ཧི་མ་ལ་ཡའི་འཕྲུལ་སྨྱུག
གནས་ལུགས་རྐྱང་པའི་ངོས་ནས་བཤད་ན་ནི་དེ་ལྟར་ལགས་མོད། ཐེག་ཆེན་གྱི་སློབ་དཔོན་རྣམ་པས། ཐེག་ཆེན་གྱི་མདོ་དང་རྒྱུད་སྡེ་དག་གསར་དུ་དར་སྤེལ་བཏང་བ་ལ་དགོས་པ་དང་རྒྱ་མཚན་མེད་ཅེས་ནི་ནམ་ཡང་སྨྲ་བ་མིན་ཏེ། རྒྱ་གར་གྱི་མུ་སྟེགས་བྱེད་དག་གིས་སྟོབས་འབྱོར་རྒྱས་པའི་ཞིང་ཁམས་དང༌། མི་སེམས་སྒུལ་བའི་ཐར་པའི་གླིང་ཁ་མང་པོ་གཅིག་རྗེས་གཉིས་མཐུད་དུ་འཛུགས་སྐྲུན་བྱ་པ་ན། ནང་པ་སངས་རྒྱས་པའི་མཁས་པ་ཚོས་བུད་ཤིང་ཟད་པའི་མེ་བཞིན་དེངས་འགྲོ་ཚུལ་གྱི་སྐད་ཆ་རྙིང་པ་དེ་རང་བཤད་དེ་བསྡད་ན་མདུན་ལམ་སོར་གང་ཡང་མེད་པར་ཤེས་ཏེ། རྔ་དང་བསྟུན་ནས་འཆམ་རྒྱག་པའི་དཔེ་ལྟར། འཇིག་རྒྱུ་མེད་པའི་དག་ཞིང་དང༌། ཤི་རྒྱུ་མེད་པའི་ལོངས་སྐུ། ༼རྒྱུད་བླ་མ་ཞིབ་ཆ་མ་གཟིགས་པའི་རང་སྐྱོན་དེ་ཕྱི་རོ་ཏུ་སྟོན་པར་མངོན།༽ གསལ་སྒྲིབ་མེད་པའི་རྣམ་མཁྱེན་སོགས་ཡ་མཚན་ཆེ་བའི་ཐེག་པ་འདི་འདྲ་ཞིག་གསར་གཏོད་ཐུབ་པ་དེས། རང་ཉིད་འཆི་ལམ་ནས་ཐེངས་གཅིག་བསྐྱབས་པ་ཡིན་ཞིང༌། གྲུབ་མཐའ་སྔ་ཕྱིའི་བར་ན་ཐོད་མི་ཐུག་པའི་ཧེ་བག་རྒྱུག་སྐབས་དྲང་ངེས་ཀྱི་ཁྱད་པར་ཕྱེས་ཏེ། འགལ་བ་བཟླུམ་པ་འདི་ཡང་འཐབ་ཇུས་ལྷུ་ཐིངས་པོ་ཞིག་མ་རེད་ཅེས་སུས་བརྗོད་ཤེས།
ཡང་མུ་སྟེགས་དབང་ཕྱུག་པ་སོགས་ཁ་ཅིག་ལ། ལྟ་གྲུབ་ཀྱི་ཐད་ནས་སངས་རྒྱས་པ་སོགས་གྲུབ་མཐའ་གཞན་དག་དང་འགྲན་རྩོད་བྱེད་པའི་སྤོབས་པ་མེད་ཀྱང༌། རྩ་རླུང་ཐེག་ལེའི་རྣལ་འབྱོར་སོགས་ལུས་ལ་གནད་དུ་བསྣུན་པའི་མན་ངག་དང༌། ༼རྩ་རླུང་ཐེག་ལེའི་རྣལ་འབྱོར་ལ་གནད་དུ་བསྣུན་རྒྱུ་དེ་ནི། གཞི་རྩའི་ཆ་ནས་སྒོམ་རྒྱུ་མེད་པ་མ་ཡིན་ཏེ། ལུས་དྲང་ན་རྩ་དྲང༌། །ཞེས་པ་ལྟར། རྡོ་རྗེའི་དཀྱིལ་ཀྲུང་བཅས་ཏེ་ལུས་དྲང་པོར་གནས་པའི་ཆ་ནི། རྩ་དྲང་བའི་གནད་ལ་འབད་པ་ཡིན་པ་དང༌། མངོན་པ་མཛོད་ལས། རླུང་ལ་བརྟེན་ནས་སེམས་ཀྱི་གནས་ཐབ་སྒོམ་རྒྱུ་ཡོད་པ་མ་ཟད། འདུལ་བ་ནས་གསུང་པའི་མི་ཚང་སྤྱོད་སོགས་ཐེག་ལེ་བསྲུང་ཐབ་སོགས་ནི། ཐེག་ལེའི་རྣལ་འབྱོར་ཁུངས་སུ་གཏོགས་པ་སོགས་ནི་ཐེག་པ་འོག་མ་ལ་ཡོད་ནའང༌། ཤུགས་ཆེ་ཆུང་ངམ་རྩལ་དུ་བསྟོན་མི་སྟོན་གྱི་ཁྱད་པར་ཡོད་པ་ནི། རྒྱུད་སྡེ་གོང་མ་ལས་ཀྱང་འོག་མར་གནད་དུ་བསྣུན་པའི་ཐབས་བརྗོད་བྱ་གཙོར་བསྟོན་གནང་ཡོད་པ་བཞིན། རྩ་རླུང་ཐེག་ལེ་འདུལ་བ་ལྷག་པར་ཟབ། །ཅེས་འབྲི་གུང་སྐྱོབ་པས་དགོངས་གཅིག་ལས་གསུང་པ་ལྟར། ཕག་གྲུ་བསོད་ནམས་རྒྱལ་མཚན་གྱིས། ཐུན་མོང་མ་ཡིན་པའི་གནད་སྟོན་ཚུལ་ནི། ཡང་དགོན་པས། འབྱུང་འཇུག་གནས་གསུམ་ལམ་དུ་མི་ལོངས་ཤིང༌། རླུང་བཅུ་དབང་དུ་མི་འདུས། རླུང་སེམས་གཅིག་ཏུ་མི་ཆུར་ན། སྔགས་ཀྱི་རླུང་སྦྱོར་དུ་མི་འགྲོ་སྟེ། མུ་སྟེགས་བྱེད་དམ་ཉན་ཐོས་སོགས་ཀྱི་རླུང་སྦྱོར་དང་ཁྱད་མེད་གསུང་ངོ༌། །ཞེས་༽ནམ་ངག་དེ་དག་ལས་བལྟས་བལྟས་རིག་རིག་གི་གྲུབ་འབྲས་མང་པོ་བསྟན་རྒྱུ་ཡོད་པས། དད་ལྡན་མི་དམངས་ཀྱི་བློ་ཡིད་འགུགས་པའི་ནུས་ཤུགས་ལ་སུས་ཀྱང་འགྲན་ཟླ་དང་བྲལ་བའི་ཚད་དུ་སླེབ་པ་ན། སངས་རྒྱས་ཆོས་ལུགས་པས་ཀྱང་བློ་སྟོབས་ཆེན་པོས་མུ་སྟེགས་ལུགས་ཀྱི་ངོ་མཚར་ཆེ་བའི་རླུང་སྦྱོར་གྱི་མན་ངག་མང་པོ་ནང་འདྲེན་གནང་ཐོག མན་ངག་དེ་དག་ལ་བསྟེན་ནས་ཚེ་ལུས་གཅིག་ལ་འཚང་རྒྱ་ཐུབ་པའི་འགྲེལ་བཤད་གསར་དུ་བསྐྱོན་པ་སོགས་གཞན་གྱི་ལེགས་ཆ་འདུས་ལ་རང་གི་ཁྱད་ཆོས་ཀྱང་ཡོད་པའི་གསང་སྔགས་ཀྱི་བསྟན་པ་འདི་སྤེལ་བ་དེས་ཛ་དྲག་ཆེ་བའི་འགྲན་རྩོད་ཁྲོད་ནས་སླར་ཡང་རྒྱལ་ཁ་ཐེངས་གཅིག་བླངས་པ་རེད། འོན་ཀྱང་སྐབས་དེ་ནས་བཟུང་སྟེ་ལྟ་སྒོམ་སྤྱོད་གསུམ་གང་གི་ཐད་ནས་ཀྱང་སངས་རྒྱས་པ་གཅིག་པུ་ཡ་མེད་ལྟ་བུར་ཆགས་པའི་དབང་གིས་མུ་མཐུད་ལེགས་བཅོས་དང་ཡར་རྒྱས་མ་བཏང་བར་མ་ཟད། རང་ལྟ་མཆོག་འཛིན་ལ་བརྟེན་པའི་རྙིང་ཞེན་མཁྲེགས་འཛིན་གྱི་སྨྱུ་གུ་ཞིང་འབུས་འགོ་ཚུགས་པ་དང༌། ཕྱོགས་གཞན་ཞིག་ནས་འཐད་སྒྲུབ་ཀྱི་རིགས་པ་མི་དགོས་པར་མཚོན་ཆ་ལ་བརྟེན་ནས་བསྟན་པ་སྤེལ་མཁན་གྱི་ཀླ་ཀློའི་དམག་དཔུང་ཡུལ་དབུས་སུ་སླེབ་པ་བཅས་རྐྱེན་ངན་འགལ་འཛིང་གི་ཁྲོད་ནས། རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཉིན་བཞིན་མ་བསྡད་པར་རྒུད་པའི་ཕྱོགས་སུ་ཆས་སོང་བར་སྣང་ངོ། །༡རྨོ་ལ་རྗེས་འཇུག་ར་ལ་ཡ་བཏགས་པ་ཞིག རྗོད་བྱ་ཐེག་ཆེན་གྱི་སྡེ་སྣོད་རང་ལྡོག་ལ་དཔྱད་ན་ཁུངས་ལྡན་མིན་པའི་ཚུལ་དེ་ལྟར་ཡིན་ལ།
རྒྱ་ཆེའི་ཀློག་པ་པོ་རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
རྩ་རླུང་ཐིག་ལེ་རྣམས་ཇི་ལྟར་སྒོམ་པ་ཐག་རིང་། དེ་དག་བཤད་པའི་གཞུང་དཔེ་འགའ་རེ་གཡམ་རྒྱུག་གིས་བཀླགས་པ་ཞིག་ཡོད་དམ་སྙམ། བདག་ཝཱ་རཱ་ཎ་སཱིར་ཡོད་དུས་སུ་ལན་ཅིག ཁ་ཆེའི་ཡུལ་གྱི་ཕྱི་རོལ་པ་ཞིག་གིས་སྒོམ་རྒྱབ་པ་ན། ལུས་ལ་མེ་ཡོད་པ་ལྟ་བུ་མདངས་ཞུགས་ཞེས་པ་ཞིག་ཧིནྡ་སྐད་དུ་བཀླགས་སོ།།
སྟོན་པ་འདས་ནས་ཐེག་ཆེན་གྱི་མདོ་རྒྱུད་དེ་དག་ཡང་བསྐྱར་སྤེལ་བ་ལས་གསར་དུ་སྤེལ་བ་ནི་ངས་མི་འདོད་དོ། །
ཐུ་བས་ ང་ ནང་པའི་ གྲལ་ནས་ འབུད་བགྱིད་ ཡོད་དམ། ཡང་ན་ ཁྱོད་རང་ལྷར་ དད་མེད་ཅིག་ བཟོ་ འདོད་དམ། ཁྱོད་ཀྱི་ ཆེད་དུ་ ངས་ ལྷའི་ མིག་གི་ མངོན་ཤེས་ ཟེར་མཁན་ དེ་ བསྒྱུབ་ དགོས་ འདུག གལ་ སྲིད་ངས་ དེ་ བསྒྱུབས་ ཚར་ན་ ཡང་། ང་རང་ རང་གིས་ འཛིག་རྟེན་ གཞན་པ་ དག་ མཐོང་ ཐུབ་པ་ ཙམ་གྱིས་ མདའ་སྨྱུག་ དང་ ཐུ་བ་ སོགས་ལ་ བསྟན་པའི་ ཐབས་ ཡོད་དམ་ མེད། དེ་ཡང་ ཐེ་ཚོམ་ མོ། །