གནས་ཚུལ་མཁོ་སྤྲོད་པ། རྫ་ཚེ་རིང་བཀྲ་ཤིས།
གཏམ་བཟང་ཞིག་ལ། ཟླ་འདིའི་སངས་རྒྱས་ཐུགས་རྗེ་ཅན་གྱི་འཁྲུངས་སྐར་དུས་ཆེན་ཉིན་ཐའེ་ཝན་རྒྱལ་ས་ཐའེ་པེའི་ཐའེ་ཝན་སློབ་ཆེན་གྱི་ཚོགས་ཁང་དུ། ཐའེ་ཝན་བོད་བརྒྱུད་དྲན་བརྙན་དངོས་སུ་གཏོང་མགོ་ཚུགས་རྒྱུ་རེད། དེ་ཡང་ངས་ཁར་རྩང་རང་ཉིད་སྒེར་གྱི་ཟིན་བྲིས་སུ་ཞུས་པ་ལྟར་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་བརྩི་བྱེད་པ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། སྲུང་བརྩི་བྱེད་སྟངས་ནི་རྣམ་པ་སྣ་ཚོགས་རེད།
ཐའེ་ཝན་ལ་མཚོན་ན་སྲིད་འཛིན་ཕོ་བྲང་ཀྱི་མདུན་ཐང་དང་། རྒྱལ་ཁབ་ཀྱི་ཆེས་ཆེ་བའི་སྤྱི་གླིང་བཅས་སུ་ནང་པའི་དགོན་པ་དང་སྒྲིག་འཛུགས་ཆེན་པོ་ཁག་གིས་སངས་རྒྱས་ཀྱི་འཁྲུངས་སྐར་བསྲུང་རྩིའི་ལས་འགུལ་གོ་སྒྲིག་བྱེད་བཞིན་པ་རེད་ལ། ལས་འགུལ་དེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཀྱང་མཉམ་ཞུགས་གནང་རྒྱུ་རེད། དུས་མཚུངས་ང་ཚོ་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱིས་ཀྱང་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་པའི་ལས་འགུལ་དག་གི་ནང་ནས་གལ་ཆེ་ཤོས་ཤིག་ནི། ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་དངོས་སུ་གཏོང་མགོ་ཚུགས་པའི་མཛད་སྒོ་ཚུགས་གནང་རྒྱུ་ཡིན་པ་དེ་རེད།
འདས་པའི་ལོ་གཅིག་མ་ཟིན་ཙམ་གྱི་རིང་། དྲ་བརྙན་ཚོགས་པའི་ཚོགས་གཙོ་མཁན་པོ་ཆོས་ཉིད་དོན་རྟོགས་ཀྱི་ཉིན་སྣེ་མཚན་མཐུད་ཀྱིས་དཀའ་ཚེགས་ལ་མ་འཛེམས་པར་སྐུ་ངལ་བསྐྱོན་ནས་ཕྱག་ལས་དང་གཙོ་བོའི་སྣེ་ཁྲིད་མཛད་པའི་ཐོག ལས་བྱེད་མི་སྣ་དག་གིས་འབད་པ་ཆེན་པོ་བྱས་པའི་འབྲས་བུར་ཕྱི་ཟླ་ལྔ་པའི་ཚེས་བཅུ་བདུན་དང་ས་ག་ཟླ་བའི་ཚེས་བདུན་ཏེ། སངས་རྒྱས་ཀྱི་འཁྲུངས་སྐར་དང་སྟབས་བསྟུན་ནས་དངོས་སུ་གཏོང་མགོ་འཛུགས་རྒྱུ་ཡིན་པ་དང་། མཛད་སྒོའི་ཐོག་ཏུ་ཆོས་བརྒྱུད་ཁག་གི་སྐུ་ཚབ་ཀྱི་གསུང་བཤད་དང་། ༼འཛམ་གླིང་ཡོངས་ཀྱིས་ནང་བསྟན་མཐོང་བར་སྨོན་༽ཞེས་པའི་ཁ་བྱང་ཅན་གྱི་མགུལ་རིས་བརྙན་འཕྲིན། ད་དུང་འཇར་པན་ནས་ཕེབས་པའི་སྐད་གྲགས་ཅན་གྱི་གཞས་མ་ཡཱི་སུ་ཅ་ཏའེ་ཡི་མཆོད་འབུལ་གྱི་གླུ་དབྱངས་ལེན་རྒྱུ་སོགས་ཀྱི་ལས་རིམ་ཡོད།
བརྙན་ཕྲིན་གྱི་ནང་དོན་ནི། འཛམ་གླིང་གི་ལྷོ་བརྒྱུད། རྒྱ་བརྒྱུད། བོད་བརྒྱུད་བཅས་ཀྱི་ནང་པའི་ཆོས་བརྒྱུད་སྤྱིའི་ས་ཁོངས་དང་། ཁྱད་པར་དུ་བོད་བརྒྱུད་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ས་མིག་ལྔའི་ནང་དུ་ཆོས་བརྒྱུད་ཆེན་པོ་ཁག་གི་ལྟ་སྒོམ་སྤྱོད་གསུམ་དང་འབྲེལ་བའི་ས་བཅད་དང་། དེ་བཞིན་འབྲེལ་ཡོད་ཡོད་ཀྱི་རིག་གཞུང་ངོ་སྤྲོད་ཀྱི་ས་བཅད་སོགས་ཀྱི་བརྙན་ངོས་ཀྱི་རེའུ་མིག་ཇུས་འགོད་བྱས་ཡོད། མིག་སྔར་ནང་དོན་གྱི་ཆ་ནས་༸ས་སྐྱ་གོང་མ་རིན་པོ་ཆེ་རྣམ་པ་གཉིས་དང་། དགའ་ལྡན་ཁྲི་པ། འབྲི་གུང་མཁན་ཆེན་དཀོན་མཆོག་རྒྱལ་མཚན། དཔལ་ཡུལ་མཁན་ཆེན་རྣམ་གྲོལ་སོགས་ལ་དངོས་སུ་ཆེད་གཅར་ཞུས་པའི་ལེ་ཚན་དང་། དེའི་ཁར་ཐའེ་ཝན་བོད་བརྒྱུད་དྲ་བརྙན་གྱི་ཚོགས་མི་མཁན་སྤྲུལ་དགེ་བཤེས་རྣམ་པས་ཁོངས་སོ་སོ་ལ་གནང་བའི་འབྲེལ་ཡོད་བཀའ་ཆོས། དེ་བཞན་བསྡུ་སྒྲིག་བྱས་པའི་རྒྱུ་ཆ་གཞན་བཅས་ཡོད་པ་དང་། མི་ཚོས་ཁ་པར་དང་རྩིས་འཕྲུལ་བརྒྱུད་ནས་གནས་ཚུལ་ལྟ་ཉན་བྱེད་པ་ལས་དངོས་སུ་སྔོན་མ་ནང་བཞིན་བརྙན་ཕྲིན་ལ་ལྟ་བ་ཉུང་དུ་འགྲོ་བཞིན་པའི་དུས་ཚོད་འདིར་དྲ་བརྙན་ནི་འབྱུང་འགྱུར་ཁྱིམ་སྤྱོད་བརྙན་འཕྲིན་དངོས་ཀྱིས་ཚབ་བྱེད་པའི་འཕེལ་ཕྱོགས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཚོགས་པ་འདིར་བོད་བརྒྱུད་བླ་ཆེན་ཆེ་ཁག་ཡོངས་རྫོགས་ཀྱིས་རྒྱབ་གཉེར་དང་ངོས་འཛིན་ཡོད་ཅིང་། རྩ་བའི་ཆ་ནས་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་ནི་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཁོངས་གཏོགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན།
བཀྲ་ཤིས་བདེ་ལེགས་ཞུ།
འདི་ནི་ཁ་བཤད་ཆུ་ཡི་ལྦུ་བ་མིན་པར་ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་དེ་རེད། སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཡོད།
དངོས་གནས་གཏམ་བཟང་རེད། གནས་ཚུལ་མཁོ་སྤྲོད་པར་བཀའ་དྲིན་ཞུ། ད་དུང་དྲི་བ་ཞིག་ལ། དྲ་ཐོག་ནས་བལྟ་ཐུབ་བམ། གལ་སྲིད་ཐུབ་ན་དྲ་བྱང་གསལ་བོ་ཞིག་གནང་རོགས།
བཀྲིས་བདེ་ལེགས། ལས་བྱེད་པ་པོ་ཚང་མ་ལ་དུས་རབས་ཀྱི་རྗེས་ཟིན་པའི་ལས་འགུལ་འདི་ལྟ་བུ་ལེགས་བསྒྲུབས་ཐུབ་པར་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
སྟོན་པའི་འཁྲུངས་སྐར་ས་ཟླའི་ཚེས་བདུན་ལ་བྱེད་པ་ཁུངས་ཅི་ཡོད་དམ་གསུང་རོགས་གནང་། རང་རེས་བོད་པས་དུས་ཆེན་གསུམ་འཛོམས་ཏེ་ས་ཟླའི་ཚེས་བཅོ་ལྔ་ལ་སྐུ་བལྟམས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་བརྩི་སྲོལ་ཡོད་པ་ཡོངས་གྲགས་རེད།
༸སྟོན་པའི་འཁྲུངས་སྐར་ཚེས་བཅོ་ལྔ་རང་ལ་སྲུང་བརྩི་བྱས་ན་ཕན་ཡོན་ཆེ་བར་སེམས།