཞིག་ལས། སློབ་གསོའི་སྐོར་ལ་གླེང་སློང་བྱ་མཁན་རྩ་བ་ནས་མེད་པའམ་ཧ་ཅང་དཀོན་པའི་གནས་སུ་གྱུར་ཡོད། ཁྱེད་ཀྱིས་བོད་ནང་གི་གནས་སྟངས་དང་བཙན་བྱོལ་བོད་མིའི་ཆབ་སྲིད་འཛིན་སྐྱོང་སྐོར་གྱི་རྩོམ་ཡིག་སྤེལ་སའི་གྲགས་ཆེའི་དྲ་རྒྱ་དང་གསར་ཤོག་སོགས་ལ་བལྟ་ཀློག་བྱེད་སྐབས། དེང་སྐབས་ང་ཚོར་ཤེས་ཡོན་དང་འབྲེལ་བའི་དཀའ་རྙོག་ཅི་ཞིག་འཕྲད་མིན་སྐོར་ལ་རྩོམ་ཡིག་ཅི་ཙམ་བཀླགས་མྱོང་ངམ། དཔེར་ན་གོ་བ་གཏིང་ཟབ་ལོན་ཡོད་མེད་ཇི་ལྟར་རུང། བཙན་བྱོལ་བོད་མི་ཕལ་ཆེ་བས་དབུ་མའི་ལམ་ལ་རྒྱུས་མངའ་གང་འཚམ་ཡོད་པ་མ་ཟད། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ལང་ཕྱོགས་ཤིག་ཡིན་པའི་ངེས་ཤེས་རྙེད་ཡོད། འོན་ཀྱང་ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་དེའི་ནང་དོན་ཁག་ལ་རྒྱུས་མངའ་ཅི་ཙམ་ལོན་ཡོད།
བོད་ཀྱི་སློབ་གསོའི་ཐོག་བྱ་གཞག་བསྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ངས་ག་དུས་ཡིན་ཡང་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག འཛིན་སྐྱོང། ཕ་མ་སོགས་དང་ལྷན་དུ་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་ལ་གྲོས་བསྡུར་བྱ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ཆེས་ཧང་སངས་བ་དང་སྤ་བཀོང་བའི་གནད་དོན་ཞིག་ལ། བོད་མིའི་སྒྲིག་འཛུགས་ཀྱིས་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་བཀའ་རྩ་ཡོངས་བསྒྲགས་གནང་ནས་ལོ་ངོ་བཅུ་ཙམ་སོང་བའི་དུས་འདིར་ཡང། རང་རིགས་མང་པོ་ཞིག་ལ་སྲིད་བྱུས་འདིའི་རྨང་གཞིའི་གོ་རྟོགས་ཙམ་ཡང་མེད་པ་འདི་རེད། དེ་ལས་ཡིད་སྐྱོ་བ་ཞིག་ལ་མི་མང་པོ་ཞིག་གིས་སྲིད་བྱུས་ཀྱི་དགོངས་དོན་ལ་ལོག་འགྲེལ་བྱས་ནས་སྐད་གསང་མཐོན་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད། རྩོམ་ཡིག་འདིའི་ནང་ཁོ་བོས་སྲང་ལམ་གྱི་སྐད་ཆ་དང་ཚོགས་ཐོག་གི་གཏམ་བཤད་སོགས་ལས་ཐོས་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་འཛིན་པའི་ཐུན་མོང་གི་ལོག་རྟོག་ཁག་གསུམ་གཙོ་བོར་དམིགས་ཏེ། དེ་དག་གསེལ་བཀྲོལ་བྱ་བའི་ཐབས་ལ་འབད་པར་བྱེད།
ལོག་རྟོག་དང་པོ། གཞི་རིམ་ཤེས་ཡོན་སྲིད་བྱུས་དེ་བཞིན་སློབ་ཁྲིད་བརྒྱུད་ལམ་བོད་སྐད་དུ་བསྒྱུར་རྒྱུ་ཙམ་ལ་ངོས་འཛིན་པ།
འདི་ནི་ང་ཚོའི་སྤྱི་ཚོགས་ཀྱིས་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་འཛིན་པའི་ཐུན་མོང་གི་ལོག་རྟོག་ཟབ་ཤོས་དེ་རེད། གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་སློབ་གྲྭའི་བསླབ་གཞི་ཡོངས་རྫོགས་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་རྒྱུའི་དོན་ཚན་ཞིག་ངེས་པར་འཁོད་ཡོད་ཀྱང། དོན་ཚན་དེ་ཁོ་ནས་གཞི་རིམ་ཤེས་ཡོན་སྲིད་བྱུས་མཚོན་མི་ཐུབ་པ་མ་ཟད། དེ་ནི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཙོ་བོ་ནི་དེ་བས་ཀྱང་མིན།
སྤྱིར་ཚན་རིག་གི་ཉམས་ཞིབ་གྲུབ་དོན་ནང་མ་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱས་ན་སློབ་ཕྲུག་ཚོས་གོ་དོན་བདེ་ལྷག་ངང་རྟོགས་ཐུབ་པའི་ར་སྤྲོད་གསལ་པོ་བྱུང་ཡོད་ཀྱང། མ་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་ན་འོས་འཚམ་ཡིན་མིན་སྐོར་ལ་བགྲོ་གླེང་བྱས་ཆོག འོན་ཀྱང་རང་གི་མཐོང་ཚུལ་འབའ་ཞིག་ལ་གཞིགས་ཏེ་སྲིད་བྱུས་ཀྱི་འབྲུ་དོན་ཡོངས་རྫོགས་ལ་མག་མོག་གིས་རིགས་འགྲེའི་དགག་གཞག་བྱེད་པ་ནི་བཞད་གད་ཀྱི་གནས་ལགས།
ཁོ་བོས་བལྟས་ན་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་སྙིང་པོ་ནི་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་དེ་ཡིན། དེ་ཡང་སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་སྟོབས་ཀྱིས་ལེགས་ཉེས་འབྱེད་པའི་བསམ་སྤྱོད་ཀྱི་རང་དབང་དང། སློབ་ཕྲུག་ཚོས་རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་སྲི་ཞུ་སྒྲུབ་ནུས་པའི་གཞན་ཕན། ཕ་མེས་ནས་བྱུང་བའི་བོད་ཀྱི་རིག་གཞུང་བཟང་པོ་རྣམས་དང། ཁོར་ཡུག་སྲུང་སྐྱོབས་རྒྱུན་གནས་ཐུབ་པའི་རྒྱུན་འཛིན། འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང་ལམ་ལུགས། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི་གསར་གཏོད་བཅས་ཡིན།
དམིགས་ཡུལ་བཞི་པོ་འདི་དག་གཙོས་གཞན་ཡང་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་སློབ་མ་དབུས་བཞག་གི་སློབ་ཁྲིད་ཐབས་ལམ་དང། ཆུ་ཚོད་༣ ཅན་གྱི་ཡིག་རྒྱུགས་ལམ་སྲོལ་མེད་པ་བཟོ་ཐབས། ཚད་མཐོའི་བསམ་བློའི་རིག་རྩལ་སྐྱེད་སྲིང། ཡོངས་སྒྲིལ་སློབ་གསོ། བོད་ཀྱི་སྲོལ་རྒྱུན་རིག་གནས་(ཚད་མ་རིག་པ་)སོགས་ལ་གཙོ་གནད་དམ་འཛིན་བྱས་ཡོད།
མདོར་བསྡུས་ན་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་ཆེད་ལས་པ་མེད་པ་དང་། ལས་མེད་མང་བ། གཞོན་སྐྱེས་ཚོར་རིག་གཞུང་བརྒྱུད་སྤྲོད་མ་ཐུབ་པ་སོགས་འཕྲལ་གྱི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་ཐབས་དང། ལྷག་པར་བོད་མི་ཚོའི་མཐར་ཐུག་གི་དགོས་མཁོ་བསྒྲུབ་ཐབས་ཀྱི་སློབ་གསོའི་ཁ་ཕྱོགས་གསར་པ་ཞིག་བསྟན་ཡོད།
ལོག་རྟོག་འདི་ཉིད་སྤྱི་ཚོགས་ནང་བརྒྱུད་སྤེལ་བྱེད་པར་ཤེས་རིག་ལས་ཁུངས་ལའང་འགན་འཁྲི་ཅུང་ཟད་ཡོད་པའི་ཚོར་སྣང་བྱུང། འདས་པའི་ལོ་ཤས་ནང་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ལས་འཆར་ཕལ་ཆེ་བའི་ནང་སློབ་ཁྲིད་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་རྒྱུ་ཁོ་ནར་དོ་སྣང་བྱེད་པའི་ཕྱོགས་སུ་ལྷུང་སྟེ། གལ་ཆེའི་གནད་དོན་གཞན་ཁག་ལ་(དགེ་རྒན་གྱིས་འཛིན་གྲྭའི་ནང་སློབ་ཁྲིད་བྱེད་པར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་སོགས་)དོ་སྣང་ཕལ་ཆེར་བྱས་མེད། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། ཅི་སྟེ་དགེ་རྒན་རྣམས་ཀྱིས་འཛིན་གྲྭའི་ནང་སློབ་ཁྲིད་གནང་ཕྱོགས་སོགས་ལ་འགྱུར་བ་ཤུགས་ཆེན་ཞིག་བཏང་མ་ཐུབ་ཚེ། སྲིད་བྱུས་དེ་བཞིན་ཡིག་ཆ་ཙམ་ཞིག་ལས་མ་འདས་སོ། །
ལོག་རྟོག་གཉིས་པ། གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པ་དེས་སློབ་མའི་ཨིན་ཇིའི་ཆུ་ཚད་ལ་གེགས་སྐྱོན་བྱེད་པ།
བློ་གྲོས་འོལ་སྤྱི་ཙམ་གྱིས་སྐབས་རེ་ཤེས་རབ་ཀྱི་སྒོ་མོ་དབྱེ་བར་གེགས་སྐྱོན་བྱེད་ཀྱི་ཡོད། ལོག་རྟོག་གཉིས་པ་དེ་ནི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་སློབ་ཁྲིད་བརྒྱུད་ལམ་བོད་སྐད་དུ་བསྒྱུར་བ་དང། འཛིན་རིམ་གསུམ་པའི་རྗེས་སུ་མ་གཏོགས་སྐད་ཡིག་གཉིས་པ་སློབ་ཁྲིད་མ་བྱས་ཚེ་ཨིན་ཡིག་གི་ཆུ་ཚད་རང་བཞིན་གྱིས་ཞན་དུ་འགྲོ་བའི་སྐོར་རེད། འོན་ཀྱང་མ་སྐད་བརྒྱུད་ལམ་ལ་བརྟེན་པའི་སློབ་གསོའི་ལམ་སྲོལ་ཐོག་ཚན་རིག་གིས་ཉམས་ཞིབ་བྱས་པའི་གྲུབ་དོན་ནི་གོང་འཁོད་གནད་དོན་ལས་ཡོངས་སུ་ལྡོག་སྟེ། ཕྲུ་གུར་མ་སྐད་ཀྱི་གཞི་རྩ་བརྟན་པོ་ཞིག་བསྐྲུན་པ་དེས་སྐད་ཡིག་གཉིས་པ་སྦྱོང་རྒྱུར་འགོག་རྐྱེན་མི་སྤྲད་པ་མ་ཟད། མ་སྐད་བརྒྱུད་ལམ་གྱི་ལམ་སྲོལ་ལག་བསྟར་ལེགས་པོ་བྱས་ཚེ་སྐད་ཡིག་གཉིས་པ་སྦྱོང་རྒྱུར་ཕན་ཐོགས་ཤུགས་ཆེན་བྱེད་པའི་བདེན་དཔང་བྱས་ཡོད།
རྒྱ་གར་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཐོག་མར་བཙུགས་ནས་མི་ལོ་༥༠ ཙམ་སོང་བའི་བྱུང་རབས་ལ་ཕྱིར་མིག་ཅིག་བལྟས་ཚེ། སློབ་གྲྭ་ཡོངས་ཀྱིས་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་ཁྲིད་བརྒྱུད་ལམ་ལ་ཨིན་ཡིག་བེད་སྤྱད་པའི་སྲིད་བྱུས་ལག་བསྟར་བྱས་ཡོད། དེར་བརྟེན་ལོག་རྟོག་འདི་དང་འབྲེལ་ནས་བསྒྲུབ་བྱེད་ཅིག་བཀོད་ན། (ཚན་རིག་དང་མཐུན་མིན་ཇི་ལྟར་ཡང་རིག་ཤེས་ཀྱི་དབང་དུ་བྱས་ཚེ།) སྔོན་མའི་ལམ་སྲོལ་འོག་ནས་སློབ་ཐོན་བྱུང་བའི་སློབ་ཕྲུག་རྣམས་ཀྱི་ཨིན་ཡིག་གི་ཆུ་ཚད་ཧ་ཅང་ལེགས་པོ་དགོས་ངེས་ཡིན། འོན་ཀྱང་ཁོང་ཚོ་དེ་འདྲའི་ལེགས་པོ་ཞིག་ཡོད་དམ། གལ་ཏེ་ཀློག་པ་པོ་མང་ཆེ་བས་བློ་གཟུ་བོར་གནས་ཏེ་ཁོང་ཚོའི་ཨིན་ཡིག་གི་ཆུ་ཚད་ལེགས་པོ་ཡོད་པར་ངོས་འཛིན་ཚེ། ཕྲན་ལ་ཞུ་རྒྱུ་འཕར་མ་གང་ཡང་མ་མཆིས། འོན་ཀྱང་ཀློག་པ་པོ་ཚོས་དེ་ལས་ལྡོག་པའི་ལན་ཞིག་བཏབ་ཚེ། ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ཏེ། ”ཨིན་སྐད་བརྒྱུད་ལམ་ཐོག་སློབ་ཁྲིད་བྱས་ཚེ་སློབ་ཕྲུག་གི་ཨིན་ཡིག་ཆུ་ཚད་ཚད་ལྡན་ཞིག་བཟོ་ཐུབ་པའི་ཁག་ཐེག་སུས་ཀྱང་བྱ་མི་ཐུབ་ལ། སློབ་ཁྲིད་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་བ་དེས་ཨིན་ཡིག་གི་ཆུ་ཚད་ཞན་དུ་འགྲོ་བའི་ངེས་པ་ནི་དེ་བས་ཀྱང་མེད།” ཅེས་བརྗོད་པར་བྱེད།
བདག་གི་བསམ་པར་སྐད་ཡིག་ (བོད་ཡིག་གམ་ཨིན་ཡིག་སོགས་) ཚད་འཕེར་བཟོ་ཐབས་ནི་སློབ་ཁྲིད་བརྒྱུད་ལམ་ལ་དེ་ཙམ་རག་ལས་མེད་ཅིང། དེ་ནི་གཙོ་བོ་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་ལ་རག་ལུས་ཡོད། མཐའ་ན་རང་རེའི་སློབ་གྲྭ་ཁག་ནང་གཞི་རིམ་བར་མ་དང་གོང་མའི་སྐབས་སུའང་བོད་སྐད་བརྒྱུད་ལམ་ནས་ཨིན་ཡིག་སློབ་ཁྲིད་བྱེད་མཁན་ནི་ཉུང་ཉུང་གཏན་ནས་མིན་པས། ནོར་འཛོལ་དེ་དག་ནི་ང་ཚོའི་བསམ་བརྗོད་ལས་འདས་པ་ཞིག་རེད། རྩོམ་འབྲིའི་ནུས་པ་དང། ངག་རྩལ། ཀློག་རྩལ་སོགས་བསྐྱེད་སྲིང་བྱས་ཏེ། སློབ་མར་དེ་འདྲའི་གོམས་གཤིས་འཇགས་པ་བྱེད་རྒྱུ་ནི་སྐད་ཡིག་གི་ནུས་རྩལ་ཡར་རྒྱས་གཏོང་རྒྱུར་མེད་ཐབས་མེད་པ་ཞིག་ཡིན་ནའང། རང་རེའི་སློབ་གྲྭ་ཁག་ནང་དེ་འདྲའི་ནུས་རྩལ་བསྐྱེད་སྲིང་བྱེད་མཁན་ཤིན་ཏུ་དཀོན། དེས་ན་སློབ་ཕྲུག་ཚོའི་སྐད་ཡིག་ཚད་ལྡན་ཡོང་རྒྱུར་ང་ཚོས་རེ་བ་ཇི་ལྟར་རྒྱག་གམ།
ལོག་རྟོག་གསུམ་པ། གཞི་རིམ་ཤེས་ཡོན་སྲིད་བྱུས་ནི་ཟམ་གདོང་རིན་པོ་ཆེས་བཟོས་པ་ཞིག་རེད།
བདག་གིས་སྐབས་མང་པོར་ ”གཞི་རིམ་ཤེས་ཡོན་སྲིད་བྱུས་ནི་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བསྐྲུན་པའི་ ’རྟོག་པའི་འཆར་སྣང་’ ཙམ་ཡིན་པས། དེར་མི་མང་གིས་རྒྱབ་སྐྱོར་བྱ་མཁན་དཀོན།”ཅེས་ལབ་གླེང་བྱས་པ་ཐོས། གཞན་ཡང་རེ་ཟུང་གིས་”ཟམ་གདོན་རིན་པོ་ཆེ་ནི་དགེ་སློང་ཞིག་ཡིན་པས་ཁོང་ལ་བུ་ཕྲུག་མེད། དེར་བརྟེན་ཕྲུ་གུའི་འཚོ་ཐབས་ཀྱི་མདུན་ལམ་དང་ཡ་བྲལ་བའི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་བྱས་པ་ནི་ངོས་ལེན་བྱ་དཀའ།” ཞེས་པའང་ཐོས།
དེ་ལྟ་བུའི་སྐྱེ་བོ་ཚོས་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་བཟོ་འགོད་བྱས་པའི་བརྒྱུད་རིམ་ལ་སློབ་སྦྱོང་བྱས་ཚེ། ད་གཟོད་གཞི་ནས་གཞི་རིམ་ཤེས་ཡོན་སྲིད་བྱུས་ནི་མི་གཅིག་གིས་བཟོས་པ་མིན་པར་ངེས་ཤེས་རྙེད་ཐུབ།
བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་ཕྱི་ལོ་༢༠༠༣ ལོར་སྲིད་བྱུས་ཀྱི་འཆར་ཟིན་ཞིག་བཟོ་འགོད་གནང་བ་དང། ལོ་དེ་གར་སྐབས་དེའི་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་ལགས་ཀྱི་གཙོ་སྐྱོང་འོག་ཚོགས་མི་ལྔ་ལས་གྲུབ་པའི་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ཞིག་ཆེད་བཙུགས་གནང། ཚོགས་ཆུང་གི་ཟིན་བྲིས་དང་པོ་འགོད་འབུལ་བྱུང་བར། བཀའ་ཤག་གིས་ཞིབ་འཇུག་ནན་ཏན་དང་འབྲེལ་ཟིན་བྲིས་གཉིས་པ་གཏན་འབེབས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྡེ་ཚན་ཁག་དང། མཁས་པ་ཁག་བཅས་ལ་དགོངས་འཆར་སླད་རྒྱ་ཁྱབ་འགྲེམས་སྤེལ་གནང། ཤེས་རིག་ལས་ཁུངས་སུ་ཕྱོགས་ཁག་ནས་དགོངས་འཆར་གང་འབྱོར་རྣམས་ཕྱོགས་བསྡོམས་ཀྱིས་འབྲེལ་ཡོད་རྣམས་ལ་ཁུངས་འབུལ་ཞུས། ཕྱི་ལོ་༢༠༠༤ ཟླ་དང་པོར་རྒྱ་གར་གྱི་སྲོལ་རྒྱུན་དང། དེང་རབས་ཀྱི་ལམ་སྲོལ་ལ་མཁས་པའི་མཁས་དབང་རྣམས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ནས། ཟིན་བྲིས་གཉིས་པའི་ཐོག་བགྲོ་གླེང་ཟབ་རྒྱས་ཞུས། དེ་མཚུངས་ཕྱི་ལོ་༢༠༠༤ ཟླ་༢ པའི་ནང་བོད་ཀྱི་མཁས་པ་དང་ཤེས་ཡོན་འཛིན་སྐྱོང་མི་སྣའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང། ཟིན་བྲིས་ཚོགས་ཆུང་གི་རགས་ཟིན་གསུམ་པར་སླར་ཡང་བཀའ་ཤག་གི་ཞིབ་འཇུག་དང་འབྲེལ། ཕྱི་ལོ་༢༠༠༤ ཟླ་༦ པའི་ནང་བཀའ་ཤག་གིས་དེང་རབས་ཀྱི་མཁས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་གོ་སྒྲིག་གནང་ཞིང། བགྲོ་གླེང་གི་དགོངས་འཆར་ལས་ལེགས་ཆ་བླང་འོས་བླངས་ཏེ་མཐའ་མའི་ཟིན་བྲིས་བཟོ་འགོད་བྱས།
མཐར་ཕྱི་ལོ་༢༠༠༤ ཟླ་༩ ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་ཚོགས་དུས་བརྒྱད་པར་གོ་བསྡུར་གནང་སླད་འབུལ་ལམ་ཞུས་པར། སྤྱི་ཡོངས་བགྲོ་གླེང་གིས་དོན་ཚན་རེ་ཟུང་ཐོག་མོས་ཤོག་བསྡུ་བཞེས་གནང་ནས་བཟོ་བཅོས་གནང་འོས་གནང་རྗེས། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་དེ་ཉིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་གནང་བ་རེད།
གོང་དུ་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་བཟོ་འགོད་བྱེད་སྟངས་ཀྱི་བརྒྱུད་རིམ་གནད་བསྡུས་ཤིག་ངོ་སྤྲོད་བྱེད་དགོས་དོན་ནི། སྲིད་བྱུས་འདི་ཉིད་ཞག་གཅིག་ལ་གློ་བུར་དུ་བཟོས་པ་མིན་པར་ཤེས་རྟོགས་ཡོང་ཆེད་ཡིན། ལས་དོན་འདིའི་ནང་སྲོལ་རྒྱུན་དང་དེང་རབས་ཀྱི་མཁས་དབང་མང་པོས་དུས་ཡུན་རིང་པའི་རིང་སྐུ་ལས་ཚད་མེད་བསྐྱོན་ཡོད། དེར་བརྟེན་ང་ཚོས་རང་སྒེར་གྱི་འཆར་སྣང་འབའ་ཞིག་ལ་གཞི་བཅོལ་ནས་སྲིད་བྱུས་འདིར་སྐྱོན་བརྗོད་བྱེད་པ་ནི། ཡང་སྙིང་འོས་འཚམས་ཤིག་ཡིན་ནམ་ཞེས་པའི་དྲི་བ་ངང་གིས་སླེབས་འོང།
མཇུག་བསྡུ།
ངས་རྩོམ་ཡིག་འདིའི་ནང་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་རང་གི་བསམ་ཚུལ་སྤེལ་བ་འདིས། རྒྱ་ཆེའི་ཀློག་པ་པོ་ཚོས་མཐའ་གཅིག་ཏུ་ཕྲན་གྱི་གང་བཤད་ལ་ངོས་ལེན་བྱེད་པའི་རེ་བ་ཞུ་གི་མེད་ཅིང། དེ་ལྟར་ཡོང་མ་སྲིད་པ་ཞིག་རེད། འོན་ཀྱང་སློབ་གསོའི་གནད་དོན་གལ་ཆེའི་རིགས་(ངས་འདིར་གླེང་བ་ལྟ་བུ་)ལ་ངེས་པར་དུ་བགྲོ་གླེང་ལྷུག་པོ་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་ཡང། རང་རེའི་སྤྱི་ཚོགས་ནང་སྟོང་ཆ་འདི་ལྷག་ཡོད། དེར་བརྟེན་ཁོ་བོས་རྩོམ་ཡིག་འདི་སྤེལ་དོན་ནི་ཤེས་ལྡན་པ་ཚོས་བརྗོད་གཞི་འདི་དང་འབྲེལ་བའི་ཐོག་རྒྱུ་མཚན་ཁུངས་ལྡན་དང་དཔྱད་ཞིབ་ཚད་ལྡན་གྱིས་བགྲོ་གླེང་ཟབ་རྒྱས་ཡོང་བའི་ཆེད་དུ་ཡིན།
རང་ཅག་རྣམས་སྲིད་དོན་སྐྱབས་བཅོལ་བ་ཡིན་པའི་དབང་གིས། བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ལས་འགུལ་ཐོག་ཚོར་བ་སྐྱེན་པོ་ཡོད། ཁོ་བོས་འདིའི་ཐད་དགག་བྱ་ཞུ་དགོས་དོན་གང་ཡང་མེད། འོན་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པར། ང་ཚོའི་ཐབ་རྩོད་ཀྱི་རྣམ་པ་ནི་འཚེ་བ་མེད་པ་ཡིན་པས། འཚེ་བ་མེད་པའི་འཐབ་རྩོད་ལ་ཤེས་ཡོན་ནི་མེད་དུ་མི་རུང་བའི་ལག་ཆ་གཙོ་བོ་དེ་ཡིན། དེར་བརྟེན་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་བར་སྤྱི་ཚོགས་ཡོངས་ཀྱིས་འགན་འཁུར་བླངས་དགོས། དེས་ན་ཤེས་ཡོན་ཡར་རྒྱས་གཏོང་བར་སྐུལ་འདེད་བྱེད་པ་འདི་ཡང་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་ནོ། །
རྩོམ་ཡིག་འདི་ཧ་ཅང་ལེགས། སྤྱི་ཚོགས་ལ་ཕན་ངེས་པའི་རྩོམ་ཡིག་ཅིག་རེད།
“འཇིག་རྟེན་བལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས། །བལྟ་ལུགས་གཅིག་ལ་རིགས་ཀྱང་རིགས་གཅིག་འདུག །ཕ་ཡིས་བུ་དང་བུ་ཡིས་ཕ་བྱེད་པ། །དེ་འདྲ་བསམ་ན་ཐུང་ཐུང་ག་ནས་ཡིན། །མ་བསམ་གྱུར་ན་ཕ་བུའི་དམ་ཚིག་ཉམས། །དམ་ཉམས་ལག་ལེན་དགྲ་བོའི་དགྲ་ལ་བསྒྱུར། །ཕྲུག་གུ་ཕ་མ་མེད་པ་མི་སྲིད་ཀྱང༌། །ལག་ཐོག་སྟོན་རྒྱུ་ཡོད་པ་རེ་རེ་ཙམ། །ཚེ་སྟོད་ཡོད་ཀྱང་ཚེ་སྨད་མེད་པ་ཡང༌། །ཕ་བུའི་དམ་ཚིག་བསྲུང་དུས་བསྲུང་བ་དགའ། །དུས་ཚོད་ཆུ་ཚོད་མ་འགྱངས་གྲོལ་ནས་འགྲོ །འཐུས་ཤོར་མེད་པ་བུ་ལ་ཡོན་ཏན་སློབ། །ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང༌། །ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། །ཕྲུག་གུའི་ཡི་གེས་གསེར་ཁྲིའི་སྟེང་དུ་སྐྱེལ། །མི་ཕོའི་ཡི་གེས་སྟག་གདན་སྟེང་དུ་འཇོག །བླ་མའི་ཆོས་རྭར་ཡི་གེ་མེ་ལོང་རེད། །རྒྱལ་པོའི་ཁྲིམས་རྭར་ཡི་གེ་འབྲས་བུ་རེད། །ཡིག་ཡོད་མིག་་ཡོད་མཁས་པ་སྤྲུལ་པའི་རྒྱུད། །ཡིག་མེད་མིག་་མེད་ལོང་བ་ལྐུགས་པའི་རྒྱུད། །ཀྱོག་ཀྱོག་ཡི་གེ་གཞུ་ལྟར་འཁྱོག་གྱུར་ཡང༌། །དོན་རྩ་མདའ་ལས་འདྲོངས་པ་དེ་རུ་ཚང༌། །ཡོན་ཏན་རིན་ཆེན་དགོས་འདོད་ཀུན་འབྱུང་རེད། །དགོས་འདོད་ཀུན་འབྱུང་མི་དགོས་ཐོགས་པ་མེད། །དོན་དུ་མི་ལ་ཡོན་ཏན་ཚང་བ་དགོས། །ནོར་རྫས་མཚམས་རེ་སོང་འགྲོ་མཚམས་རེ་ཡོང༌། །ནོར་ལ་བསྐྱུར་བརླག་རྐུན་མས་འཁྱེར་བའི་ཉེན། །ཡོན་ཏན་རིན་ཆེན་འཛད་མེད་ཕུགས་ཀྱི་གཏེར། །ན་སོ་གཞོན་དུས་བུ་ལ་སྦྱོང་བདར་སློབ། །ན་སོ་ལོང་ནས་བསླབ་དགོས་མེད་པ་གྱིས། །ལྕང་གསར་གཞོན་དུས་འདྲོངས་ན་འདྲོངས་པ་རེད། །ལྕང་རྒན་སོང་སོང་མང་ན་ཆག་པའི་ཉེན། །ངན་པ་མི་དང་བསྡོངས་ཤིང་འགྲོགས་ཞན་འདྲ། །དུག་དང་བསྡོང་ན་དུག་གི་ཁ་རླངས་ཕོག །ངན་པའི་ཚོགས་དང་ནག་པོའི་སོལ་བ་འདྲ། །ཚ་མོ་བསྲེགས་ཡོང་གྲང་མོ་རྫས་ཉེན་ཆེ། །ཁེ་དང་གྱོང་གི་བསྐོར་ཕྱོགས་གཏོང་གིན་སོང༌། །ཡག་དང་ཉེས་ཀྱི་སྐད་ཆ་ཤོད་ཀྱིན་སོང༌། །ཡག་ན་ཡག་པས་ངོ་བསྟོད་བདག་རྐྱེན་སྤྲོད། །ཉེས་ན་ཉེས་སོང་ཟེར་བས་ཉེས་ཐག་ཐོངས། །ཨ་མའི་ཁ་ལ་སྒོ་ལྕགས་རྒྱབ་དྲགས་ན། །ཕྲུག་གུས་ཆག་སྒོའི་རྒྱལ་སྒོ་ཕྱེད་ཉེན་ཆེ། །རྡོ་ལ་ཕྱི་བརྡར་ཐོན་ན་ནོར་བུ་དང༌། །ལྕགས་ལ་འཇམ་ཤ་ཐོན་ན་མེ་ལོང་ཡོང༌། །ཡོན་ཏན་ཕུན་སུམ་ཚོགས་ན་སྙིང་གི་བུ། །བྱ་ལུགས་བྱེད་ལུགས་ངན་ན་དགྲ་ལས་ཀྱང༌། །དེ་ཚོ་སེམས་པ་དཀར་བའི་སྐད་ཆ་རེད། །བུ་ཡོད་ཕ་ཚོ་ཐུགས་ལ་དེ་ལྟར་ཞོག །བསླབ་ལེའུ་བཅུ་པའོ།།”
ཡ་འདི་འདྲ་ཞིག་གིས་སྔོན་བསུས་ཏེ། གོང་རྩོམ་འདི་ལ་བཀའ་དྲིན་ཞུ་ཞོར་དུ་མ་སྐད་ཟེར་བ་འདིར་མའི་དཔེ་ཟླར་འོས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་སྣང་ཡོང་ཕྱིར་དུ། ལས་འགུལ་ཅིག་སྤེལ་རྩིས་ཡོད་མོད་རང་ལུས་མེར་བསྲེགས་ཀྱི་འོག་ནས་ཅི་ཞིག་བྱེད་ན་བཟང་མིན་གཟབ་ནན་གྱིས་བསམ་བློ་བཏང་བཞིན་པའི་སྒང་ཡིན།
རྩོམ་ཡིག་ཡག་པོ་ཞིག་འདུག། བོད་མིས་སྤྱི་ཚོགས་ལ་ཕན་ངེས་པའི་རྩོམ་ཡིག་ཅིག་ཡིན་པ་ཡིག་ཆེས་ཡོད།
རྒན་རྒྱལ་མཚན་ལགས་ནས་རྩོམ་འདི་བོད་ཡིག་ནང་འབྲི་མ་ཐུབ་པའི་རྒྱུ་རྐྱེན་ག་རེ་ཡིན་ནམ། ཁོང་གིས་ཀྱང་བོད་ཡིག་གི་གལ་ཆེའི་རང་བཞིན་གླེང་གི་ཡོད་པ་མ་རེད་དམ།
སྐབས་དོན་དང་འབྲེལ་བའི་ཆ་ནས་རྒྱུན་དུ་ཡོད་པའི་བསམ་ཞིག་ཞུ་འདོད།
ང་ཚོས་ཆབ་སྲིད་ཀྱི་ལས་འགུལ་ནང་དུ་མི་རབས་གསལ་བ་རྣམས་མཉམ་ཞུགས་བྱེད་ཚད་ཞན་པ་དང་། བྱས་པ་དེ་ཡང་འཁྲབ་སྟོན་གྱི་རྣམ་གཙོ་བ་ལས་རང་བྱུང་གི་རྣམ་པ་ཞན་པ། བོད་ནང་གི་གཞོན་སྐྱེས་དག་དང་མི་འདྲ་བར་། བཙན་བྱོལ་ནང་གི་གཞོན་སྐྱེས་མང་ཆེ་བས་རང་ཉིད་ཀྱི་འདུན་ལམ་ལས་རྒྱལ་ཁབ་ལས་དོན་གལ་ཆུང་དུ་བརྩི་བ། མདོར་ན་རང་ཉིད་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ལུང་པ་མེད་མཁན་ཞིག་ཡིན་པའི་ཚོར་བ་རྣོན་པོ་མེད་མཁན་གྱི་མི་རབས་ཤིག་གྲུབ་ཟིན་པའམ་འགྲུབ་བཞིན་གླེང་ཕྱོགས་ཤིག་གང་སར་འདུག
གལ་སྲིད་གླེང་ཕྱོགས་འདི་བདེན་པ་ཡིན་ན་རྒྱལ་ཁབ་ཅིག་གི་མདུན་ལམ་ལས་གཞིགས་ན་ཧ་ཅང་ཉེན་ཁ་ཆེ་བའི་གནད་དོན་ཞིག་རེད།
འོ་ན་འདིའི་གནད་དོན་གང་ལ་ཐུག་འདུག་གམ་སྙམ་ནཿ ཁོ་བོའི་ཀླད་པར་འཆར་བ་ལྟར་ན་ང་ཚོའི་གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་དེང་རབས་ཤེས་ཡོན་སྤྱིར་བཏང་བའི་ཞོར་དུ་ཆོས་སློབ་པ་ལས་ཆབ་སྲིད་ཡེ་ནས་མི་སློབ་པ་འདི་ལ་ཐུག་མེད་དམ་སྙམ། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་ཀྱང་རང་གི་རྒྱུན་འཛིན་པ་དག་ལ་ཆབ་སྲིད་མི་སློབ་པ་ནི་ངོ་མ་བཤད་ན་ཡ་མཚན་སྐྱེས་འོས་པ་ཞིག་རེད།
ཡ་ཧུ་ད་བས་ལོ་ངོ་སྟོང་ཕྲག་གི་རིང་ལ་རང་ཡུལ་དང་བྲལ་ནས་བསྡད་ཡོད་ཀྱང་མི་རིགས་ཀྱི་འདུ་ཤེས་དང་རང་བཙན་གྱི་ལྟ་བ་བརླག་མེད་སྟབས་མཐར་རང་བཙན་རག་ཐུབ་པ་བྱུང་བ་རེད། ཁོ་ཅག་དང་རང་ཅག་ཅིའི་ཕྱིར་མ་འདྲ་བ་རེད་དམ། ངས་བལྟས་ན་ཁོ་ཅག་གི་གཞོན་སྐྱེས་དག་ལ་རང་ཉིད་ཀྱི་ཆབ་སྲིད་ཀྱི་གནད་དོན་སློབ་པར་འཐུས་ཤོར་མ་སོང་བའི་དབང་གིས་ཡིན་རྒྱུ་རེད་སྙམ།
རྒན་ལགས། དཔེ་ཡག་པོ་བྲིས་གནང་འདུག ཐུགས་རྗེ་ཆེ་ཞུ།
རྣམ་པ་ཚོས་ཡག་པོ་དྲིས་འདུག་ཞེས་མ་གཏོགས་ཡང་སྙིང་རྩོམ་གྱི་འདོད་དོན་ལྟར་ཡག་ན་ཡག་ལུགས་དང་། སྡུག་ན་སྡུག་ལུགས་ཀྱི་བསམ་འཆར་ཆུང་ཆུང་ཞིག་ཀྱང་གསུངས་རྒྱུ་མེད་པ་དེ་དཔེ་རེད། དངོས་གནས་ང་ཚོས་ཐབ་རྩོད་དེ་རིག་གནས་ཀྱི་ཕོངས་པའི་ཐབ་རྩོད་རེད་ཅེས་པ་དེ་ཇི་ལྟར་བདེན་འདུག
ཀླུ་སྨྱོན་ལགས།
ཁྱེད་ཀྱིས་དྲི་བ་འགོད་དོན་ལ་བལྟས་ན། རྩོམ་པ་པོ་ཤེས་རིག་གི་ཤེས་ཡོན་སྲིད་བྱུས་ལ་ཉམས་ལེན་བྱེད་མཁན་ཞིག་ཡིན་པས་ཆ་ནས་ཇི་ལྟར་བོད་ཡིག་ནང་མ་བྲིས་ཡིན་པར་དགོངས་པར་འདུག དེ་ནི་ང་ཚོའི་སྤྱི་ཚོགས་ཀྱི་དངོས་འབྲེལ་གནད་དོན་ཞིག་རེད།
ང་དང་རྒན་རྒྱལ་མཚན་ལྟ་བུ་ནི་ཉ་ཉུང་བསྲེས་པའི་དུས་རབས་ཤིག་གི་རིག་གཞུང་ལས་ཆས་པའི་མི་རབས་ཤིག་ཡིན། ང་ཚོའི་སློབ་གྲྭའི་མྱོང་བར་ཕྱིར་བལྟས་བྱེད་སྐབས། བོད་དབྱིན་གཤན་སྦྱར་གྱི་སློབ་ཚན་འདྲ་མིན་སློབ་ཁྲིད་དང་། བོད་དཔེ་དག་ནི་ཕྲུ་གུའི་བློ་ངོ་ལ་དཔག་པའི་སྤྲོ་བ་བསྐྱེད་བྱེད་ཀྱི་བཀོད་སྒྲིག་མེད་པར། བློ་འཛིན་དང་ཡིག་རྒྱུགས་འཁྱོལ་ཐབས་ཙམ་ཤིག་ལས་རྒན་དང་ཤེས་ཡོན་སྡེ་ཁག་ནས་ཀྱང་འབད་བརྩོན་མ་བྱས་པར་བརྟེན། ང་ཚོའི་ཁ་ལྡབ་དེ། ཕརིའི་ལྕི་བ་མེད་པ། ཚུར་རིའི་སླེ་པོ་མེད་པ། ཟེར་བ་དེ་དངོས་གནས་བྱུང་བ་རེད། ད་དུང་ཨོ་ཙི་རེད། རྒན་འཇམ་དབྱངས་ལགས་ཀྱི་སྐད་གཅིག་ནང་བྲིས་ཐུབ་པ་དེ་ཡང་ང་ཚོས་མི་རབས་ནང་དཀོན་པོ་རེད་འདུག
ཀླུ་སྨྱོན་ལགས་བོད་ཡིག་མཁྱེན་རྒྱ་ཟབ་པས་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་དེབ་ཁག་ལ་ཉམས་ཞིབ་གཅིག་བྱས་ནས་སློབ་ཕྲུག་བོད་ཡིག་ལ་སྤྲོ་བ་འཕེལ་བྱེད་ཀྱི་དགོས་འཆར་དེ་འདྲ་གསུངས་ན་གང་འདྲ་འདུག ཁྱེད་ཀྱིས་རྩོམ་རིགས་འདྲ་མིན་ལས་ང་རང་སྒེར་ལ་དངོས་གནས་ཕན་ཐོགས་ཆེན་པོ་བྱུང་།
ང་ཚོ་འཛམ་གླིང་གི་གྲོགས་པོ་གྲོགས་མོ་སུ་དང་འདྲ་བ་མེད་པར་ཤོར་སོང་བའི་སྟོང་ཆ་ཞིག་དང་རྩོད་དགོས་བའི་འོས་འགན་ཞིག་ཡོད་པའི་གཞི་རྩ་ཞིག་ལོ་ཆུང་བུ་ཕྲུག་ཚོ་ལ་འདིང་ཐུབ་ན་མི་ལོ་ཅི་ཙམ་འགོར་ན་ཡང་ཅི་སྐྱོན། གྱོད་ལོ་དགུ་འགོར་ན་གསར་བ། གོས་ཟླ་ དགུ་འགོར་ན་རྙིང་བ་ཟེར་བ་རེད།
དེ་མིན་བོད་ཡིག་ན་བོད་ཡིག་ཟེར་ནས་འཇིག་བརྟེན་མཐའ་མ་ཕུད་ཁོ་ཐག་རེད། བོད་སྐད་བཤད་ནས། བོད་ཡིག་བྲིས་ནས་འགྲོ་མཁན་གྱི་དེ་རིང་ཁ་སང་གི་རྒྱ་དགའ་མ་ཚོ་ལ་ལྟ་དང་ཤེས་ངེས་རེད།
ཚན་རིག་ཤེས་ཡོན་འགན་འཛིན་རྒྱལ་མཚན་མཆོག་གིས་སྐད་རིགས་གང་དུ་བྲིས་པ་གསལ་ཀ་མེད་པས།
བསོད་ནམས་བཟང་པོས་ལེགས་པར་བསྒྱུར་ཀྱང་། སྐད་རིགས་གང་ནས་བོད་ཡིག་ཏུ་བསྒྱུར་པ་མ་ཤེས།
ཤེས་ཡོན་སྲིད་ཇུས་ནི་ཤིན་ཏུ་ལེགས་ལ་མི་རིཌ་འདི་ཡི་དོན་རྩ་བསྒྲུབ་པའི་མཐར་ཐུགས་ཀྱི་ཕུགས་མདུན་ཞིག་ཡིན། འོན་ཀྱང་གོང་དུ་གསུངས་པ་ལྟར་དེའི་ལེ་ཁག་ཚང་མ་བོད་ཡིག་རྒྱུད་ལམ་ལ་ཕ་མ་མང་པོ་ཞིག་གི་ཁག་དཀྲི་བྱེད་པ་ལས་དོན་དངོས་རང་གི་ཕྲུ་གུར་ཤེས་ཡོན་ཇི་བཞིན་མི་ཐོབ་པའི་འགལ་རྐྱེན་ཇི་ཡིན་བསམ་ཞིབ་མི་བྱེད་པ་ནི་རང་རེའི་བཙན་བྱོལ་འཁྲོད་ཀྱི་གྱོང་ཁ་ཆེ་ཤོས་དེ་ཡིན། ང་ཚོས་འདས་པའི་དུས་སུ་འཛིན་རིམ་དང་པོ་ནས་ལྔ་པ་བར་བོད་ཡིག་སློབ་ཚན་གཅིག་ལས་གཞན་དབྱིན་སྐད་བརྒྱུད་ལམ་ཐོག་བརྒྱུད་མྱོང་བའི་ཉམས་མྱོང་དངོས་མཐོང་ཡོད་ལ། དེ་བཞིན་འཛིན་རིམ་དང་པོ་ནས་ལྔ་པ་བར་དབྱིན་སྐད་སློབ་ཚན་གཅིག་ལས་བོད་སྐད་བོད་ཡིག་གི་བརྒྱུད་ལམ་ཐོག་བསྐྱོད་པའི་ཉམས་མྱོང་ཡང་གསལ་ཐག་གཅོད་ཡོད། བརྒྱུད་མྱོང་བའི་ལམ་གཉིས་པོར་ཕྱི་བལྟས་ཞིག་གནང་ཚེ་ཁྱད་པར་འབྱེད་ཆོས་གང་ཡང་མེད་ཅེས་ཚིག་བཅད་དེ་ཞུ་ཐུབ། དེ་འདྲ་སོང་ཙང་ང་ཚོས་སྐྱོན་ཆ་གཞན་ཞིག་ནས་ལྷག་འགྲོ་གི་ཡོད་པ་འཚོལ་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིག་ཡིན། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འཁྲོད་ཕ་མ་མང་པོ་ཞིག་ནས་ཕྲུ་གུ་ཡིག་རྒྱུགས་ལོན་ན་འགྲིག་པ་དང་། སོ་སོས་ཤེས་མིན་ལ་མ་བལྟོས་པར་རྒྱུགས་ཤོག་སྟེང་ཨང་ཀི་མཐོ་པོ་ཡོད་ན་འགྲིག་པ། ཕྲུ་གུའི་ཤེས་སྤྱོད་དང་བཟང་སྤྱོད་ལ་ཐུགས་སྣང་མེད་པ་བཅས་ཀྱི་རྐྱེན་གྱི་ང་ཚོའི་ཕྲུ་གུ་མང་པོ་ཞིག་གི་རྫུན་བཤད་རྒྱུར་འཛེམས་ཟོན་མེད་པ་མཐར་ན་བྱེད་ཀྱང་བྱེད་པའི་གོམས་གཤིས་ཞིག་ཡོདཔའི་མཐོང་སྣང་དེ་འདྲ་ཞིག་ཡོང་གི་འདུག དེ་ནི་ལོ་ཆུང་བྱིས་པ་ཚོའི་ནོར་འཁྲུལ་མིན་པ་ང་ཚོ་རྒན་པ་ཚོའི་བྱེད་ལས་དང་ལམ་སྟོན་བྱེད་མ་ཐུབ་པའི་རྐྱེན་གྱི་བྱུང་བ་ཡིན། དེ་ཡང་ལམ་སྟོན་བྱེད་པ་པོའི་རྒན་རབ་པ་ཚོ་ཤེས་ཡོན་བརྒྱུད་ལམ་གང་འདྲ་ཞིག་ནས་ཡོང་ཡིན་པ་ཞུ་མི་དགོས། དེ་བཞིན་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ནང་སློབ་གྲྭའི་སྒྲིག་འཛུགས་ཀུན་སྤྱོད་ཐོག་གཞུང་གི་ཐེ་བྱུས་བྱེད་སྟངས་ལས་ཀྱང་ནོར་འཁྲུལ་གང་ཙམ་ཡོང་གི་ཡོད་པའི་མཐོང་སྣང་འདུག སློབ་ཕྲུག་ག་གེ་མོ་ཞིག་སློབ་གྲྭའི་སྒྲིག་ཁྲིམས་ལས་བརྒལ་ནས་ཕྱིར་ཕུད་བྱས་པའམ་ཉེས་པ་བཏང་བར་བཙན་བྱོལ་སྒྲིག་འཛུགས་དང། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཐེ་བྱུས་བྱེད་ལམ་ཞིག་ཡོད་སྟབས་སློབ་གྲྭ་སོ་སོའི་འགོ་ལས་ཚོས་དེར་འཛེམས་ཟོན་གྱི་བཀའ་རྙོག་ཆེ་བ་མ་བྱུང་ཚེ་མཐོང་ཡང་མ་མཐོང་བའི་ཚུལ་གྱི་འཇོག་གི་ཡོད་པའི་སྣང་ཚུལ་ཞིག་འདུག་པ་དེ་ནི་གོང་ཞུས་རྣམས་ཀྱི་བྱས་ཉེས་ལས་རང་རེའི་བོད་ཕྲུག་ཚོར་སྒྲིག་སྤྱོད་སློབ་རྒྱུའི་ལམ་ཁག་གི་འགག་རྡོ་ཆེན་པོ་ཞིག་ཆགས་པའི་འཚོར་བ་འདུག དེ་ལས་རྡོག་ཏེ་སློབ་གྲྭ་འདིའི་ཕྲུ་གུ་སྒྲིག་ཁྲིམས་མེད་པ་དང་། ཤེས་ཡོན་གཞན་པའི་དྲི་བ་བཙན་བྱོལ་སྒྲིག་འཛུགས་དང་ཚོགས་སྒེར་གང་ནས་ཀྱང་བཏང་བའི་སྐོར་ཧ་ལམ་དཀོན། མདོ་དོན་ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ་ཡོན་ཏན་ཀུན་གྱི་གཞི་བརྟེན་ལགས་པར་གསུང་ཞེས་པལྟར་སློབ་གྲྭ་ནི་ཤེས་སྤྱོད་སློབ་ཡུལ་ཡིན་སྟབས་སློབ་གྲྭའི་སྒྲིག་འཛུགས་སློབ་གྲྭར་ཐག་བཅད་དབང་ཡོད་དགོས་པ་དང་། སློབ་སྦྱོང་དང་ཤེས་སྤྱོད་མེད་པའི་སློབ་གྲྭ་དེར་ཀུན་གྱི་དུས་ནས་དུས་སུ་ཐེ་ཇུས་དྲི་བརྩད་བྱས་ཚེ་ཡར་རྒྱས་ཡོང་ངེས་སྙམ།
བཙན་འབྱོལ་བོད་མིའི་དཔའ་ཉམས་ལྡན་པའི་གཞི་རིམ་ཤེས་ཡོན་གྱི་འཆར་གཞི་དེ་ལ་ངས་ནི་ཨེ་མ་སྨྲ་ཆོག་སྙམ། ང་རང་རང་དབང་ལྡན་པའི་ལུང་པ་ཞིག་ལ་སྐྱེས་ཡོད་ན་ཡང་། རང་དབང་མེད་པའི་ཚོར་བ་ཞིག་སྐབས་རེ་ཡོང་གི་འདུག ལ་དྭགས་ཀྱི་སློབ་གྲྭ་མང་པོ་ཞིག་གི་ནང་ལ་རང་གི་སྐད་ཡིག་གི་རྨང་གཞི་ད་བར་བརྟན་པོ་ཞིག་བཟོ་ཐུབ་མེད་པ་ནི་སུས་ཀྱང་དཔྱད་ཞིབ་ལས་ཤེས་ཐུབ་པ་ཡོད། ཆབ་སྲིད་པ་དཔོན་པོ་སུ་ཞིག་ཡིན་ཡང་ཁ་ནས་བཤད་དུས་མི་མང་གི་ཐལ་སྒྲ་བླང་ཐུབ་པ་ཡོད་ཀྱང་ལག་ལེན་དཀོན་པོ་མཐོང་། དམའ་ཟེར་ན་ང་ཐལ། མཐོ་ཟེར་ན་ཁྱེད་ཐལ། ད་ཅི་འདྲ།