དྲི་བ་འདོན་མཁན་ཀླུ་སྨྱོན།
དྲི་བ་དང་པོ།
ཐོག་མར་ཁྱེད་ཀྱིས་རང་ཉིད་ཀྱི་སྐྱེས་ཡུལ་དང་ཆུང་དུས་གཞི་རིམ་སློབ་སྦྱོང་བྱེད་ས་ངོ་སྤྲོད་ཅིག་གནང་རོགས།
དྲི་ལན།
ང་རང་སྐྱེས་ས་དེ་མདོ་སྨད་རེབ་གོང་རེད། ཆུང་དུས་ཕ་ཡུལ་གྱི་གྲོང་སྡེའི་སློབ་ཆུང་དང་། དེ་ནས་རེབ་གོང་རྫོང་མི་རིགས་སློབ་འབྲིང་ལ་ཞུགས་པ་རེད། སློབ་འབྲིང་གི་རྗེས་ལ་རྨ་ལྷོ་ཁུལ་གྱི་དགེ་ཐོན་སློབ་གླིང་ནས་སློབ་སྦྱོང་བྱས་པ་དང་། དེའི་རྗེས་ལ་ནུབ་བྱང་དགེ་འོས་སློབ་ཆེན་འགྲིམས་པ་རེད། དེའི་རྗེས་ལ་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་ནས་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་སློབ་མ་བཏོན་པ་དང་། ད་ལྟ་ཨ་རིའི་ནིག་ཡོག་ན་ཤར་ཕྱོགས་གསོ་རིག་གི་ཞིབ་འཇུག་སློབ་ཚན་ལ་སློབ་སྦྱོང་བྱེད་བཞིན་ཡོད།
དྲི་བ་གཉིས་པ།
ཁྱེད་རང་ཇི་ལྟར་གསོ་བ་རིག་པར་སློབ་སྦྱོང་བྱེད་པའི་ལམ་དུ་ཞུགས་ཚུལ་ངོ་སྤྲོད་ཅིག་གནང་རོགས།
དྲི་ལན།
རེབ་གོང་དགེ་འོས་སློབ་གླིང་ན་ཡོད་དུས་སློབ་ཞོར་དུ་ཉིན་རྒྱུན་རོང་བོ་དགོན་ཆེན་དུ་སོང་ནས་དགེ་བཤེས་སོ་ནག་བརྩོན་འགྲུས་ཀྱི་དྲུང་ནས་ཐོག་མར་བརྡ་དག་བྱེ་མ་ལེབ་དང་ཐོན་མིའི་ཞལ་ལུང་། སྙན་ངག་སྤྱི་དོན་སོགས་ལ་སློབ་སྦྱོང་བྱས་པ་ཡིན། ཁོང་ནི་སློབ་ཁྲིད་བྱེད་སྐབས་གསོ་རིག་སྐོར་གྱི་ལུང་དང་རྒྱུན་མཁོའི་ཤེས་བྱ་མང་པོ་ཞིག་འབྲོག་སྐད་དག་མོ་ཞིག་གིས་རྟག་ཏུ་སྐྱོར་སྡོད་མཁན་ཞིག་རེད། གང་ལྟར་དག་ཡིག་སོགས་སྐད་ཡིག་སྐོར་ལ་རྨང་གཞི་བརྟན་པོ་ཞིག་འཇོག་ཐུབ་སོང་། དགེ་བཤེས་ཁོང་གི་མདུན་ན་གསོ་རིག་སློབ་གཉེར་བྱེད་མཁན་གྱི་སློབ་མ་ཕྱོགས་ཡར་མར་ནས་ཕེབས་པ་མང་བས་དེ་དག་གིས་བཞག་པའི་བག་ཆགས་ཡིན་ནམ། གང་ཡིན་མ་ཤེས་པར་གསོ་རིག་སྐོར་ལ་སློབ་སྦྱོང་བྱེད་འདོད་ཀྱི་བློ་བཅོས་མིན་ཞིག་སྐྱེས་བྱུང་། དེ་ནས་ངའི་ཞང་པོ་རྡོར་དབང་ལགས་ཀྱིས་དེ་སྔ་བོད་ཀྱི་གསོ་བ་རིག་པ་སྦྱངས་པའི་ཟིན་བྲིས་དེབ་དེ་ཚོ་དང་། ཁོང་གིས་བློ་འཛིན་བྱས་པའི་རྒྱུད་བཞིའི་དཔེ་ཆ་ཚིལ་དྲེག་མ། ཟིན་ཏིག་མཛེས་རྒྱན། རྒྱུད་འགྲེལ་སྣ་ཚོགས་ཤིག་བཅས་ཡོད་པ་དེ་ཚོར་ཡང་ལྟ་བསྐྱར་ལྟ་ཐེངས་མང་པོ་བྱས་པ་ཡིན། ད་དུང་ནངས་དགོང་གི་དུས་ཚོད་ལ་རྩ་རྒྱུད་དང་བཤད་རྒྱུད། རྩ་མདོ་ཆུ་མདོ་སོགས་གལ་ཆེའི་ལེའུ་ཁ་ཤས་ཁ་འདོན་གྱི་ཚུལ་དུ་བཀླགས་པས་རིམ་བཞིན་བློ་ངོར་ཟིན་ཐུབ་པ་བྱུང་། དེ་ནས་རིམ་པས་གསོ་རིག་གི་དཔེ་ཁྲིད་ཐེངས་མང་པོར་ཉན་པའི་གོ་སྐབས་བྱུང་། ང་རང་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་བྱེད་པའི་བསམ་བློ་དེ་འདི་འདྲ་ཞིག་ནས་བྱུང་སོང་བ་ལྟ་བུ་ཞིག་ཡིན།
དྲི་བ་གསུམ་པ།
རིམ་པས་གསོ་རིག་གི་གཞུང་ལུགས་དང་ལག་ལེན་ལ་སྦྱངས་སྟངས་གང་འདྲ་ཡིན་ནམ།
དྲི་ལན།
དྲི་བ་འདི་ལ་ལན་ཅུང་རྒྱས་པ་ཞིག་ཞུ་འདོད་བྱུང་། གོ་བརྒྱད་ལོར་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་ཀྱིས་སྔགས་འཆང་རྟ་མགྲིན་རྒྱལ་གྱི་དྲུང་ནས་སྐྱེམས་པ་ཚེ་དབང་གིས་བརྩམས་པའི་རྒྱུད་བཞིའི་འགྲེལ་པ་ལས་རྩ་རྒྱུད་ཀྱི་འགྲེལ་པ་ལ་ཉན་པ་ཡིན། དེ་དུས་སྐྱེམས་པ་ཚེ་དབང་གི་རྒྱུད་བཞིའི་འགྲེལ་པ་དེ་ཡོངས་ཁྱབ་དཔར་སྐྲུན་བྱས་མེད་སྟབས། ཁོང་གི་དྲུང་ནས་དཔེ་ཆ་སྣ་རིང་མ་ཞིག་གཡར་ཏེ་ཉིན་གཉིས་ལ་རྩ་རྒྱུད་ཀྱི་འགྲེལ་པ་ཆ་ཚང་བཤུ་འབྲི་བྱས། བཤུ་འབྲི་བྱས་ཚར་རྗེས་མཛུབ་མོའི་མགོ་ལ་ཆུ་བུར་ཆེན་པོ་ཞིག་ཀྱང་བཏོན་བྱུང་། དེ་དུས་སློབ་གཉེར་བྱེད་འདོད་ཀྱི་འདུན་པ་ཤུགས་དྲག་ཡོད་པས་སློབ་སྦྱོང་ལ་དཀའ་ལས་མང་པོ་བརྒྱབ་པ་ཡིན། རྒྱུད་བཞི་བློ་འཛིན་བྱེད་པར་འབད་པ་བྱས་པ་ཡིན། མཚམས་རེར་མཚན་མོའི་རྨི་ལམ་ལའང་རྒྱུད་བཞིའི་ཚིག་གསལ་བོར་ཀློག་པ་དང་དེ་ལ་དཔྱོད་པ་རྨི་བ་ལྟ་བུ་ཞིག་བྱུང་། ཡིན་ནའང་། ད་ལྟ་ནི་སྔོན་གྱི་རྨི་ལམ་དེ་འདྲ་གཅིག་ཀྱང་གཏོང་རྒྱུ་མི་འདུག
དམ་པ་ཁོང་གི་དྲུང་ནས་རྩ་རྒྱུད་ཀྱི་ཁྲིད་ཆ་ཚང་ཞིག་ཐོབ་རྗེས་གསོ་རིག་་ཕྱོགས་ལ་ངེས་ཤེས་དང་ཡིད་ཆེས་ཀྱི་དད་པ་བརྟན་པོ་ཞིག་སྐྱེས་བྱུང་། རྒན་ཁོང་གི་རིག་པའི་རྩལ་ནི་ཧ་ལས་པ་ཞིག་ཡིན། སློབ་ཁྲིད་བྱེད་སྐབས་ལུང་འདྲེན་གཙོ་བོ་མི་བྱེད་པར་རིགས་པས་བསྒྲུབས་ནས་སློབ་མའི་རྒྱུད་ལ་རིགས་པ་གསོན་པོ་ཞིག་འཇོག་ཅི་ཐུབ་བྱེད། དེ་མཚམས་ཤིག་ལ། རྒན་ཁོང་རེབ་གོང་གསོ་རིག་སློབ་གྲྭ་ནས་མཚོ་སྔོན་གསོ་རིག་སློབ་ཆེན་ལ་ལས་གནས་སྤོས་པ་རེད། ང་རང་སློབ་ཆེན་འགྲིམ་སའང་ཟི་ལིང་ཡིན་པས་རྟག་པར་ཁོང་དང་འབྲེལ་བ་བྱེད་ཐུབ་སྟབས། དུས་ཚོད་ཀྱི་ཁོམ་པ་ནམ་ཡོད་ལ་ཁོང་གི་མདུན་དུ་བཅར་ནས་གསོ་རིག་གཞུང་ལུགས་དང་མི་ཕམ་མཁས་འཇུག་སོགས་ཉན་ཐུབ་པ་བྱུང་། རྒན་ཁོང་གི་ཐུགས་བཀོད་ལྟར་མི་ཕམ་མཁས་འཇུག་གི་སྡོམ་བྱང་ཡང་དེ་དུས་བློ་འཛིན་བྱས་པ་ཡིན།
སློབ་གྲྭའི་དབྱར་དགུན་གྱི་གུང་གསེང་དུས་ཚོད་སྤྱད་ནས་སྨན་པ་དབྱིག་གཉེན་གྱི་དྲུང་ནས་ཀྱང་དཔེ་ཁྲིད་ཞུས། དཔེ་ཁྲིད་ཞུ་དུས་ངས་དེ་སྔོན་རྒྱུད་འགྲེལ་སྣ་ཚོགས་ལས་གལ་ཆེའི་རིགས་ཟིན་ཐོར་བཀོད་ཡོད་པའི་དེབ་བཅུ་གྲངས་ཤིག་ཡོད་པ་སྤྱན་བསྟར་ཞུས་པར། ཐུགས་དགྱེས་ཚོར་དང་བཅས་ཁྱེད་དངོས་གནས་སྦྱང་འདོད་ཡོད་མཁན་ཞིག་རེད། ངས་ཁྱེད་རང་ལ་སང་ཉིན་ནས་བཤད་རྒྱུད་ཆ་ཚང་ཞིག་ཁྲིད་རྒྱུ་ཡིན་ཅེས་ཞལ་བཞེས་གནང་སོང་། དེ་དུས་ཞིང་གཤེགས་དགེ་རྒན་འཇམ་དབྱངས་གྲགས་པས་ཀྱང་ཁོང་གི་མདུན་ན་བཤད་རྒྱུད་ཁྲིད་བཞིན་ཡོད་མོད། ང་ལ་ཁོང་དུ་མཉམ་དུ་ཁྲིད་མ་སོང་། རྒན་དབྱིག་གཉེན་གྱིས་གསུངས་ན། རྒན་འཇམ་དབྱངས་གྲགས་པ་ལ་ཁྲིད་རྒྱས་པ་ཞིག་གནང་ཀི་ཡོད་པས་དེ་ངས་ལྕོགས་ནི་མ་རེད་ཟེར། བཤད་རྒྱུད་ཀྱི་ནུས་པ་རྐྱང་སེལ་གྱི་ལེའུ་ཁྲིད་འགོ་ཚུགས་དུས་ཁོང་ཚང་གི་མེ་ཏོག་ལྡུམ་རའི་ནང་དུ་ཁྲིད་ནས་སྔོ་སྨན་མང་པོ་ཞིག་ངོ་སྤྲོད་གནང་སོང་། རྒན་ཁོང་དགུང་ལོ་ཧ་ཅང་བགྲེས་པས་དངོས་སུ་སྔོ་སྨན་ངོས་འཛིན་ལ་ཕེབས་མི་ཐུབ། དེ་ནས་ཉིན་ཞིག་ཁོང་སྔོན་ཆད་སྔོ་སྨན་འཐུ་རུ་འགྲོ་མྱོང་བའི་ངའི་ཕ་ཡུལ་གྱི་གནས་རི་ཨ་མྱེས་བྲག་སྐྱའི་ཕྱོགས་ལ་སོང་ནས་མིག་གིས་རིག་རིག་པོ་འཐུས་ཤོག་ཅེས་གསུངས་སོང་། དེར་རང་ཉིད་ཞོགས་པ་ཆུ་ཚོད་ལྔ་པ་ཡས་མས་ལ་མལ་ལས་ལངས་ནས་སྨན་འཐུ་རུ་སོང་བ་ཡིན། ཕྱི་དྲོ་སྨན་རྩྭ་ཁུར་བོ་ཞིག་ཁུར་ནས་དཔེ་ཁྲིད་དུ་སོང་བས་རྒན་ཁོང་གིས་སྨན་རྩྭ་རེ་རེའི་མིང་དང་རོ་ནུས་ཞུ་རྗེས་སོགས་ལག་ལེན་དམར་ཁྲིད་ཞིག་གནང་བྱུང་། ལོ་དེའི་དབྱར་ཁར་དེ་ལྟར་ངས་ནགས་སྐྱེས་དང་ཞིང་སྐྱེས་སོགས་སྔོ་སྨན་གྱི་རིགས་མིག་གིས་མཐོང་ཚད་ཚང་མ་ཁོང་གི་དྲུང་དུ་ཁྱེར་ནས་བཀའ་འདྲི་ཞུས་པ་ཡིན་པས་སྔོ་སྨན་ངོས་འཛིན་གྱི་སྐོར་ལ་བག་ཆགས་ཅུང་ཙམ་འཇོག་ཐུབ་སོང་།
བཤད་རྒྱུད་ཀྱི་ཁྲིད་ཐོབ་རྗེས་ཀྱི་ལོ་རྗེས་མའི་དབྱར་གནང་སྐབས་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་རྩ་མདོ་དང་ཆུ་མདོ། མེ་བཙའི་ལེའུ་བཅས་ཆ་ཚང་ལྷ་རྗེ་བྲག་སྣ་བའི་རིང་ལུགས་འཛིན་པ་སྨན་པ་དཀའ་ཐུབ་ཚེ་རིང་གི་དྲུང་ནས་སྦྱངས། ཁོང་ནི་རེབ་གོང་བོད་ལུགས་སྨན་ཁང་གི་སྨན་པ་རྒན་གྲས་ཤིག་དང་། དེ་སྔ་བོད་ལྗངས་ལྷོ་ཁར་ཕྱིན་ནས་སྨན་པ་འཇམ་དབྱངས་ཀྱི་དྲུང་ནས་གཏར་ཁའི་ལག་ལེན་དཔྱིས་ཕྱིན་པ་ཞིག་ལག་ལེན་དངོས་དང་སྦྲགས་ནས་སྦྱངས་མྱོང་བའི་སྨན་པ་ཡག་པོ་ཞིག་ཡིན། དེ་དུས་གཏར་གསང་ངོས་འཛིན་ཙམ་ལས་དངོས་སུ་ལག་ལེན་བྱེད་པའི་དུས་ཚོད་དང་གོ་སྐབས་བྱུང་མ་སོང་། ཉིས་སྟོང་གཅིག་ལོར་སློབ་ཆེན་མཐར་ཕྱིན་ལ་ཉེ་དུས་རྫོགས་པ་ཆེན་པོའི་ཉམས་ལེན་པ་སྦས་པའི་རྣལ་འབྱོར་བ་རྩ་རླུང་ཐིག་ལེར་དབང་འབྱོར་བ། ནགས་རྒྱའི་སྨན་རབས་དྲུག་པ་མི་བསྐྱོད་མཁས་གྲུབ་རྒྱ་མཚོ་མཆོག་གི་མདུན་དུ་བཅར་ནས་མན་ངག་རྒྱུད་ཀྱི་ལུང་ཁྲིད་ཞུས་པ་ཡིན། ཁོང་ནི་མི་ལོ་བཅུ་གསུམ་ལྷག་ལ་བཙོན་ནས་བཞུགས་ཤིང་། དུས་འགྱུར་གྱི་འཚུབ་ཆ་ཆེ་བའི་སྐབས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་སྲོག་བསྡོས་གནང་མཁན་གྱི་དཔའ་བོ་ཞིག་རེད། དམ་པ་ཁོང་བཙོན་ཁང་དུ་བཞུགས་དུས་རྫོགས་ཆེན་མཁན་པོ་མུན་སེལ་གྱི་དྲུང་ནས་ལྐོག་ཏུ་སྙན་བརྒྱུད་ཡི་གེ་མེད་པའི་ཡིག་ཆུང་ཐེངས་གཉིས་ལ་ཐོབ་འདུག་པ་དང་། མན་ངག་དེ་ཐོག་མར་ཞུ་དུས་རུ་ཁག་གི་ངལ་རྩོལ་ལ་འཆར་ཅན་འགྲོ་དགོས་པས་དགོངས་པ་མ་རག་པར་ན་ཁུལ་བྱས་པ་ཡིན་ཟེར། ཆེད་མཁས་སྨན་པས་བརྟག་དཔྱད་ཀྱིས་ཁོང་ལ་རྩ་ཁབ་བརྒྱབ་པས་སྨན་ཆུ་ཐིགས་པ་གཅིག་ཀྱང་རྩ་ནང་དུ་མ་སོང་བར་ཕྱིར་དམ་བུའི་ནང་དུ་ཝུ་བ་སབ་སོབ་བྱས་པས་ཧ་ལས་ཧང་སངས་ནས་མཐར་ན་ཚ་ཞེད་སྣང་ཚ་བོ་ཞིག་རེད་ཅེས་ཁོང་ལ་དགོངས་པ་རག་སོང་ཟེར། བླ་མ་རིན་པོ་ཆེ་ཁོང་གིས་གསུངས་ན། དེ་དུས་ཁོང་གིས་རླུང་བུམ་པ་ཅན་བཟུང་བ་ཡིན་ཟེར། བླ་མ་ཁོང་གི་དྲུང་ནས་ཁོང་གིས་མཛད་པའི་གསོ་རིག་རྩ་བའི་ཤེས་བྱ། གྲུབ་པ་ལུས་ཀྱི་དཀའ་གནད། དབུ་རྐྱང་རོ་གསུམ་གྱི་སྐོར། གཡུ་ཐོག་ཆ་ལག་བཅོ་བརྒྱད་ཀྱི་ལུང་། གཞན་མན་ངག་རྒྱུད་ཀྱི་ལུང་ཁྲིད་ཐེངས་གཉིས་ལ་ཐོབ། མན་ངག་རྒྱུད་ཀྱི་ལུང་ཁྲིད་ནི་འཇམ་མགོན་མི་ཕམ་ནས་བརྒྱུད་པའི་ཉེ་བརྒྱུད་ཀྱི་གདམས་པ་གསང་རྒྱ་ཅན་ཞིན་ཡིན་པས་ཁོང་གི་སྐུ་ཚེ་ལ་ཐེངས་གསུམ་མ་གཏོགས་སྤེལ་མི་ཆོག་པའི་བཀའ་རྒྱ་ཡོད་གསུང་། ཐོག་མར་ངས་ཞུ་དུས་ང་ལ་ཁྱེད་དངོས་གཙོ་སྨྲ་བ་གུང་ཁྲན་ཏང་གི་རྗེས་འཇུག་པ་ཞིག་ལ་ངའི་ཕ་བརྒྱུད་ཀྱི་གཞུང་ཆེན་གསང་རྒྱ་ཅན་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་འདི་འདྲ་ལས་སླ་པོར་ཁྲིད་མི་ཉན་གསུངས། དེ་ནས་ཟླ་ཕྱེད་ཙམ་ལ་བསྒུགས་པ་ཡིན། ཁོང་ལ་གསོ་རིག་སྐོར་གྱི་དྲི་བ་མང་པོ་བཀའ་འདྲི་ཞུས། མཐར་དགོང་མོ་གཅིག་ལ་གློ་བུར་དུ་ང་དང་ཁོང་གི་རིགས་ཀྱི་མྱུ་གུ། གཞན་བཙུན་མ་ཁ་ཤས་བཅས་ལ་ཟླ་བ་གཅིག་དང་ཕྱེད་ཀའི་རིང་ལུང་ཁྲིད་རྒྱས་པ་ཞིག་གནང་བྱུང་། དེ་དུས་ཁོང་གི་ཐུགས་སྲས་སྔགས་འཆང་འཇིགས་མེད་རང་གྲོལ་གྱི་མདུན་ནས་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ཆ་ཚང་ཞིག་ཞུས་པ་ཡིན། རྒན་ཁོང་ནི་ས་ཆ་དེར་སྐད་གྲགས་ཆེ་བའི་སྨན་པ་ཞིག་རེད། ཉིན་རེར་ནད་པ་བདུན་ཅུ་ཡས་མས་ཡོད། ང་ཁོང་གི་དྲུང་དུ་སོང་ནས་ཁོང་དང་ལྷན་ཉིན་གང་བོར་ནད་པའི་དྲི་ཆུ་དང་རྩ་ལ་བརྟག་པ་ཡིན། ཐོག་མའི་བདུན་ཕྲག་གཉིས་ཀྱི་རིང་ལ་རྒན་ལགས་ཀྱིས་ངོ་སྤྲོད་གསལ་པོ་ཞིག་གནང་བྱུང་། དེ་ནས་རིམ་བཞིན་ཉིན་རྟག་པར་དྲི་ཆུ་དཀྲུགས་པ་དང་ནད་པའི་རྩ་ལ་བརྟག་པ་ཡིན། ཁོང་ནི་ཆུང་དུས་ནས་འབྲོག་ཕྱོགས་ཀྱི་སྨན་པ་སྐད་གྲགས་ཅན་མང་པོའི་དྲུང་ནས་ལག་ལེན་བྱས་མྱོང་མཁན་གྱི་བོད་ཀྱི་སྨན་པ་ཚད་ལྡན་ཞིག་རེད། ང་ལ་རྩ་ཆུའི་སྐོར་ཁྲིད་དུས་ནད་པ་ལ་ཕར་ཚིག་གཅིག་ཀྱང་མི་འདྲི་བར་གསལ་པོར་བརྟག་རྗེས། གཟོད་ང་ལ་བལྟ་རུ་འཇུག དེ་ནས་ངས་ཕར་འགྲེལ་བཤད་རྒྱག་དགོས། ངོ་མ་བཤད་ན་ཁོང་གིས་མི་ཚེ་གང་བོའི་ནང་བསགས་པའི་ཉམས་མྱོང་གི་རིགས་དེ་ཚོ་བུམ་པ་གང་བྱོའི་ཚུལ་དུ་ལག་ལེན་དམར་ཁྲིད་བྱས་པ་ཐོག་མ་ཡིན་གསུངས། དེ་དུས་ཁོང་གི་སྲས་གཉིས་ལའང་དེ་ལྟར་ཁྲིད་མྱོང་མི་འདུག
དེ་ལྟར་ཟླ་བ་བཞིའི་རིང་ལ་བསྡད་པའི་སྐབས། ཉིན་རྒྱུན་ནད་པའི་རྩ་དང་ཆུ་ལ་བརྟག་ཞོར་ཁོང་གིས་མཛད་པའི་རྩ་ཆུའི་མྱོང་བྱང་དང་། གསོ་རིག་ཟིན་ཏིག ཕྱི་མ་འཕྲིན་ལས་ཀྱི་རྒྱུད་བཅས་ཀྱི་ཁྲིད་རྒྱུན་ཀྱང་ཐོབ། རྩ་ཆུའི་བརྟག་ཐབས་ནི་རྒྱུད་ཀྱི་དགོངས་པ་གཞིར་བཟུང་སྟེ་འཇམ་མགོན་མི་ཕམ་མཆོག་གི་རྩ་ཆུའི་ཊཱིཀ་བཞིན་ལག་ལེན་བྱེད་བཞིན་འདུག་ལ། ལྷག་ཏུ་འབྲོག་ཁུལ་ནི་གྲོང་ཁྱེར་དང་ཁ་ཐག་རིང་བ་དེང་རབས་ཀྱི་ཆ་རྐྱེན་མེད་པས་བོད་ཀྱི་གསོ་བ་རིག་པའི་གཞུང་ཚུལ་བཞིན་དུ་ལག་ལེན་བསྟར་བཞིན་འདུག དེང་གི་དུས་འདིར་དེ་ལྟར་ཉམས་བཞེས་གནང་མཁན་དང་གནང་ཐུབ་མཁན་གྱི་སྨན་པ་ཉུང་ཉུང་རེད། གལ་ཏེ་ཡོད་ཀྱང་སོ་སོའི་ཁེ་ཕན་དང་སྙན་གྲགས་བསམ་ནས་ཕྱི་རབས་པ་ལ་གསང་རྒྱུ་ལས་གཞུང་ལུགས་འདིའི་བསྟན་པ་ཐུགས་ལ་འཇོག་མཁན་དེ་ལས་ཉུང་བ་ནི་ཧ་ཅང་ཡིད་ཕངས་པ་ཞིག་རེད། བླ་མ་ཡབ་སྲས་གཉིས་ཀྱིས་དེ་ལྟར་ང་ལ་ཐུགས་བརྩེ་བ་ཆེན་པོས་གཞུང་ཁྲིད་དང་ལག་ལེན་དམར་ཁྲིད་བྱས་པ་དེ་ནི་ངས་སྐྱེ་བ་སྔོན་མར་བསགས་པའི་བསོད་ནམས་ཡིན་བསམ་གྱི་ཡོད།
དེ་རྗེས་མདོ་སྨད་ཡུལ་དུ་གསོ་རིག་གི་བསྟན་པའི་མེ་རོ་གསོ་མཁན་ཨ་ལགས་ཤིང་བཟའ་སྐལ་བཟང་མཆོག་གི་ཐུགས་ཀྱི་སྲས་བོ་སྨན་པ་ཚེ་རིང་བཀྲ་ཤིས་སམ་ཚེ་བཀྲའི་དྲུང་དུ་བཅར་ནས་ཁོང་གིས་མཛད་པའི་རྒྱུན་མཐོང་ནད་ཀྱི་བརྟག་དང་བཅོས་ཐབས། གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་བ། ཟིན་ཏིག་མཛེས་རྒྱན་བཅས་ལ་སློབ་སྦྱོང་བྱས། སྨན་པ་ཚེ་བཀྲ་ནི་དེང་རབས་དང་ཀྲུང་ལུགས། བོད་ལུགས་གསུམ་ལ་ཐོས་རྒྱ་ཆེ་ཞིང་ལྷག་ཏུ་ལག་ལེན་ལ་མཁས་པའི་སྨན་པ་ཞིག་ཡིན། ཁོང་གི་ཐུགས་གཤིས་དང་སྤྱོད་ལམ་ནི་འདུལ་ཁྲིམས་ཚུལ་བཞིན་དུ་སྲུང་བའི་དགེ་སློང་ཞིག་དང་གཉིས་སུ་མེད། ཨ་ལགས་ཤིང་བཟའ་མཆོག་གིས་ཚེ་མཇུག་ལ་ཁོང་གི་གསོ་རིག་སྐོར་གྱི་ཉམས་མྱོང་ཆ་ཚང་རྒན་ཚེ་བཀྲ་ལ་སྦྱིན་ཡོད་པས། དེང་གི་དུས་འདིར་ཁོང་གིས་སྦྱར་ཡོད་པའི་བདེ་བྱེད་ཀྱི་སྦྱོར་བ་དེས་འགྲོ་དོན་རྒྱ་ཆེར་སྐྱོང་བཞིན་ཡོད། ཁོང་གིས་ནི་སྨན་སྣ་སོགས་ཚུལ་བཞིན་སྒྲུབ་ཅིང་རྒྱུད་ཀྱི་དགོངས་པ་བཞིན་སྨན་སྒྲུབ་དང་སྟོང་མཆོད་སོགས་ཆོ་ག་ཆག་མེད་ཉམས་བཞེས། ཕྱོགས་སོ་སོ་ནས་ཕེབས་པའི་སློབ་མ་དག་ལ་ཟས་དང་གནས་ཁང་གི་སྦྱིན་བདག་སོགས་བྱེད་པས། ཕར་བལྟས་ཚོད་ཀྱིས་ཁོང་གི་གཞིས་ཀ་ནི་བླ་མ་ཞིག་གི་ནང་ཆེན་དང་འདྲ། ཁོང་གི་དྲུང་ནས་སྨན་སྦྱོར་བཟོ་དང་སྨན་རྩྭ་ངོས་འཛིན་ཡག་པོ་ཞིག་སྦྱང་ཐུབ་སོང་། ཁོང་གིས་ང་ཚོ་སྨན་ཕྲུག་བརྒྱད་ཅུ་ཁྲིད་ནས་རྨ་ཆེན་གངས་རི་ལ་གངས་བསྐོར་དུ་སོང་བ་ཡིན།ཉིན་བཅུ་བཞིའི་རིང་ལ་བསྐོར་ལམ་ནས་སྔོ་སྨན་དང་རྡོ་སྨན་གྱི་རིགས་མང་པོ་ཞིག་ངོས་འཛིན་བྱེད་ཐུབ་སོང་།
ཉིས་སྟོང་བཞི་ནས་བདུན་བར་དུ་མཚོ་སྔོན་གསོ་རིག་སློབ་ཆེན་ལ་ཞུགས་ནས་སློབ་སྦྱོང་བྱས་པ་ཡིན། རྒན་རྟ་མགྲིན་རྒྱལ་གྱི་དྲུང་ནས་གསོ་རིག་དང་ནང་ཆོས་ཀྱི་སྐོར་ལ་སྦྱངས་པ་བྱས། མཚོ་སྔོན་གསོ་རིག་སློབ་གླིང་མཐར་ཕྱིན་ནས་མཚོ་སྔོན་བོད་ལུགས་སྨན་ཁང་དུ་སྨན་པ་གནམ་ལྷ་མཁར་དང་མཉམ་དུ་ལོ་ངོ་གཉིས་ལྷག་ལ་ནད་པར་བལྟས་པ་ཡིན། གསོ་རིག་སློབ་ཆེན་གྱི་ལོ་དང་པོ་དེ་རྒྱ་རིགས་སློབ་མ་མང་པོ་ཞིག་དང་མཉམ་དུ་བསྲེས་པས་དེང་རབས་གསོ་རིག་གི་སྐོར་ལ་སློབ་སྦྱོང་བྱེད་སྐབས་དཀའ་ལས་མང་པོ་ཞིག་རྒྱག་དགོས་བྱུང་སོང་།
ཉིས་སྟོང་དྲུག་གི་ལོར་ཨ་ལགས་བོན་རྒྱ་མི་ཕམ་དགེ་ལེགས་ལྷུན་གྲུབ་མཆོག་གི་ངོ་སྦྱོར་བརྒྱུད་ནག་ཆུ་སྨན་རྩིས་ཁང་དུ་སོང་ནས་རྒན་ཨ་རྒྱའི་དྲུང་ནས་སྨན་གྱི་སློབ་སྦྱོང་སྤྱི་དང་གཙོ་བོ་གཏར་ཁའི་ལག་ལེན་གྱི་སྐོར་སྦྱངས་པ་ཡིན། དེ་དུས་སྟོན་མཇུག་ཡིན་པས་ནམ་ཟླ་འཁྱག་ལ་ས་མཐོ་བས་སྙིང་གཡུག་རྒྱུ་ཞིག་བྱུང་སྟེ་མཚན་མོ་རྟག་པར་དུས་ཚོད་གཉིས་ལྷག་མ་གཏོགས་གཉིད་ཡག་པོ་ཞིག་ཁུག་མི་ཐུབ་པ་ཞིག་ཀྱང་བྱུང་། གང་ལྟར་ཟླ་བ་བཞིའི་རིང་དེར་ཧུར་ཐག་བྱས་པ་ཡིན། རྒན་ཁོང་ནི་གྲུབ་མཐའ་བོན་པོ་རེད། ལོ་རེའི་སྟོན་མཇུག་ལ་ཆུ་ཚན་ཞིག་ཡོད་སར་སོང་ནས་བདུན་ཕྲག་གཉིས་ཡུན་ལ་ནད་པ་མང་པོར་སྨན་སྦྱིན་དང་གཏར་ཀའི་ལག་ལེན་བྱེད་ཀྱི་འདུག ང་དེར་ཁྲིད་ནས་གཏར་ཁའི་ལག་ལེན་ལ་དངོས་སུ་ཞུགས་པའི་སྐལ་བ་བཟང་པོ་བྱུང་། དེ་སྐབས་ནད་པ་བརྒྱ་ལྷག་ལ་གཏར་ཁ་ལག་ལེན་བྱ་རྒྱུ་བྱུང་། ཉིས་སྟོང་བདུན་ལོའི་སྟོན་མཇུག་ལ་ཡང་བསྐྱར་ཁོང་གི་དྲུང་དུ་བཅར་ནས་ཕྱི་མ་རྒྱུད་ཀྱི་རྩ་སྦྱོང་གི་གདམས་ངག་ནད་པ་ཁ་ཤས་ལ་དངོས་སུ་ལག་ལེན་བྱས།
དྲི་བ་བཞི་པ།
མི་མང་པོ་ཞིག་ཨ་རིར་སླེབས་ནས་རང་གི་ཆེད་ལས་དང་ཁ་བྲལ་འགྲོ་བ་མང་པོ་རེད། ཨ་རིའི་ནང་སླེབས་ནས་ཀྱང་མུ་མཐུད་རང་གི་ཆེད་ལས་ལ་ཤུགས་རྒྱག་པའི་བསམ་བློ་འདི་ཇི་ལྟར་འཁོར་སོང་།
དྲི་ལན།
སོ་སོའི་དགའ་སྟངས་ཤིག་གིས་ཟེར་དགོས་སམ་ཡང་ན་ཅི་ཟེར་དགོས་ངས་མི་ཤེས། གསོ་རིག་ལ་ཆེད་སྦྱོང་འདྲ་བོ་ཞིག་བྱས་པ་དེས་དེ་བློས་གཏོང་མི་མཐུབ་པ་ཞིག་འདུག ང་རང་ཉིས་སྟོང་དགུ་ལོར་ཨ་རིར་སླེབས་པ་རེད། དེ་སྔ་བོད་དུ་སྡོད་སྐབས་དབྱིན་ཡིག་ལའང་སྦྱངས་པ་གང་འཚམ་བྱས་པ་དེ་སྟེང། ཐོག་མའི་ལོ་ངོ་གཅིག་ལྷག་གི་རིང་ལ་དབྱིན་ཇིའི་སྐད་དང་ཡི་གེ་ཡར་རྒྱས་གཏོང་བར་འབད་བརྩོན་བྱས། དེ་རྗེས་ཧྲང་ཧེ་གསོ་རིག་སློབ་ཆེན་གྱི་ཐེངས་དང་པོའི་གསོ་རིག་འབུམ་རམས་པ་རྒན་ལྕམ་ཅིན་མན་དང་ལྷན་དུ་ལོ་འཁོར་ཧྲིལ་པོ་གཉིས་ལ་ནིག་ཡོག་ཀྲུང་ལུགས་སྨན་ཁང་ནས་ལས་ཀ་ལས་པ་ཡིན། དེ་ནས་ཀྲུང་ལུགས་གསོ་རིག་གི་སྐོར་ལ་སློབ་སྦྱོང་དང་ལག་ལེན་མི་དམན་པ་ཞིག་བྱེད་ཐུབ་སོང་། ན་ནིང་ནས་ཤར་ཕྱོགས་གསོ་རིག་གི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་ཚན་ཁག་ལ་སློབ་གཉེར་བྱེད་བཞིན་ཡོད། གང་ལྟར་སོ་སོའི་ཆེད་ལས་འདི་སོ་སོས་མཐའ་སྐྱེལ་ཐུབ་པ་ཡིན་ན། དེ་དགོས་རྒྱུ་ཞིག་རེད་བསམ་ནས་གསོ་རིག་གི་སྐོར་ལ་མུ་མཐུད་སློབ་སྦྱོང་དང་མུ་མཐུད་ལག་ལེན་འདྲ་པོ་ཞིག་གི་སེམས་ཤུགས་སྐྱེད་ནས་བསྡད་ཡོད་པ་འདི་ཙམ་རེད།
དྲི་བ་ལྔ་པ།
བོད་ལུགས་གསོ་རིག་དང་རྒྱ་ལུགས་གསོ་རིག་གཉིས་ཀྱི་མི་འདྲ་བའི་ཁྱད་པར་ཕྲན་བུ་ངོ་སྤྲོད་གནང་རོགས།
དྲི་ལན།
ཨ་རིར་མ་སླེབས་སྔོན་ལ་རང་ལྟ་མཆོག་འཛིན་གྱིས་ཀྲུང་ལུགས་གསོ་རིག་གི་སྐོར་ལ་སློབ་སྦྱོང་དེ་ཙམ་བྱས་མྱོང་མེད། དེ་དུས་དངོས་གནས་བཤད་ན། རང་གི་ཁོར་ཡུག་ན་ལུགས་གཉིས་ཀ་སྦྱང་ནས་དེ་ལག་ལེན་བྱེད་མཁན་ཀྱང་མེད། ཕལ་ཆེར་རྐང་རྗེན་སྨན་པའི་སྨན་དེབ་སྔོ་རྡང་བོད་རྒྱ་ཤན་སྦྱར་ཅན།འབྲེལ་སྒྲ་ཚང་མ་གི་ཡིག་གཅིག་པུས་མཚོན་ཡོད་པ་ཞིག་ཡོད་པ་ཟུར་བལྟ་བྱས་ནས་གསེར་ཁབ་ལག་ལེན་བྱེད་མཁན་ཁ་ཤས་ལས་མེད། ང་རང་གི་ལྟ་ཚུལ་ཡིན་ན། བོད་ལུགས་གསོ་རིག་དང་རྒྱ་ལུགས་གསོ་རིག་གཉིས་ཀྱི་ཁྱད་པར་དེ་ལས་སླ་པོས་ངོ་སྤྲོད་བྱེད་ཐུབ་པ་ཞིག་མ་རེད། གཞུང་ལུགས་ཀྱི་སྒྲོམ་གཞི་མི་འདྲ་མོད་མཐར་གཏུགས་ན་ལུགས་གཉིས་ཀྱི་འབབ་ས་དེ་ཚ་གྲང་གཉིས་རེད། གསོ་རིག་རྒྱུད་བཞིའི་མན་ངག་ཡོན་ཏན་རྒྱུད་དུའང་ཚ་བ་གཉན་རིམས་ཀྱི་སྐོར་ཤིན་ཏུ་རྒྱས་པ་ཞིག་གསུང་ཡོད་རེད། དེ་ཚུལ་བཞིན་ལག་ལེན་བྱེད་མཁན་ནི་ད་ལྟ་ཤིན་ཏུ་ནས་ཉུང་ཉུང་རེད། དེ་བཞིན་དུ་རྒྱ་ནག་གསོ་རིག་གི་གཞུང་ནའང་ཚ་གྲང་གི་སྐོར་ལ་དེབ་རྒན་མང་པོ་འདུག
ངས་བསམ་ན། བོད་ལུགས་གསོ་རིག་གི་ཚ་བ་གཉན་རིམས་ཀྱི་སྐོར་དང་རྒྱ་ནག་གསོ་རིག་གི་ཚ་གྲང་གི་མདོ་གཉིས་ཞིབ་བསྡུར་རེ་བྱེད་ཐུབ་ན་སོ་སོའི་ལག་ལེན་ལ་ཕན་རྒྱུ་རེད་བསམ། ངས་ད་དུང་དེའི་ཕྱོགས་ལ་ཞིབ་འཇུག་འདྲ་བྱས་མེད།ཞིབ་འཇུག་བྱེད་རྒྱུའི་འཆར་གཞི་ཡོད།ད་དུང་སློབ་སྦྱོང་དང་ལག་ལེན་མི་དམན་པ་ཞིག་བྱེད་དགོས།
རྒྱ་ནག་གསོ་རིག་གི་གསེར་ཁབ་ཀྱི་གཞུང་ལུགས་ནི་ཧ་ལས་པ་ཞིག་རེད། བོད་རང་ལའང་ཐུར་མའི་དཔྱད་བཅོས་ཡོད་མོད་དེ་ཉམས་སོང་བ་རེད། ངས་ད་ལྟ་རྒྱ་ནག་གསོ་རིག་གི་སྦྱོར་བ་སྨན་དང་གསེར་ཁབ་གཉིས་ལ་སྦྱང་བ་བྱེད་བཞིན་ཡོད། དེ་གཉིས་སྦྱང་བ་ཚད་ལྡན་ཞིག་བྱས་ཚེ་ད་གཟོད་སོ་སོའི་ཁྱད་ཆོས་དང་མི་འདྲ་ས་གང་ན་ཡོད་པ་ཤེས་རྒྱུ་རེད་སྙམ། དེ་མིན་ངས་ཧམ་བཤད་འདྲ་པོ་བྱས་ནས་ཁྱད་པར་དང་ཁྱད་ཆོས་དེ་ཚོ་མཚུངས་བསྡུར་བྱེད་དཀའ་མོ་རེད།
དྲི་བ་དྲུག་པ།
རྒྱ་ལུགས་གསོ་རིག་ལ་སྔོ་སྨན་ཚོམ་བུ་དཔེར་ན་གདུ་ཐང་ལྟ་བུ་སྤྲོད་སྲོལ་ཁྱབ་ཆེན་པོ་ཡོད་པ་དང་། བོད་ལུགས་གསོ་རིགས་ལ་སྨན་སྣ་སྡེབ་སྦྱོར་བྱས་ནས་བྱེ་མའམ་རིལ་བུ་བཟོས་རྗེས་གཞི་ནས་བེད་སྤྱོད་བྱེད་པའི་ཁྱད་པར་ཕྲན་བུ་གསུང་རོགས།
དྲི་ལན།
ཁྱེད་ཀྱིས་དྲི་བ་འདི་བཏོན་པར་ཐུགས་རྗེ་ཆེ། དྲི་བ་འདིའི་སྐོར་ལ་ངས་སྔོན་མ་ནས་བསམ་གཞིགས་མང་པོ་ཞིག་བཏང་མྱོང་ཡོད། བོད་ལུགས་གསོ་རིག་ལའང་གདུ་ཐང་ཡོད་ནི་རེད། གདུ་ཐང་གི་ཁྱད་ཆོས་ནི་ནུས་པ་མྱུར་མོར་ན་ཚའི་སྟེང་དུ་འགྲོ་སླ་བས་ཐང་གི་རིགས་བཏང་ན་ལམ་སེང་ན་ཚ་ལ་ཕན་ནི་རེད། བོད་ཀྱི་གསོ་རིག་གཞུང་ལུགས་ན། སྨན་གྱི་སྐོར་ལ། ཐང་། ཕྱེ་མ། རིལ་བུ། ལྡེ་གུ སྨན་མར། ཁན་ཊ། རིན་པོ་ཆེ། སྔོ་སྦྱོར་བཅས་ཀྱི་རིམ་པ་ཞིག་གསུང་ཡོད་པ་རེད། རིམ་པ་དེ་ནི་སྨན་གྱི་ནུས་པ་ནད་ཀྱི་སྟེང་ལ་སླེབས་པའི་མྱུར་ཚད་ལ་གཞིགས་པའི་གོ་རིམ་ཞིག་ཆགས་ཡོད་པ་སོགས་མང་པོ་ཡོད་པ་རེད། རྒྱ་ནག་གསོ་རིག་ལའང་སྨན་སྣ་སྡེབ་སྦྱོར་བྱས་ནས་བྱེ་མའམ་རིལ་བུ། ལྡེ་གུ་སོགས་མང་ནི་རེད། ཁྱད་པར་གཙོ་བོ་དེ་བོད་ཀྱི་གསོ་རིག་གི་སྨན་པ་ཞིག་ཡིན་ན། ནད་པ་སོ་སོའི་ནད་གཞིར་དམིགས་ནས་སྨན་སྣ་སྦྱོར་བཟོ་བྱེད་མཁན་ད་ལྟ་ཉུང་ཉུང་རེད། རྒྱ་ནག་གསོ་རིག་ཡིན་ན། དེ་འདྲ་མིན་པར་ནད་པ་རེ་རེ་ལ་དམིགས་ཀྱིས་སྨན་བྱེ་བྲག་པ་རེ་སྦྱོར་བ་ནི་ཁོ་ཚོའི་ཁྱད་ཆོས་རེད་སྙམ། སྔོན་གྱི་བོད་སྨན་མཁས་པ་དེ་ཚོའི་གསུང་འབུམ་མཇལ་བ་ཡིན་ན་སྦྱོར་སྡེ་སྟོང་ཕྲག་མང་པོ་ཡོད་པ་དེ་དག་རེ་རེའང་ནད་གཞི་མི་འདྲ་བ་དང་ནད་པ་མི་འདྲ་བ་ལ་བྱེ་བྲག་ཏུ་སྦྱོར་སྲོལ་རྣམ་གྲངས་དེ་རྒྱ་ཆེན་པོ་རེད། ད་ལྟའི་ང་ཚོའི་སྨན་པ་མང་ཆེ་ཤོས་ཀྱིས་རྒྱུན་མཁོའི་སྦྱོར་སྡེ་ཉིས་བརྒྱ་ལྷག་ལ་རེ་བ་བཅོལ་ནས་བཞུགས་ཡོད་པའི་སྐོར་དེ་སྔོན་ངས་བྲིས་པའི་རྩོམ་ལེ་ལེ་དང་འཐུས་ཤོར་དུ་གསལ་པོར་ངོ་སྤྲོད་བྱས་ཡོད།
དྲི་བ་བདུན་པ།
སྨན་པ་ཞིག་གིས་ནད་པ་གཅིག་གི་ལུས་སྟེང་དུ་བོད་རྒྱ་ནུབ་གསུམ་གྱི་གསོ་རིག་ལག་ལེན་བྱེད་ཐུབ་མིན་གསུང་རོགས།
དྲི་ལན།
ཆ་རྐྱེན་ཅི་ལྟར་འཛོམས་ན་ནད་གཞིར་བརྟག་བཅོས་དང་། སྔོན་འགོག གསོ་བཅོས་བཅས་ལ་ཕན་པ་དམིགས་བསལ་ཡོད་པ་སྨྲོས་མ་དགོས་པ་རེད། ནད་པ་གཅིག་གི་སྟེང་ལ་སྨན་བཅོས་ཐད་བོད་རྒྱ་ཕྱི་ལུགས་ཀྱི་སྨན་བཅོས་མཉམ་དུ་ཡོང་ཐུབ་ཀྱི་ཡོད་པ་རེད། བརྟག་དཔྱད་ཀྱི་སྐབས་ལ་མཚོན་ན་དེ་བས་ཀྱང་ཟུང་འབྲེལ་གྱི་བརྟག་ཐབས་སོགས་ཧ་ཅང་གལ་ཆེན་པོ་དང་། ཕན་ཐོགས་ཡོད་པ་བཤད་མ་དགོས་པ་རེད། དེ་བཞིན་ནད་བཅོས་རང་ལ་མཚོན་ནའང་། དཔྱང་བཅོས་ཀྱི་ཐད་ནས་ཟུང་འབྲེལ་དང་། ཡང་ན། སྨན་སྦྱོར་གང་གཏོང་གི་ཐད་སོགས་ནས་ཟུང་འབྲེལ་གྱི་བཅོས་ཐབས་ཡོད་པ་རེད། མདོར་ན། ཕྱི་་ལུགས་ཀྱི་བརྟག་དཔྱད་ཡག་པོ་བྱས་རྗེས་གཉེན་པོ་གང་ཞིག་གཏོང་དགོས་པ་ལ་སྨན་པ་སོ་སོའི་རིག་པའི་རྩལ་གྱིས་འདེམ་རྒྱུ་སོགས་ཡོད་པ་རེད།
དྲི་བ་བརྒྱད་པ།
དཔལ་ལྡན་རྒྱུད་བཞི་ལས་མ་བསྟན་པའི་ནད་རིགས་གསར་པ་དེང་སང་ག་རེ་ཡོད་མེད་ཕྲན་ཙམ་གསུང་རོགས།
དྲི་ལན།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དག་ན། ནད་རིགས་བཞི་བརྒྱ་རྩ་བཞི་ཞེས་པ་ཞིག་གཞི་ལ་བཞག་ནས་བཤད་ཡོད་པ་རེད། དེ་ནི་ནད་ཀྱི་རྒྱུ་སོགས་ཀྱི་སྟེང་ནས་དབྱེ་བ་ཞིག་རེད། དཔེར་ན། གཞན་དབང་སྔོན་ལས་ཀྱི་ནད། ལྟར་སྣང་འཕྲལ་གྱི་ནད། ཀུན་བཏགས་གདོན་གྱི་ནད། ཡོངས་གྲུབ་ཚེ་ཡི་ནད་བཅས་རེད། ད་གང་ལྟར་བཞི་བརྒྱ་རྩ་བཞི་དང་དེ་ལས་མང་བ་དང་ཉུང་བ་གང་ཞིག་བཤད་ཀྱི་ཡོད་མེད་ལ་མ་ལྟོས་པར། ནད་ཟེར་བ་དེ་མདོར་བསྡུས་ནས་བཤད་ན། ཚ་བའི་ནང་དང་གྲང་བའི་ནད་ཟེར་བ་འདི་གཉིས་ཀྱི་ནང་དུ་འདུ་བ་དང་། དེ་གསོ་བཅོས་བྱེད་པའི་སྨན་ཐམས་ཅད་ཀྱང་མདོར་བསྡུས་ན། ནུས་པ་བསིལ་བ་དང་དྲོད་ཅན་གཉིས་སུ་འདུ་བར་བཤད་ཡོད་པ་རེད། དེ་ལས་བརྒལ་འགྲོ་ས་ཅང་ཡོད་པ་མ་རེད། འདི་ནི་འགྲོ་བ་སེམས་ཅན་རིགས་ཀྱི་གཟུགས་པོའི་གྲུབ་སྟངས་དང་། ཕྱི་རོལ་འབྱུང་བ་ཆེན་པོས་སྐྱེད་པའི་རང་བྱུང་སྐྱེ་དངོས་དང་བཅས་པ་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱེད་པའི་འབྲེལ་བ་ཅན་ཡིན་པའི་གནད་ཀྱིས་ཀྱང་རེད། འདི་འདྲ་ཡིན་སྟབས། ནད་ཐམས་ཅད་རྒྱུད་བཞིའི་ནང་དུ་གསལ་པོར་བསྟན་ཡོད་པ་དང་། མིང་དེ་ཡང་གསལ་པོར་བསྟན་ཡོད་པའི་ངེས་པ་གང་ཡང་ཡོད་པ་མ་རེད། རྒྱུད་བཞིར་བསྟན་པའི་ཉེས་པ་གསུམ་དང་ཚ་བ་གཉན་རིམས་སོགས་ལ་ངེས་ཤེས་ཡག་པོ་ཞིག་འདྲོངས་ན་ནད་གསར་བ་ཞིག་ཡིན་ནའང་དེ་ལ་དངོས་སུ་ཕན་ངེས་པའི་སྨན་ཞིག་ཡོད་སྲིད་ཀྱི་རེད། སྤྱིར་གཉན་རིམས་ཀྱི་ཕྱོགས་གཏེར་སྨན་གྱི་གཞུང་ན་ཤིན་ཏུ་མང་པོ་གསལ་བ་དང་དེ་ཚུལ་བཞིན་ལག་ལེན་བྱས་ནས་ནད་པ་མང་པོ་དྲག་ཡོད་པ་ནི་མཐོང་ཆོས་སུ་ཡོད་དཔེར་ན་ཉེ་རབས་ཀྱི་མགོ་ལོག་སྨན་པ་ཁམས་གཙང་འབྲུག་རྒྱལ་ལྟ་བུ་རེད།
དྲི་བ་དགུ་པ།
སྔོན་མ་དང་མི་འདྲ་བར་ཨ་རིའི་ནང་བོད་སྨན་སྤྲོད་པ་དེང་སང་ཁྲིམས་མཐུན་ཡིན་ལུགས་ཤིག་ཐོས་པས། དེའི་སྐོར་ནས་འགྲེལ་བཤད་ཅིག་གནང་རོགས།
དྲི་ལན།
འདིའི་སྐོར་ཉེ་སྔོན་བོད་ཀྱི་དུས་བབ་ཚགས་ཤོག་དང་དྲ་ངོས་ན་གསལ་པོ་ཞིག་བཀོད་འདུག
དེ་ལྷག་ང་ལ་དམིགས་བསལ་བཤད་རྒྱུ་ཅང་མེད།
དྲི་བ་བཅུ་པ།
དེང་སྐབས་ཁྱེད་ཀྱི་ཨ་རིའི་སྡོད་གནས་དང་ནད་པ་དག་ལ་གསོ་རིག་ལག་ལེན་ཇི་ལྟར་གནང་གི་ཡོད་པའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
དྲི་ལན།
སྨན་ཁང་ཆུང་ཆུང་ཞིག་ཡོད། རྟག་པར་ནད་པ་བལྟ་ཁོམ་མེད། གཟའ་འཁོར་རེར་ཉིན་བཞིར་ནད་པར་བལྟ་བཞིན་ཡོད། ལོ་འདི་གཉིས་ལ་ཁྲིམས་མཐུན་གྱི་ལག་ཁྱེར་རག་ཆེན་སློབ་སྦྱོང་ལ་འབད་བརྩོན་བྱེད་བཞིན་པའི་སྒང་ཡིན། སོ་སོས་དོ་སྣང་དང་འབད་པ་བྱས་པ་ཡིན་ན། རང་རང་གི་ཆེད་ལས་ལ་མུ་མཐུད་ནས་འཇུག་ཐུབ་པ་ཡོང་གི་རེད་འདོད། ང་ཚོར་མ་མཐར་རང་ཉིད་ལ་གདེང་ཚོད་འདི་འདྲ་ཞིག་ཡོད་དགོས་པ་རེད་བསམས་ནས་འབད་པ་བྱེད་བཞིན་ཡོད།
བཅར་འདྲི་གནང་མཁན་དང་དྲི་ལན་གནང་མཁན་གཉིས་ཀ་ལ་བཀའ་དྲིན་ཆེ་ཞུ། ཉམས་མྱོང་དང་ལྟ་ཚུལ་བརྗེ་རེས་ཀྱི་གླེང་མོལ་འདི་འདྲ་ག་ཚད་མང་བ་ཡིན་ན། སྤྱི་ཚོགས་ལས་རིགས་ཁག་མཉམ་འབྲེལ་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད།
ཨ་ཁུ་རྟ་མགྲིན་རྒྱལ་གྱི་མདུན་ནས་གསོ་རིག་ལ་སྦྱངས་པ་ནི་སྐལ་བ་བཟང་པོ་བྱུང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ཁོང་ནི་གསོ་རིག་ཙམ་མ་རེད། རིག་གནས་བྱིངས་ལ་མཁས་པ་རེད། ང་ཚོ་དེ་སྔ་རེབ་གོང་ན་སློབ་སྦྱོང་གི་སྐབས་སུ། ང་ཚོའི་དགེ་རྒན་དེ་ཚོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་འཕྲོད་བསྟེན་སློབ་གྲྭའི་ནང་ཁོང་གི་དཔེ་ཁྲིད་ཞུ་གི་འགྲོ་ས་དེ་རེད། སྔགས་འཆང་རལ་བ་ཅན་ཞིག དེ་དུས་རྒྱུན་དུ་བོད་ཆས་མནབས་ནས་ཡར་མར་ཕེབས་མཁན་ཞིག་ཡིན་པ་ད་ལྟའང་དྲན་ངོགས་ན་འདུག
ཐུགས་རྗེ་ཆེ་ཞུ།སྨན་པ་ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པར་སྨོན།
ཧྲ་ཀི་ཧྲ་ཀི ཨ་ཁུ་སྨན་པའི་བསྟན་པ་དར་ཞིང་འགྲོ་བ་ཀུན་ནད་ཀྱི་འདམ་དུ་བྱིངས་བ་རྣམས་འདྲེན་པར་ཤོག
བོད་སྨན་འདྲ་འདྲ། ཀྲུང་སྨན་འདྲ་འདྲ། སྔགས་འདྲ། གཏོ་བཅོས་འདྲ་འདྲ་འདི་ཚོ་ལ་ཡིད་ཆེས་ཆེན་པོ་ནི་ཅང་བྱ་རྒྱུ་མེད་ཡ། ངོ་མ་བཅར་ཡོང་དུས་འདི་ཚོ་ལ་ཆམ་པ་ཞིག་དྲག་སྤྱད་ནི་མེད། ལག་པ་ལ་རྨ་ཞིག་བཟོས་ན་དེ་མགྱོག་པར་དྲག་སྤྱད་ཅིག་ནི་མེད། དེ་ལས་དངོས་ཡོད་ཚན་རིག་གི་ཚོད་ལྟའི་འབྲས་བུ་དེང་རབས་ནུབ་ལུགས་ཀྱི་སྨན་བཅོས་རང་དགའ་ཡ།
སྤྲུལ་སྐུ་ཀླུ་སྨྱོན་དང་གསོ་རིག་རབ་འབྱམས་པ་དཀོན་མཆོག་ཚེ་བརྟན་གཉིས་ཀྱིས་གླེང་མོལ་ཡག་པོ་གནང་འདུག རྒྱང་འདྲི་གནང་མཁན་དང་བཀའ་ལན་གནང་མཁན་གཉིས་ཀ་གང་བཟང་ཞིག་མེད་ཀི སྐུ་ཚེ་རིང་།