རུ་བ་ཆུ་བཟང་།
ཉི་ཟེར་གྱི་འགྲུལ་བཞུད་ལ་བར་མཚམས་ཅི་ཡང་མེད་པར་ནུབ་རིའི་ཕྱོགས་སུ་ག་ལེར་ཕེབས་སྐབས། རྒྱང་རིང་རྒྱང་རིང་ཡུལ་གྱི་མེ་སྟག་གི་ཕྱི་མིག་དང་འདྲ་བའི་རྒྱང་ལྟ་སྟེ། མཐའ་ཡངས་བའི་ནམ་མཁའི་ངོས་ཀྱི་སྤྲིན་ཕུང་དག་ནི་བུ་མོ་སུ་ཞིག་མཁུར་ཚོས་དམར་པོ་བཞིན་འཇིག་རྟེན་འདིའི་མཛེས་སྡུག་ཏུ་སྨིན་ཐེངས་རེ་རེ་། རང་དབང་མེད་པར་ཚོར་བ་སྐྱེན་པོ་ཞིག་གི་བསམ་གཞིགས་ཀྱིས་འདི་ལྟར་ཁྲིད་འགྲོ
ཁྱེད་ཀྱི་མཛེས་སྡུག་དེ་སང་ཉིན་གྱི་ཞོགས་པ་བསུ་བའི་སྐྱ་རེངས་ཀྱི་སྔ་ལྟས་ཡིན་ནམ། དེ་རིང་གི་རྡུལ་ཀློང་ན་སྒྱིད་ལུག་གི་མགོ་བོ་ཐུར་ནས་ཐུར་དུ་དུ་འགྲོ་བཞིན་པའི་ངེད་ཚང་གི་རུ་བ་དག་གི་གཤིས་རྒྱུད་ན་འཕྱོ་བའི་ཁ་ཤོམ་སྤུ་གྲི་དེའི་ལོ་རྒྱུས་ཡིན། ཡང་ན། གནམ་རྒན་མ་ཁྱེད་བཞུགས་སའི་ཁྲེལ་མེད་ཀྱི་གནས་ཚང་དེ་ཡིན་པས། གཟུ་དཔང་གི་མདའ་མོ་དེའི་ལྐོག་གྱུར་ལ་ཟུར་ཟ་བྱེད་ཡོད་དམ། འོ་ན། མུན་ནག་གི་མཚན་ལྗོངས་རིང་མོ་ནི། ངེད་ཚང་གི་མགོ་ཐོག་ལ་གནམ་ལྕགས་བཞིན་བརྡུངས་བའི་འདྲེ་ལག་ཏེ། ས་སྟེང་གི་སུ་ཞིག་གིས་ཀྱང་མ་ཤེས་མ་གོ་བའི་སྨུག་ནག་གཏིང་རིང་གི་དམྱལ་ཁམས་ཡིན་ནམ།
ཉི་མ་རི་རྒྱབ་ལ་འདི་ལྟར་ཁད་ཀྱིས་བཞུད་སྐབས། ཁྱེད་གསང་བ་གྲངས་མེད་ཀྱི་མཛེས་སྡུག་དང་ལྷན་དུ་། མཁའ་དབྱིངས་ནས་འདི་ལྟར་ང་ལ་ལྟ་དུས། ངས་ཁྱེད་རང་མཁའ་དབྱིངས་ཀྱི་ཟླ་་བའི་ལྷ་མོ་ལས་ཀྱང་སྒེག་མོ་ཚོར་གྱིན་ཡོད་ལ། ཉི་མ་བཞུད་ཤུལ་གྱི་མཛེས་རིས་འཛིན་པའི་ཨ་སྔོན་གྱི་པིར་ཐོགས་པ་ཁྱེད་ལས་མེད་པར་བསམ་ཡོད་། ད་དུང་། ས་མ་རུབ་གོང་གི་གནམ་འོག་འདི་། ཁྱེད་ཁོ་ན་ལ་དབང་བའི་ཞིང་ཁམས་དེ་ཡིན་པར་བསམ།
འོན་ཀྱང་། ཁྱེད་སུ་ཚང་གི་ཁ་གྲགས་རྒྱུ་མེད་པའི་མནའ་མ་དབང་མེད་ཞིག་དང་འདྲ་བར། མཁུར་ཚོས་ཀྱི་ཀུ་ཤུ་ཐམས་ཅད་ངོ་ཚས་བསླུས་ཞིང་གར་སོང་ཆ་མེད་གྱུར་ཏེ། ནམ་མཁའ་འདི་སྟོང་སིང་སིང་དང་ལྷན་དུ་མུན་ནག་གི་འཇེབས་རྒོལ་མྱུར་དུས། ངའི་སེམས་གཏམ་འདི་སྟོང་བའི་དབྱིངས་ཀྱི་བྲག་ཆ་དང་བསྡོངས་ནས་མུན་ཀློང་དུ་འཐིམས་འགྲོ།