རྒྱ་བལ་ཐེངས་གཅིག་བསྐོར་བའི་དྲན་ཐོ།
བེ་རི་འཇིགས་མེད།
ཀ་ན་ར་ནས་ངྷ་རམ་ས་ལ་རུ།།
ཁ་བ་རི་པའི་རྩོམ་རིག་ཚོགས་འདུ་སླད།།
ག་ལེར་སོང་བའི་མཐོང་སྣང་རྗེན་པའི་ཚུལ།།
ང་རང་དེ་རིང་དྲན་ཐོ་འབྲི་འདོད་བྱུང༌།།
ཅ་ཅོ་འདུ་ལོང་འཁྲུགས་པའི་ཧུབ་ལི་ནས།།
ཆ་རྒྱུས་མེད་པའི་རི་ལིའི་ནང་འཛུལ་ཏེ།།
ཇ་ཡེ་ཟེར་ཚད་ལག་ནས་ཇ་འཐུང་ཞོར།།
ཉ་རེ་ཉོ་རེ་བྱས་ནས་དལ་གྱིས་སོང༌།།
ཏཱ་ལའི་ལོ་མའི་སྣོད་ཀྱི་ཁ་ལག་དང༌།།
ཐ་མག་བྷི་རི་འཚོང་མཁན་འཚང་ཀའི་ཐོག།
ད་དུང་མ་ནིང་མང་པོའི་སློང་སྒྲའི་ཁྲོད།།
ན་དྷ་ར་སོགས་ས་ཚུགས་དུ་མ་བརྒལ།།
པ་སངས་མདོག་ལས་དཀར་བའི་རྒྱ་རིགས་དང༌།།
ཕ་མེས་རིགས་རུས་གཙང་བའི་རྗེ་རིགས་དང༌།།
བ་ཕྱུགས་ལྷ་རུ་རྩི་བའི་བྲམ་ཟེ་དང༌།།
མ་རབས་དམངས་རིགས་འདྲེས་མའི་མི་རིགས་མང༌།།
ཙ་ཀོ་ར་ལྟར་འཛེར་པའི་ཡུལ་སྐད་དང༌།།
ཚ་འཇམ་བསྣོལ་མ་འཐབ་པའི་ཡུལ་སྐད་གཉིས།།
ཛ་ཡའི་གནས་མཆོག་ཡུལ་གྱི་དབུས་སྐད་སོགས།།
ཝ་ལེ་ཝོ་ལེ་འདྲེས་པའི་སྐད་ཡིག་མང༌།།
ཞྭ་ལུགས་གོམ་སྟབས་མི་གཅིག་ཁ་ཁ་དང༌།།
ཟ་འཐུང་གོམས་སྲོལ་མི་འདྲ་སོ་སོའི་ཁྲོད།།
འ་རེ་འུ་རེ་ངང་དུ་སོང་བ་ལས།།
ཡ་མཚན་ལྡི་ལི་གསར་པའི་གྲོང་མཐར་སླེབས།།
ར་ལུག་ལས་ཀྱང་སྐད་ལ་རྨོངས་པའི་ཕྱིར།།
ལ་དྭགས་ངྷ་རམ་ས་ལའི་བར་དུ་ཡང༌།།
ཤ་ཁྲག་ལས་ཀྱང་གཅེས་པའི་ཧིན་སྒོར་བརྒྱ།།
ས་མཐའི་རི་ཤལ་བ་ལ་སྤྲོད་དགོས་བྱུང༌།།
ཧ་ཅང་འཁྲུག་པའི་མན་ཇུ་ཊི་ལ་ནས།།
ཨ་སྒོར་སློང་སའི་སྦྱིན་བདག་མ་ཡིན་པའི།།
ཨ་རིའི་རྨོ་མོ་ཞིག་དང་གྲོས་བྱས་ཏེ།།
ཧ་ལམ་མཚན་མོ་གཅིག་གིས་ངྷ་སར་སླེབས།།
ཀརྨ་མཆོག་སྤྲུལ་དམིགས་བསལ་མཇལ་ཁ་ཐོབ།།
ཁ་ཙམ་མིན་པར་མི་ཕྱེད་དད་པའི་ངང༌།།
ག་དུས་ཡིན་ན་སྐྱབས་འཇུག་གནང་དགོས་ཞེས།།
ང་རང་གང་ཤེས་ཞུ་བ་ལྷུག་པོར་ཕུལ།།
ཅ་ལག་རྔན་པ་མགྲོན་ཁང་ནང་ལུས་ཀྱང༌།།
ཆ་རྒྱུས་དེ་ཙམ་མེད་པའི་སྦི་རིར་ཕྱིན།།
ཇ་ཁང་ཞིག་ནང་སུང་ཇ་སློབ་གྲྭ་འགར།།
ཉ་ཉུང་འདྲེས་མའི་བསླབ་བྱ་རྒྱག་ཁུལ་བྱས།།
ཏ་ལའི་དབྱིབས་འདྲའི་མེ་ལོག་གྷ་ཇི་ནས།།
ཐ་རེ་ཐོར་རེ་གྲོང་སྡེ་འགའ་བརྒལ་ནས།།
ད་ལྟར་སཱ་ར་མཐོ་སློབ་གྲགས་པ་དེར།།
ན་གཞོན་དུ་མའི་མཉམ་དུ་ཚོགས་འདུར་ཞུགས།།
པ་སངས་ལྟར་དཀར་མེས་པོའི་རྒྱལ་རབས་དང༌།།
ཕ་རོལ་དམར་པོ་རྒྱ་ཡི་འཁྱོག་བརྗོད་གཉིས།།
བ་ལ་ཛ་བཞིན་འཛིང་པའི་འགལ་འདུ་རྣམས།།
མ་ལུས་གཙང་སེལ་དགོས་པའི་གྲོས་ཆོད་བཞག།
ཙ་ཀྲའི་འཕྲུལ་ལྡན་མོ་ཊའི་ནང་ཞུགས་ནས།།
ཚ་བ་གཞན་ལས་ཆེ་བའི་ལྡི་ལི་གྲོང༌།།
ཛ་ལང་སྤྱོད་ལྡན་མ་ཇུག་ཊི་ལ་བར།།
ཝ་ལེར་མཚན་མོ་གཅིག་ལ་ཏག་ཏག་སླེབས།།
ཞ་ཡིག་ལྟར་འཁྱོག་སྲང་ལམ་འདྲ་མིན་ནང༌།།
ཟ་ཁང་མགྲོན་ཁང་སྦག་ཁང་ཆང་ཁང་སོགས།།
འ་རེ་འུ་རེ་འདྲ་མིན་སྣ་ཚོགས་ཀྱིས།།
ཡ་མཚན་སྒྱུ་མའི་འཁྲབ་སྟེགས་དངོས་འདྲ་མཐོང༌།།
ར་བ་གངས་ཅན་ལྗོངས་ནས་གཉེན་འཕྲད་དུ།།
ལ་ལུང་དུ་མ་བརྒལ་ནས་སླེབས་པ་ཡི།།
ཤ་ཁྲག་གཅིག་པའི་སྤུན་མཆེད་སྲིང་མོ་གང༌།།
ས་མཚམས་བརྒལ་ནས་བལ་ཡུལ་བསྐྱལ་མཁན་སོང༌།།
ཧ་ཅང་བཙན་པའི་རྒྱ་བོད་ས་མཚམས་སུ།།
ཧ་ཅང་བདུད་མོ་འདྲ་བའི་བསྐོར་སྲུང་འགས།།
ཨ་ཅེ་མཛེས་མ་ཁ་ཤས་མ་གཏོགས་པ།།
ཨ་ཕོ་འགྲུལ་པའི་ལག་ནས་དངུལ་དངོས་འཕྲོག།
ཀ་ཋི་མ་ཊི་གྲོང་ཁྱེར་ཆེན་པོའི་ནང༌།།
ཁ་དོག་དཀར་སེར་དམར་ནག་མི་རིགས་ཚོགས།།
ག་རེ་འདོད་འདོད་དངུལ་གྱིས་བྱེད་པ་ཡི།།
ང་ཆེ་ཁོ་ཆེའི་ཚོང་པ་མང་པོ་མཐོང༌།།
ཅ་ལག་རྙིང་པ་ཕྱི་རྒྱལ་ཡུལ་དུ་བཙོང༌།།
ཆ་ལུགས་གོས་གསར་ཉིན་རེ་ཉིན་རེར་བརྗེ།།
ཇ་ཆང་ཤོ་སྦག་འདོད་བརྩེ་ནག་ཚོང་སོགས།།
ཉ་དང་ཉུང་མ་འདྲེས་པའི་ལྟད་མོ་མཐོང༌།།
ཏཱ་ལའི་བླླ་མའི་བཀའ་ལ་རྩི་མཁན་དང༌།།
ཐ་ཤལ་ལོག་པའི་ལམ་ལ་འགྲོ་མཁན་གཉིས།།
ད་དུང་མང་ཉུང་དབྱེ་ཐག་མི་ཆོད་པས།།
ན་མིན་འཆི་མིན་བོད་བའི་ལོ་རྒྱུས་མང༌།།
པ་སངས་ཉིན་མོར་གཉན་ཆེན་ཐང་ལྷའི་ནང༌།།
ཕ་གཅིག་ལྟ་བུའི་གྲོགས་པོ་ཀླུ་སྨྱོན་ས།།
བ་དང་བེའུ་བཞིན་ཐུག་འཕྲད་བྱེད་བསམ་ཡང༌།།
མ་རབས་གྲོགས་པོ་ཞིག་གིས་བཀག་འགོག་བྱས།།
ཙ་རི་བསྐོར་བའི་དཀའ་ལས་མ་བསྐྱོན་ཀྱང༌།།
ཚ་བའི་ཡུལ་ནས་ཐམས་ཅད་མཁྱེན་པ་མཇལ།།
ཛ་ཡེའི་གནས་མཆོག་སྐོར་བའི་སྲིང་མོ་གང༌།།
ཝ་བཞིན་ས་མཐར་མ་བཞག་བོད་དུ་བརྫངས།།
ཞྭ་གོས་རྒྱུ་ནོར་ཚོང་རྫས་ཕར་ཙམ་ཞོག།
ཟ་འཐུང་འགྲོ་གྲོན་འདང་མིན་ཙམ་ཞིག་བྱས།།
འ་ཆད་འུ་ཐུག་རྣམ་འགྱུར་ཁོ་ན་ཡིས།།
ཡ་མེད་རྒྱ་བལ་ས་མཚམས་འཕྲང་ལམ་བརྒལ།།
ར་ཛའི་གྲོང་ཁྱེར་ལྡི་ལི་ནས་རྒྱུད་དེ།།
ལ་ཐུར་མེད་པའི་རྒྱ་ཐང་ཡངས་པོ་ལ།།
ཤ་ཁྲག་མིན་པའི་ལྕགས་ཀྱི་འཕྲུལ་འཁོར་ནང༌།།
ས་མཐའི་ཧུབ་ལི་འབབ་ཚུགས་ནང་དུ་སླེབས།།
ཧ་ཅང་ཆ་རྒྱུས་ཡོད་པའི་ཧུབ་ལི་ནས།།
ཨ་རིའི་གློག་བརྙན་ཞིག་ལ་ལྐོག་ནས་བལྟས།།
ཧ་ལས་དགོས་པའི་འཕྲུལ་རིགས་མང་མཐོང་བས།།
ཨ་ཨ་བསམ་ནས་ཡིད་སྨོན་གཏིང་ནས་སྐྱེས།།
ཀི་ཤར་སྒྲོག་ནས་ཁུ་ཚུར་མི་འཕྱར་ཡང༌།།
ཁུ་བོའི་ལ་རྒྱ་འཚོལ་བའི་བུ་ཞིག་གིས།།
གེ་སར་ལྷ་སྒྲུང་ལྟ་བུ་མ་ཡིན་པར།།
ངོ་མ་བྱུང་བའི་ཟུར་ཐོ་བཀོད་པ་ལགས།།
༢༠༠༠།༦།༢༥།ཧུབ་ལི་ནས་བྲིས། ༼ལྷོ་མཐའི་ཁ་བ་༽འདོན་ཐེངས་གཉིས་པའི་ཐོག་བཀོད།
ཀ་ར་བུ་རམ་ཟོས་པའི་གཅེས་ཕྲུག་དང་།
ཁ་ལ་ངན་ངོན་ཟོས་པའི་འཁྱམ་པོའི་བུ།
ག་ནས་བལྟས་ཀྱང་འདྲ་ཐབས་མ་མཆིས་པས།
ང་ནི་ཁྱེད་ལ་སེམས་པ་གཏིང་ནས་དགའ།
བོད་ཀྱི་རྩོམ་རིག་གི་གར་སྟེགས་སྟེང་དུ་མིང་ཡོད་མཁན་སྐུ་ཉིད་ལྟ་བའི་བོད་རང་ལ་ཡོད་པའི་མིང་ཚིག་སྐྱུར་ནས་གཞན་བེད་སྤྱོད་བྱེད་པ་དེ་ན་ཡག་པོ་ཞིག་གཏན་ནས་མཐོང་མ་སོང་། དཔེར་ན་མེ་འཁོར་ལ་རི་ལུ་ཟེར་བ་ལྟ་བུ་རེད། སྐུ་མཁྱེན་རྗེས་ཕྱོགས་འདིའི་ཐད་དུ་ཐུགས་སྣང་ཞིབ་དུ་མཛད་རོགས་ཞུ།
བོད་ཀྱི་ལྷ་ཀླུ་གཉན་གསུམ་སུ་གང་ཞིག་ཡིན་པ་མི་འདྲ། བོད་ཀྱི་མེལ་ཚེ་བ་ཞིག་པ་འདྲའོ