སོག་མདའ།
ཞོགས་པའི་སྐྱ་རེངས་ཁ་ཚུབ་ནས་ལྷུང་དུས།།
གོས་ཚར་རྙིང་ཧྲིལ་སྐ་རགས་དེ་སྡོམ་ཞོར།།
སྦྲ་ནག་སྒོ་བྱང་ཆོན་ཐག་ལ་འཕེན་མཁན།།
སྐྲ་ལོ་ལྷས་བའི་རྩྭ་ཐང་གི་་འབྲོག་མོ།།
དཀྱིལ་ཀྲུང་སུམ་ཐབ་གོར་མོ་ཡི་ནང་ལ།།
འོང་བ་སྐམ་པོའི་མེ་ཁ་དེ་གསོས་པས།།
དུད་ཞགས་དཀར་པོ་ཁ་ཚུབ་ལས་མཆེད་དུས།།
འཛུམ་དཀར་རྒོད་པའི་འབྲོག་མོ་དེ་དགའ་བ།།
གསོམ་དཀར་ཆུ་ཟོ་རྐེད་རྒྱབ་ལ་ཁུར་ནས།།
དངུལ་གྱི་ཐོམ་བུ་ཕྱག་སོར་གྱིས་བཟུང་དེ།།
ཆུ་བོ་དྭངས་མོའི་ལང་ཚོ་དེ་བཅུ་མཁན།།
རྩྭ་ཐང་འབྲོག་མོའི་གོམ་སྟབས་དེ་ཡག་པ།།
ཐུལ་དཀར་འབྲི་མོའི་ལག་ཟུང་གཉིས་དམ་དུ།
ཆུ་མིག་དགུ་མདུད་ལག་ཐག་གིས་བསྡམས་ནས།།
ནུ་བཞིའི་འོ་མ་ཤག་ཤག་ཏུ་འཇོ་མཁན།།
ལྷས་རའི་འབྲོག་མོའི་རོལ་དབྱངས་འདི་སྙན་པ།།
ཟས་མཆོག་སྦྲང་དཀར་རྩམ་པ་ཡི་ནང་ལ།།
བཅུད་ལྡན་འབྲི་མར་སེར་བོ་དེ་འཕངས་ནས།།
ཡང་བརྒྱན་ཕྱུར་དཀར་སྐར་ཚོགས་དེ་གཏོས་པས།།
གཡང་ཁྱིམ་འབྲོག་མོའི་ཟས་སྐལ་དེ་ཞིམ་པ།།
སྤྲིན་དཀར་འདྲེས་པའི་གཡང་དཀར་ལྷན་རྩེན་ཞིང་།།
རི་གླུ་སྙན་མོ་ཁོད་ཡངས་ལ་འཕུར་བས།།
སྟག་ཤར་གཞོན་ནུའི་སེམས་ཁོང་ལ་འཛུལ་མཁན།།
ཕྱུགས་རྫི་བུ་མོ་རྩྭ་ཐང་ན་མཛེས་པ།།
ཉི་མ་རི་བོའི་ཕ་རོལ་ལ་ཆས་དེ།།
ནོར་ནག་རྐང་བཞི་ལྷས་ར་ལ་བསྐྱིལ་ནས།།
གོ་ཁ་གྲུ་བཞིར་ལྷན་གཅིག་ཏུ་འཛོམས་སྐབས།།
ཁྱིམ་བདག་འབྲོག་མོའི་ཁ་ཚིག་དེ་འཇམ་པ།།
དུང་ཟླ་དཀར་བོ་མཁའ་དབྱིངས་སུ་ཤར་ནས།།
ཟླ་ཐིག་དཀར་བོ་ཁ་ཚུབ་ལས་འཚེར་དུས།།
མར་རྒྱུད་འོང་ཁའི་འགྲམ་ངོགས་ན་གཉིད་པས།།
རྩྭ་ཐང་འབྲོག་མོའི་རྨི་ལམ་དེ་ཞིམ་པ།།
ལ་གཞས་སྙན་མོ་མཚན་ངོགས་ན་རྒྱུ་དུས།།
འདྲིས་པའི་རོགས་ལོ་སླེབས་རན་ལ་སྒུག་པས།།
དམར་ཆུང་སེམས་པ་ལྷོག་ལྷོག་ཏུ་འགུལ་བས།།
དུང་ཤ་ཉེ་བའི་སྦྲ་ནང་གི་འབྲོག་མོ།།
སྒོ་ཁྱིའི་ཟུག་སྐད་རི་ཀླུང་ལ་ཁྱབ་ནས།།
སྟག་ཤར་གཞོན་ནུ་རུམ་ཁ་ལ་འཛུལ་བས།།
འཇམ་མཉེན་ལང་ཚོ་ཕན་ཚུན་ལ་འཁྱུད་དུས།།
འབྲོག་གི་བུ་མོའི་ཤ་རྩ་དེ་འཇམ་པ།།
འབྲོག་ནས་ཡོང་བའི་འབྲོག་ཕྲུག་ངའི་སེམས་ལ།།
འབྲོག་མོ་ཞིག་གི་སྣང་བརྙན་དེ་ཤར་བས།།
གློག་ཀླད་གྲུ་བཞིའི་མཐེབ་གནོན་གྱི་སྒང་ལ།།
སེམས་ལ་དྲན་པ་ཤར་མར་དུ་ཕབ་ཡིན།།
༢༠༡༣་༥་༥ཉིན་རང་ཤག་ནས་བྲིས།།
འབོལ་རྩོམ་ཟེར་བ་དེ་ཕལ་ཆེར་འདི་འདྲ་ཞིག་ལ་ཟེར་གི་ཡོད་པ་འདྲ། འབྲོག་མོ་ཕལ་མོ་ཆེའི་འཚོ་བ་དང་ལས་དབང་ཡོངས་སུ་མཚོན་ཐུབ་ཀྱི་ཡོད་པ་འདྲ། ཕ་སྐད་ངོ་མ་ཞིག་གི་སྟེང་ནས་འདི་ལྟར་བྲིས་ན་སྐབས་རེར་གཞན་གྱིས་གོ་དཀའ་བའང་ཡོང་སྲིད་མོད། རང་སྐད་ལ་མ་རྨོངས་པའི་མིའི་བུ་རྣམས་ཀྱིས་འདི་ལྟར་ཤུགས་བསྣོན་བརྒྱག་དགོས་པ་ནི་སྨོས་མ་དགོས་པ་རེད། བོད་པའི་འཁོར་ཡུག་དང་འབྲེལ་ནས་འཚར་ལོངས་བྱུང་བ་དང་། དགེ་རྒན་དང་གྲོགས་པོ་གྲོགས་མོ་ཚོའི་བཀའ་དྲིན་ལས་བོད་པའི་བརྡ་སྤྲོད་ལ་གོམ་ཁ་ནང་ལ་སྤོས་ཙམ་ཡིན་པས་ཐ་སྙད་འགའ་ཤས་གུས་མོས་ཀྱང་གོ་མ་སོང་ཡང་། ཟིན་ཐོར་བཀོད་ནས་རྩད་གཅོད་བྱེད་ངེས་ཡིན། ཐ་སྙད་ཀྱིས་ཕྱུག་པ་དང་སྨྲ་བ་ལ་དབང་འབྱོར་བའི་རྩོམ་པ་པོ་མང་བོས་ཞབས་རྗེ་འཚོལ་བཞིན་སོག་མདའ་ཅན་གྱི་སྙན་ངག་འདི་ཡང་ངོ་མ་སྙན་ངག་གི་བསིལ་བ་འགའ་ཤས་ཐོར་བའི་སྣང་བ་བྱུང་། སེམས་སྟེང་ནས་ཐུགས་རྗེ་ཆེ་ཞུ།
མགོ་སྟོང་ཆ་བོ། ཤར་མར་འབྲི་དགོས་ནི་མ་རེད། བསམ་བློ་གཏོང་ལ་ཕྲིས། མི་ལ་སྟོན་རིན་ཞིག་དང་། རང་ལ་ཡར་རྒྱས་ཞིག་དགོས་ན། མ་མཐའ་ཡང་། ཡིག་འབྲི་སྟོང་གཅིག་གི་སྙིང་བཅུད་ཡིག་འབྲི་བརྒྱ་སྐོར་གཅིག་ལ་ཕབས་ནས་བྲིས་ན་ད་གཟོད། གོ་དོན་སྡེབ་སྦྱོར་སོགས་གང་ཡག་ཡག་ཡོང་བའི་ས་བོན་ཡོད་པ་རེད། དེ་མིན། ད་དེའི་འཕྲོ་མ་མི་བཤད།
བོད་པའི་སྙན་ངག་ལ་བསྟོད་པ་དང་སྒྲོ་བཏགས་ལས། དངོས་ཡོད་ཇི་བཞིན་གཞན་གྱི་ཡིད་ལ་གཤོངས་བདེ་བ་ཞིག་གི་རྒྱུད་ལམ་ཐོག་འབྲི་མ་ཐུབ་པ་འདི་ངེད་ཚོའི་དཀའ་ངལ་རེད།
དཔེར་ན། འབྲོག་མོའི་སྐོར་ལ་འབྲི་སྐབས། འབྲོག་མོའི་རྒྱན་དང་ཡོན་ཏན། དེ་ལས་མང་པོ་ཞིག་སྒྲོ་བཏགས་པ་པས། དངོས་ཡོད་ཀྱི་ལུས་ཀྱི་དྲི་སྐྱུར་མོ་དེ་ཚོ་དང་། ལུས་ཀྱི་འདྲེགས་པ། བྷ་གའི་དྲི་ངན། དེ་བཞིན་རྐང་དྲི་སོགས་འབྲི་མི་ཐུབ་པའི་སྐྱོན་འདི་ཚོ་རེད།
འབྲོག་པའི་འཚོ་བ་ལ་ཆ་རྒྱུས་ཡོད་མཁན་ཞིག་གིས་ཤེས་པར། གནམ་གཤིས་དང་མཐུན་རྐྱེན། གོམས་གཤིས་ལ་བལྟོས་ནས། ངེད་ཚོའི་འབྲོག་མོ་ཚོས་གཙང་སྦྲ་བྱེད་པའི་གོམས་གཤིས་མེད་སྟབས། འབྲོག་མོ་ཚོ་ཟླ་མཚན་ཡོང་བའི་སྐབས། བྷ་ག་འཁྲུ་བའི་གོམས་གཤིས་མེད་སྟབས། དྲི་ངན་ནི་རྣས་བཟོད་མི་ཐུབ་པ་འདི་ཚོ་སྙན་ངག་ལ་འབྲི་མི་ཐུབ་པ་འདི་ངེད་ཚོའི་འཇོན་ཐང་རེད་དམ། རྩལ་རེད། རྐང་དྲི་དང་མཐའ་ན་མགོའི་སྐྲའི་དྲི་མ་ངར་པོ་འདི་ཚོ་དང་། ལ་བའི་དྲི་མ་དེ་ཚོ་རང་བཞིན་རེད།
སྙན་ངག་ཟེར་ན། འུར་བསྟོད་དང་སྒྲོ་བཏགས་ཅིག་པུར་གོ་ན། ངོ་མ་སྙན་ངག་ལ་བྲོ་བ་ལྟ་ཅི། དོན་སྙིང་མིན་འདུག
ང་ཚོས་གོམས་པ་གཅིག་གོང་དུ་འདེགས་ནས། དངོས་ཡོད་དང་ཐག་ཉེ་བའི་རང་བཞིན་བརྗོད་པའི་ལུས་ལ་རྒྱན་གཅིག་པུ་མིན་པར། རྒྱུ་མཚན་དང་གནས་ལུགས་ཤོད་ཐུབ་པའི་སྙན་ངག་འབྲི་ཐུབ་ན། ད་གཟོད་ངེད་ཚོའི་སྙན་ངག་འདི་སྐྱེ་བོའི་ཁྲོད་ལ་གནས་ཐུབ་སྙམས།
འདི་དོགས་གཞི་ཡིན་པས་དཔྱད་པ་ཡོད་པ་ཞུ།
གཡང་དཀར་ལུག་གི་རྫི་བོ་བྱས་མྱོང་མཁན།།
ལ་གཞས་སྙན་མོ་དབྱངས་ལ་འཐུམ་མྱོང་མཁན།།
ཁེར་འགྲོ་ཟླ་བ་གསང་གཏམ་འཆད་མྱོང་མཁན།།
མི་ཚེ་ལྷས་རར་རྫོགས་པའི་འབྲོག་མོ་ཡིན།།
ངོ་ཚའི་གདོང་ལ་དམར་མདངས་ཆགས་སླ་མཁན།།
གཤིས་ཀ་དྲང་མོའི་ནང་སེམས་བྲིས་ཡོད་མཁན།།
མར་དང་འོ་མས་བསྐྱངས་བའི་ན་ཆུང་མ།།
སྦྲ་ནག་སྨུག་པོའི་རྒྱུད་འཛིན་འབྲོག་མོ་ཡིན།།
ཨ་ལ་ཀུ་རེ་ཡིན་སོག་མདའ་ལགས་དངོས་ཡོད་དང་མཐུན་པའི་སྙན་རྩོམ་ཡག་པོ་ཅིག་བྲིས་འདུག།