རིག་པའི་ལང་ཚོ།
ཀ་པ་ལ་སྟེང་སྐྱེས་པའི་གནག་སྣུམ་གྱི་སྐྲ་ལོ།།
ཁ་བའི་མདངས་ལ་འགྲན་པའི་དུས་ཚོད་ལ་སླེབས་ཤིང་།།
ག་ཤེད་འགྲོ་ལ་ཉེ་བའི་དྲིན་ཆེན་གྱི་མ་ལོ།།
ང་ཡིས་རྨི་ལམ་ནང་དུའང་མཇལ་འཛོམས་ལ་སྒུག་ཡོད།།
ཅ་ནོར་དགོས་རྒུས་ཕྱུག་ཀྱང་ཡིད་སེམས་རང་མ་བདེ།།
ཆ་རྐྱེན་སྣ་ཚོགས་འཛོམས་ཀྱང་སྐྱོ་བ་དེ་མ་ཡལ།།
ཇ་བཟང་བཏུང་བར་རོལ་ཀྱང་བྲོ་བ་དེ་མ་མྱོང་།།
ཉ་གང་ཟླ་བ་ལྟ་བུའི་མ་ལོ་ཁྱོད་དྲན་ཡོད།།
ཏ་རེ་དབྱིངས་ཀྱི་ལྷ་མོར་ཐུགས་བརྩེ་ཞིག་ཡོད་ན།།
ཐ་ཚིག་དམ་བཅའ་དེ་ལ་བརྩི་མཐོང་ཞིག་ཡོད་ན།།
ད་དུང་འགྲོ་བ་སྐྱོབ་པའི་ནུས་མཐུ་ཞིག་ཡོད་ན།།
ན་རེར་མ་འཇོག་མ་བུའི་དགྱེས་འཛོམ་ལ་དགོངས་དང་།།
པ་སངས་ལས་ཀྱང་དཀར་བའི་མ་ལོ་ཡི་དགྱེས་ཞལ།།
ཕ་རོལ་ལ་ལུང་མང་པོའི་རྒྱབ་ཕྱོགས་ལ་ཡོད་པའི།།
བ་གམ་མཐོན་པོར་བརྩེགས་པའི་ཁང་ཆུང་གི་ནང་ནས།།
མ་བརྗེད་ཡིད་ལ་འཁོར་ཏེ་མིག་ཆུ་དེ་བཞུར་སོང་།།
ཙ་རིའི་སྨྱུག་མ་ལས་ཀྱང་གཤིས་རྒྱུད་དེ་དྲང་མ།།
ཚ་གྲང་ཀུན་ལ་མི་འཇིགས་སྙིང་སྟོབས་དེ་ཆེ་མ།།
ཛ་དྲག་རྐྱེན་ངན་ཀུན་ལ་བཟོད་པ་དང་ལྡན་མ།།
ཝ་ལེར་ཡིད་ལ་འཁོར་བཞིན་མིག་ཆུ་དེ་བཞུར་སོང་།།
ཞ་ཞར་གྱུར་པའི་སྐུ་གཟུགས་གོག་པོ་དེ་མཇལ་དུས།།
ཟ་ཟིར་གྱུར་པའི་དབང་པོ་རྒུད་པ་དེ་དྲན་དུས།།
འ་འུར་འདར་འདར་གསུང་གི་སྙིང་གཏམ་དེ་གོ་དུས།།
ཡ་ཁོག་སྙིང་ནས་སྐྱོ་བའི་མིག་ཆུ་དེ་བཞུར་སོང་།།
ར་བའི་ཕྱི་རིམ་གངས་ཀྱིས་ཟླུམ་པོ་རུ་བསྐོར་ཤིང་།།
ལ་ལུང་རིམ་པ་མང་པོས་བར་མེད་དུ་ཆོད་ཀྱང་།།
ཤ་ཚ་མ་ལོ་དྲན་པའི་མིག་ཆུ་ཡི་གཞུར་རྒྱུན།།
ས་མཐའ་རྒྱང་རིང་ཡུལ་ནས་ཁྱེད་རང་ལ་ཕུལ་ཡོད།།
ཧ་ཅང་མ་ལོ་དྲན་པའི་སྙིང་གཏམ་གྱི་དྲི་བཞོན།།
ཧ་རི་ཙན་དན་ལྗོན་པའི་དྲི་བསུང་དང་འགྲོགས་ཏེ།།
ཨ་མ་ལོ་ལོན་སྙན་གྱི་དབང་པོ་རུ་སིམ་ཕྱིར།།
ཨ་མའི་དུས་ཆེན་ཉིན་མོར་ལྷོ་མཐའ་ནས་བཞུད་སོང་།།
་་་་་་་་རིག་པའི་ལང་ཚོས་རྒྱལ་སྤྱིའི་མ་ཡུམ་དུས་ཆེན་ལ་རང་གནས་ཀྱི་རྒྱབ་ཕྱོགས་ཀུན་དགའི་སྐྱེད་ཚལ་ཏེ། ལྗོན་ཤིང་དང་མེ་ཏོག་རིགས་དུ་མས་ཉེ་བར་མཛེས་ཤིང་། དེ་ལས་ཐོན་པའི་དྲི་བསུང་སྣ་ཡི་དབང་པོར་འཕོས་པ་ཙམ་གྱིས་ཡིད་ལ་བདེ་བའི་དཔལ་ཕུན་སུམ་ཚོགས་པ་སྦྱིན་པ། དེ་དག་གི་སྟེང་དུ་ཡིད་དུ་འོང་བའི་བྱ་དང་བྱེའུ་སྣ་ཚོགས་པ་ཡང་ཡང་དུ་འཁོར་གྱིན་གསུང་དབྱངས་ཀྱི་སྙན་པ་བར་མེད་དུ་སྒྲོག་པའི་གནས། ལྷ་དབང་བརྒྱ་བྱིན་གྱིས་ཀྱང་སྤྱན་ཟུར་གཡོ་བར་ནུས་པའི་ག་ལ་བ་དེར་ཤར་མར་བྲིས།།
ཧ་ཅང་སྙན་པོ་བྱུང་།