བཀྲ་ཤིས་དོན་འགྲུབ།
ཕྲ་ལ་མཐོ་ཞིང་རིང་ལ་ཉམ་ཐག་པའི
ལྷ་མོ་འཁྲབ་སྟོན་གྱི་གླུ་སྐད་འདར་པོ་དེས
ང་རང་གནའ་བོའི་འཇིག་རྟེན་ཞིག་ཏུ་འཁྲིད་བྱུང་བས
ངས་གནའ་མི་ཚོའི་ངོ་གདོང་མཐོང་བྱུང
ཁོ་ཚོའི་འཚོལ་སྙེགས་ཀྱི་སྙིང་སྟོབས་མཐོང་བྱུང
དེ་བས་ཀྱང་ཐང་སྟོང་རྒྱལ་པོ་ཟེར་བའི་མི་རྒན་རྨ་ར་ཅན་དེའི
“ཡར་ཀླུང་གཙང་པོར་ཟམ་པ་ཇི་ལྟར་གཟུགས་དགོས་སམ”སྙམ་པའི
སེམས་ཁུར་ལྕི་མོ་དེ་འདར་གླུ་རིང་མོའི
འདེགས་འཇོག་དང་སྲིང་འགུག་ཀྱི་“ཚིགས་མལ”རེ་རེ་ལས་ཐོས་འོང
ཉམ་ང་བའི་འདར་གླུ་ལ་ཉན་གྱིན་ཉན་གྱིན
གནའ་མི་ཚོའི་རྔུལ་ཆུ་དང་འཛུམ་མདངས་ཀྱིས་ཞུན་བདར་བཅད་པའི
སྐྱིད་ལ་སྡུག་པའི་འཚོ་བ་སྐྱ་པོ་མཛེས་སྡུག་ཏུ་སྦྲུམ་པའི་བྲོ་བ་ཞིམ་པོ་ཞིག
ཐང་སྟོང་རྒྱལ་པོ་ཟེར་བའི་མི་རྒན་ཡ་མེད་དེས
སྟོད་ཀྱི་གངས་དཀར་ཏི་སེའི་སྐོར་ལམ་ནས
དབུས་ཀྱི་སྐྱིད་ཆུ་སྔོན་མོའི་ཟུར་ལོགས་ནས
གཙང་གི་གམ་པ་ལ་མོའི་རི་རྩེ་ནས
གཟེངས་མཐོན་པོས
ཤང་ཤང་ཆུ་མོ་ལ་བསྐུར་ཞིང
བསིལ་བསིལ་རླུང་བུ་ལ་སྤུར་བའི་ཉམས་འགྱུར་དེ་དག
བདག་གི་ཚོར་འདུའིགཏིང་རིམ་ན་བཞུར་གྱིན་འདུག་ཨང
ན་ཆུང་མའི་མདུན་ནས་དམར་ཧྲེང་མར་རྒྱུག་ཕོད་པའི
སྙིང་ཁམས་མཐོ་བའི་ཐང་སྟོང་རྒྱལ་པོ
མཚམས་མཚམས་སུ་སློང་མོ་བའི་རྟུལ་ཞུགས་བཟུང་ཞིང
སྐབས་སྐབས་སུ་སྒྱུ་རྩལ་པའི་ངང་ཚུལ་བཟུང་སྟེ
གྲོང་གི་སྲང་ལམ་དང་འབྲོག་གི་རྩ་ཐང་ནས
སློང་མོ་དང་དགའ་སྟོན་ཟུང་འབྲེལ་གྱིས
ཟློས་གར་ཁྱད་མཚར་འདི་འཁྲབ་སྟོན་བྱས་པ་ནས་བཟུང
དུས་རབས་ཀྱི་ཕྲེང་རིམ་སྟོང་ཕྲག་གི་རྗེས་སུ་ཡང
ཁྱོད་ཀྱི་ཚ་བོ་དང་ཡང་ཚ་དབོན་པོ་དང་ཡང་དབོན་ཚོས
ཁྱོད་རང་དྲན་སྲིད་པ་བཞིན
ངས་ཀྱང་ས་མཐའ་འདི་ནས
ཁྱོད་རང་དྲན་ཞིང་འབྲི་བཞིན་ཡོད་ལ
ཉམས་མཚར་བའི་ལྷ་མོའི་འཁྲབ་སྟོན་མིག་ལ་གོན་ནས
དཀའ་སྡུག་ཟབ་པའི་ཁྱོད་ཀྱི་འཚོལ་སྙེགས་ལ་ལྟད་མོ་ལྟ་གིན་ཡོད