ཁྲོ་གཏུམ།
རང་མོས་སྙན་ངག
༡ ཚེག་བར་དབྱངས་འགྲོས་ཀྱིས་ཐག་གཅོད་པ།
༢ ཚོར་ཤུགས་ཀྱིས་རྩོམ་ལུས་ཡོངས་སུ་ཁྱབ་པ།
༣ འཕར་མཆོངས་དང་འཆོལ་བའི་གཤིས་ཀ་འདྲེས་པ།
༤ མགོ་ཚིག་དང་མཇུག་ཚིག་གི་བར་དུ་བསྡུ་ལེན་གྱི་ནུས་པ་ཡོད་པ།
༡ ཚེག་བར་དབྱངས་འགྲོས་ཀྱིས་ཐག་གཅོད་པ།
རང་མོས་སྙན་ངག་གི་སྒྲོམ་གཞིའི་སྒང་དུ་བོད་སྐད་ཡིག་གི་ཚིག་འབྲི་དག་རྒྱུན་པ་ནས་བཟུང་། རང་རེའི་སྤྱི་ཚོགས་སུ་ཡང་ ‘ཚེག་བར་དབྱངས་འགྲོས་ཀྱིས་ཐག་གཅོད་པ’ཞེས་སྙན་ངག་གསར་བའི་ལས་ལ་བརྩོན་ཞིང་འདི་ནི་སྔོན་གྱི་རྩོམ་སྟངས་དག་ལས་བརྒལ་འདུག <<མེ་ལོང་མ>>འི་ནང་གི་ཚེག་བར་དོ་མཉམ་པ་དང་ཆ་ཡ་སྡེབས་སྟངས་ཀྱི་འབྲི་ཚུལ་དེ་ལས་ལོག་ཏུ་གྱེས་པ་རེད། ལོ་ཚིགས་ཀྱི་སྒང་ནས་བཤད་ན་དེ་ནི་༡༩༨༣ལོའི་སྦྲང་ཆར་དེབ་གཉིས་པའི་སྒང་ལ་སྐུ་ཞབས་རང་གྲོལ་ལམ་དོན་འགྲུབ་རྒྱལ་ནས་<<ལང་ཚོའི་རྦབ་ཆུ>>བཏོན་པའི་སྐབས་དེ་ནས་བཟུང་བོད་ཀྱི་རྩོམ་སྟེགས་སུ་དཔེ་མི་ཟད་པའི་སྙན་ངག་འབྲི་སྟངས་སུ་འགྱུར་བ་ཞིག་བྱུང་ཞིང་། འདི་དག་ནི་བོད་ལ་མཚོན་ནས་བལྟས་ན་ཆུ་ཞིག་བགག་བགག་ནས་བཏང་བ་དང་འདྲ་ལ། ཧ་ཅང་གིས་རང་མོས་འབྲི་མཁན་མང་དུ་བྱུང་བ་རེད། བོད་ཀྱི་རྩོམ་སྟེགས་སུ་སྙན་ངག་བོད་སྐད་ཀྱི་གཏིང་རིམ་ལ་འཛུལ་བའི་ཐོག་མ་ནི་རང་མོས་སྙན་ངག་མགོ་བཙུགས་པ་ནས་བྱུང་བ་རེད་ཞེས་བཤད་ན་ཡང་མི་འགྲིག་པ་ག་ལ་ཡོད།
དབྱངས་འགྲོས་ནི་རང་མོས་སྙན་ངག་གི་མེད་དུ་མི་རུང་བའི་རྩ་བའི་གནད་དེ་ཡིན་པ་དང་། ཡིན་ཡང་འདིའི་དབྱངས་འགྲོས་སུ་ངེས་གཏན་གྱི་ནུས་པ་མེད་ལ་ཆ་ཡ་སྡེབ་སྟངས་ལྟ་བུའི་སྤྱི་འགྲོས་ཡང་མེད་པ་རེད། གཙོ་བོ་དེ་ནི་སོ་སོའི་ཚོར་བའི་རྩོད་ཤུགས་དང་བརྟེན་ནས་དབྱངས་ཀྱི་འདེགས་འཇོག་ཐག་གཅོད་བྱེད་ཞིང་། དབྱངས་འགྲོས་འཇོག་མཚམས་རེ་རེ་ནི་རྩོམ་དེའི་མེད་དུ་མི་རུང་བའི་གཅོད་མཚམས་དེ་ཡིན་པ་རེད། དེ་བས་རང་མོས་སྙན་ངག་གློག་པ་པོ་ཞིག་ཡིན་དུས་ངེས་པར་དུ་རང་མོས་སྙན་ངག་ལ་གློག་སྟངས་ཀྱི་བྱང་ཆ་ཡོད་དགོས་ལ་འདི་ནི་དེའི་ནང་དུ་དབྱངས་འགྲོས་ཀྱིས་ཐག་གཅོད་བྱས་པའི་ཚོར་ཤུགས་ཀྱི་རྩོལ་བ་དེ་འདྲེས་ཡོད་པས་ཡིན།
༢ ཚོར་ཤུགས་ཀྱིས་རྩོམ་ལུས་ཡོངས་སུ་ཁྱབ་པ།
རང་མོས་སྙན་ངག་ནི་མིའི་ཚོར་བའི་རྒྱུན་ངོ་མ་ནས་རྟོག་འགྱུ་བྱེད་པ་དང་ངེས་པར་དུ་ཚོར་ཤུགས་དྲག་པོ་དགོས་པ་རེད། དངོས་གཤིས་དང་མི་གཤིས་གཉིས་ཀྱི་མཐུན་སྦྱོར་ལ་འབད་པ་བྱས་སྟེ་རང་ཉིད་ཀྱི་བློས་བསླངས་བྱས་པའི་ཚོར་བའི་རིགས་ནི་མ་རྩོམ་སྒང་གི་མེད་དུ་མི་རུང་ཞིང་འདྲེན་ཤུགས་ཆེ་བའི་སྲོག་རྩ་ཡིན། ལྷག་པར་དུ་ཕོ་མོའི་བརྩེ་དུང་གིས་བཅོས་མིན་གྱི་ཚོར་ཤུགས་དྭངས་གཙང་དག་ཐོན་པས་ན། དེའི་སྟོབས་ཤུགས་གཅིག་གི་ནུས་པས་རི་རབ་སྒུལ་བའི་གཏམ་རྒྱུད་དང་འཁྲབ་གཞུང་བྱུང་བ་བཞིན་གྱིས་རང་མོས་སྙན་ངག་གིས་བསྡུས་གཟུགས་ཀྱི་ཚུལ་གྱིས་དུངས་ཚོར་རླབས་པོ་ཆེ་ཞིག་ཡིག་གེ་ཡི་སྟེང་དུ་ཕབ་པ་རེད། དངོས་བཟང་མཛེས་གསུམ་ནི་མཛེས་དཔྱོད་ཀྱི་མ་རྩ་ལ་ཐུག་ཡོད་པས་ན། འདི་གསུམ་གྱིས་དུངས་མཚོར་ལ་མ་གདན་བཏང་ནས་རྩ་བའི་སྒྱུ་ཆ་བྱེད་ཀྱིན་ཡོད་པ་རེད། མིའི་ལུས་པོའི་སྒང་ལ་ཁྲག་གི་རྒྱུ་བ་ཡོངས་སུ་ཁྱབ་འདུག་པ་བཞིན་དུ་རང་མོས་སྙན་ངག་གི་མགོ་འཇུག་བར་གསུམ་ན་རྒྱུ་ལུགས་མ་ཡིན་པའི་ལྷོག་ལྷོག་ལྡིང་བའི་དུངས་ཚོར་གསོན་པོ་ཞིག་ཡོད། མིའི་རྣམ་དཔྱོད་དང་བློ་གྲོས་ཀྱི་འགུལ་བསྐྱོད་ནི་བདེན་དོན་དང་གནས་ལུགས་དམར་རྗེན། འཚོ་བའི་ངོ་བོ་སོགས་ནི་མིའི་གཞི་རྩའི་རྣམ་བཞག་གི་སྟངས་ནས་ཤེས་དགོས་པ་དང་སྒྲུབ་དགོས་པ་ཡིན་དུས། མིའི་སེམས་ཀྱི་དུང་ཀ་དང་འདྲེས་བའི་ཚོར་བའི་རང་དབང་དེ་ནམ་མཁའ་དང་འབྲེལ་ནས་ཡོད་པས་མུ་མཐའ་མི་མངོན་པ་དང་། དེ་ལྟའི་ཁོལ་ཡངས་བའི་ཕ་མཐའ་དག་ལ་ང་ཚོའི་བསམ་གཞིག་གི་བར་སྟོང་དག་དྲི་བའི་ཚུལ་གྱིས་བསྐྱོད་དགོས་པ་དང་། ཡང་ན་དོག་པའི་ཚུལ་གྱིས་དང་མག་མོག་གི་ཚུལ་གྱིས་འགྲོ་ངེས། ལ་ལའི་སྒྱུ་རྩལ་ནི་མག་མོག་ཞིག་ཡིན་པ་རེད་ཟེར་བའང་འདི་ལ་ཐུག་ཡོད་པ་འདྲ། མཛེས་དཔྱོད་ཀྱིས་མཐའ་མའི་ཐག་གཅོད་ཀྱི་གཏན་ཚིག་བྱེད་མི་ཐུབ་ཟེར་བ་བཞིན་དུ། ག་དུས་ཡིན་ན་ང་ཚོར་ནུས་པ་རྡོག་རྡོག་གཅིག་དབང་ལྔའི་མདུན་དུ་འཇོག་རྒྱུ་ཡོད་པ་མ་རེད། འདི་ནི་སྒྱུ་རྩལ་གྱིས་དུངས་ཚོར་ལ་རང་དབང་སྟེར་གྱི་ཡོད་པའི་རྟགས་ཤིག་རེད། དུངས་ཚོར་གྱི་མཛེས་པ་དག་གིས་སྙན་ངག་གང་ཡིན་བརྗོད་དོན་གྱི་ཆ་ལ་རྣམ་ཤེས་གསར་བ་བསྐྲུན་པ་རེད། འདི་ནི་མི་ལ་ལ་ཞིག་སྡོད་གནས་བརྗེ་བོ་རྒྱབ་ནས་ཡང་བསྐྱར་མི་ཚེ་གསར་བ་ཞིག་གི་མགོ་རྩོམ་པ་དང་འདྲ་བོ་ཡོད་འདུག འདི་སེམས་ཀྱི་དུངས་ཚོར་དང་འདྲེས་པའི་སྐད་ཆ་ཞིག་ཡིན་པ་བཞིན། མི་ཚེ་གསར་བ་ནི་ཁོ་ལ་ངེས་ཆ་མེད་ཀྱང་ཁོའི་འགྲེལ་བཤད་མི་ཕོག་པའི་བསམ་གཞིག་དེ་དང་བསྟུན་ནས་ཚོར་ཤུགས་དྲག་པའི་ནུས་པ་ཞིག་བསྐྱེད་ཐུབ་པ་བཞིན་དུ། སྙན་ངག་ཅིག་ལེགས་འགྲུབ་བྱུང་བར་ཚོར་ཤུགས་དྲག་པོ་ཞིག་གིས་རྩོམ་གྱི་མགོ་འཇུག་བར་གསུམ་ལ་ཤ་ཁྲག་བཞིན་དུ་འདྲེས་དགོས་སོ།།
༣ འཕར་མཆོངས་དང་འཆོལ་བའི་གཤིས་ཀ་འདྲེས་པ།
མིའི་སེམས་ཁམས་ནི་ནམ་རྒྱུན་གྱི་འགུལ་བསྐྱོད་དང་གཅིག་པ་མི་ཆགས་ལ། དེར་བརྟེན་དགའ་སྐྱོ་ཆགས་སྡང་གི་གྲོང་ཁྱེར་ནས་མི་སེམས་ནི་ཚོར་གནས་གཅིག་ཏུ་འདུག་པའི་གོ་སྐབས་མེད་པས། སྙན་ངག་པའི་བསམ་བློ་ནི་ཐོལ་བརྒལ་ཞིག་ཡིན་ཞིང་། དུངས་ཚོར་གྱི་རེ་སྙེག་ལ་བསྟུན་ནས་ཁ་ལོ་བྱེད་ཀྱིན་ཡོད། ལྷག་པར་དུ་དེབ་ངོས་དང་གཞུང་ལུགས་ཀྱི་སྟེང་གི་དྲི་མ་འགོས་ནས་ཕར་འཇིག་རྟེན་ལ་བལྟ་བའི་གཤིས་ཀ་བསྐྲུན་པ་ཞིག་མིན་ལ། འདྲེས་ལོབས་སུ་སོང་བའི་སོ་སོའི་ཆུང་ནས་ད་ལྟའི་བར་གྱི་ན་ཚོད་ཀྱི་བརྒྱུད་རིམ་སྟེང་ཤེས་བྱ་གང་མང་ཞིག་གིས་རྒྱུ་རྐྱེན་བྱས་ནས་མི་གཤིས་བསྐྲུན་ཡོད་པ་དང་། འདི་དག་གི་གོ་རིམ་ཁྲོད་ནས་མི་གཤིས་ནི་གཏན་ཁེལ་རང་བཞིན་ཅན་ཞིག་མིན་པས། ང་ཚོས་སྤྱི་ཚོགས་འཚོ་བ་ཉམས་སུ་རོལ་ཏེ་བརྩེ་བ་ཕུན་སུམ་ཚོགས་པའི་ངོ་བོ་དག་མཐོ་དམའ་མི་སྙོམས་པར་འཕར་མཆོངས་དང་འཆོལ་བའི་རྣམ་པའི་སྒང་ནས་ཡོང་བ་དང་། འདི་ནི་མིའི་གཤིས་ཀ་ཞིག་ཡིན་ལ་སྒྱུ་རྩལ་གྱི་ངོས་སུ་མེད་ན་མི་ཆོག་པའི་ཆ་རྐྱེན་ཆེ་ཤོས་དེ་ཡང་ཡིན་ནོ།
རང་མོས་སྙན་ངག་གི་སྒྲོམ་གཞིའི་སྒང་ནས་འདི་དག་ལ་བརྩི་འཇོག་བྱེད་ལ། རང་མོས་སྙན་ངག་ལ་འདི་དག་ཚང་བ་མ་ཟད། འདི་དག་གི་ཁྲོད་ན་རྩོམ་པ་པོའི་བསམ་བློའི་བར་སྟོང་དང་ཀློག་པ་པོར་ཡང་བསམ་བློའི་བར་སྟོང་ཡོད་རེད། བསམ་བློའི་བར་སྟོང་ལ་ཡང་ངེས་གཏན་མེད་ལ་འཕར་མཆོངས་དང་འཆོལ་བའི་གཤིས་ཀ་འདི་ཡིས་རྩོམ་ཉམས་སུ་བླ་ལྷག་གིས་རོགས་ཕན་བྱེད་པ་རེད། འདི་ནི་ཡང་རང་མོས་སྙན་ངག་གི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཏུ་བརྩིས་ཆོག རྩོམ་གྱི་བརྗོད་གཞི་རྒྱུན་མཐུད་ཀྱིས་མེད་ལ་མགོ་བཙུགས་ས་ནས་མཇུག་བསྡུ་བའི་བར་ལོག་དེར་ཆད་སྐྱོན་དང་ལྷག་སྐྱོན་གང་མང་ཡོད་པའི་མཐོང་སྣང་ཡོད། འདི་ནི་རང་མོས་སྙན་ངག་གི་ཁྱད་ཆོས་དང་རང་མོས་སྙན་ངག་གི་སྒྲོམ་གཞིའི་སྒང་ནས་འཕར་མཆོངས་དང་འཆོལ་བའི་གཤིས་ཀ་ཟེར་བ་དེ་རེད།
‘དྲང་མོར་བཤད་ན་མྱི་མི་དགའ། དབྱུགས་པ་བསྟན་ན་ཁྱི་མི་དགའ།’ཟེར་བའི་ཁ་དཔེ་བཞིན་དུ། སྐད་ཆའི་སྒྱུ་རྩལ་ནི་འདིའི་སྒང་ནས་ཡང་མཚོན་པ་རེད། འདི་ནས་མི་དང་མིའི་བར་གྱི་སྐད་ཆ་ལ་བསམ་བློའི་བར་སྟོང་ངེས་ཅན་ཞིག་དགོས་པ་དང་། མིའི་བསམ་བློའི་སྟེང་ནས་མངོན་གྱུར་བྱེད་པ་ཆ་ཚང་དག་མི་རེའི་གཤིས་ཀ་དང་འདྲེས་བསྡད་ཡོད་པས། བསམ་བློ་གཅིག་གིས་མི་ཡོད་ཅོག་གི་བསམ་ཚུལ་ལ་ཚབ་བྱེད་མི་ཐུབ་རུང་། རང་མོས་སྙན་ངག་གིས་དེ་དག་གི་ཡོད་ཚད་ཀྱི་རྩ་དོན་ལ་ཧ་ཅང་གིས་ལས་སྣོན་བྱེད་ཅིང་། མིའི་སྐད་ཆའི་སྒྱུ་རྩལ་གྱི་ནུས་ཤུགས་ནི་དགའ་སྐྱོ་ཆགས་སྡང་གི་ཁྲོད་དུ་ལྷུང་བའི་གཡུལ་ས་དེའི་ཚེ་སྲོག་སྲོང་སྐྱོབས་ཀྱི་ཐབས་སུ་འབད་ངེས། འདི་དག་ལ་ད་གཟོད་རང་མོས་སྙན་ངག་ནང་ནས་འཕར་མཆོངས་དང་འཆོལ་བའི་གཤིས་ཀ་རེད་ཟེར་ཆོག་པ་འདྲ།
༤ མགོ་ཚིག་དང་མཇུག་ཚིག་གི་བར་དུ་བསྡུ་ལེན་གྱི་ནུས་པ་ཡོད་པ།
སྐབས་འདིར་རང་ཉིད་ཀྱི་སྙན་ངག་ཅིག་དཔེ་བརྗོད་བྱས་ནས་འགྲེལ་ཐུང་ཞིག་བརྒྱབ་པ་ཡིན་ན།
སྤྲིན།
རྫི་བོ་ཡིན་དུས
ངས་རྩྭ་ཐང་སྔས་སུ་བྱས་ནས་སྤྲིན་པར་བལྟས་མྱོང
ས་མཐར་འཁྱམས་དུས
ངས་སྤྲིན་པ་ཐོད་ལ་བླངས་ནས་སྔོན་ཆད་གླེང་རེད
གང་ལྟར ང་ད་དུང་མ་ལོངས་བ་མང
2012/3/29ཉིན།
ངས་དང་པོ་རང་‘ཉིད་རྫི་བོ་ཡིན་དུས་’ནས་‘འཕར་མཆོངས་ཤིག་གིས་རྩྭ་ཐང་སྔས་སུ་བྱས་ནས་སྤྲིན་པར་བལྟས་པ་’རེད། འདིའི་བར་ལོག་གི་བྱུང་རིམ་དང་རྩོམ་པ་པོའི་བསམ་གཞིག་གི་བར་སྟོང་དག་ནི་བསྡུས་གཟུགས་ཀྱིས་བཞག་ཡོད་པ་དང་། དེའི་འོག་གི་ས་མཐར་འཁྱམས་པ་ཡང་དེ་བཞིན་ཡིན། ཆེས་མཐར་འཇུག་གིས་‘གང་ལྟར་’ཞེས་ངལ་ཅུང་ཙམ་གསོས་ཏེ་‘ང་དུང་མ་ལོངས་བ་མང་’ཞེས་པ་འདིས་རང་ཉིད་ཀྱི་དྲན་ངོས་སུ་བཞག་པའི་དུངས་པ་མང་པོ་ཞིག་གི་འགལ་ཟླའི་ཁྲོད་དུ། རྫི་བོ་ཡིན་དུས་དང་ས་མཐར་འཁྱམས་དུས་གཉིས་ཀྱི་འགལ་འབྲེལ་གྱི་སྣང་བ་དེར་བསྡུ་གསོག་བྱས་ཤིང་འཁྲེང་ཞེན་ཞིག་གིས་དྲི་ཚིག་ལྟ་བུའམ་ལྡེམ་སྒོང་ལྟ་བུའི་རྩོམ་པ་པོའི་བསམ་གཞིག་གང་མང་ཞིག་ལ་བསྡུ་ལེན་གྱི་ནུས་པ་ཐོན་ཡོད་རེད། འདི་དག་གི་ཁྲོད་དུ་རྩོམ་པ་པོ་ཡིན་ནའང་འདྲ། ཀློག་པ་པོ་ཡིན་ནའང་འདྲ། བསྡུས་གཟུགས་ཀྱི་ནུས་པའི་སྒང་སོ་སོའི་བསམ་གཞིག་གི་ནུས་པས་བསྔོགས་འདོན་བྱས་པའི་ཁྱབ་རྒྱ་དག་གི་མཐའ་ལ་བསྙེགས་པའི་ནུས་པ་འདོན་ཞིང་། བློ་གསའ་དང་ཕྱིར་དྲན་ཡང་བྱེད་པ། ད་དུང་མ་འོངས་བའི་མདུན་ལམ་སོགས་ཀྱི་འགྲེལ་བརྗོད་མ་འདྲ་བ་དང་། འགྲེལ་བརྗོད་ཕྱོགས་མ་མཐུན་པའི་གོ་བ་ལེན་སྟངས་འདྲ་མིན་ཞིག་ཡོང་ངེས་སོ། འདི་དག་གི་ནུས་པ་ཆེ་ཤོས་ནི་གཙོ་བོ་དེ་མགོ་ཚིག་དང་མཇུག་ཚིག་གི་བར་དུ་ཡོད་རེད། འདིའི་བར་གྱི་བྱ་བ་དག་ནི་བསྡུས་གཟུགས་ཀྱི་ནུས་རྩལ་ལ་ཐུག་ཡོད་དོ། སྐད་ཆ་ཞིག་བཤད་ན་ང་ཚོས་ཚིག་རྩ་ལ་འཇུ་དགོས་པ་རེད་ཞེས་རྒད་པོ་ཚོའི་ཁ་ན་ནམ་རྒྱུན་ཡོད་པ་ལྟར་དུ་རང་མོས་སྙན་ངག་ལ་ཡང་མགོ་ཚིག་དང་མཇུག་ཚིག་གི་ཕྱོགས་སུ་འཇུ་དགོས་པ་རེད། དེ་འདྲ་བྱས་པ་ཡིན་ན་ད་གཟོད་རྩོམ་པ་པོ་དང་ཀློག་པ་པོ་གང་ཡིན་འབྲི་ཤེས་པ་དང་གོ་བ་ལོན་པའི་གནད་འགག་མང་པོ་ཞིག་ལ་ཆ་རྒྱུས་ལོན་ངེས་སོ།།
གངས་རི།
སློབ་གྲྭར་འགྲོ་དུས
དཔེ་ཁུག་རྒྱབ་ཏུ་ཁུར་ནས་གངས་རིར་བལྟས་མྱོང་།
གྲོང་ཁྱེར་དུ་སླེབ་དུས
གངས་རི་ཡིད་ལ་དྲན་ནས་གཏམ་རྒྱུད་གང་མང་གླེང་མྱོང་།
གང་ལྟར ང་ད་དུང་མ་ཁོམ་པ་མང་
འདི་ནི་རང་མོས་སྙན་ངག་ཡིན་ནམ། འདིའི་ནང་ཅི་ཞིག་བསྡུས་ཡོད་པ་རང་གིས་ཀྱང་མི་ཤེས་སོ། །
མྱི་དཀར་ལ་ཕེབས་བསུ་ཞུ། དེའི་ཅི་ཞིག་བསྡུས་ཡོད་པ་རང་གིས་ཀྱང་མི་ཤེས་པ་རུང་རང་ཉིད་ལ་ཚོར་བའི་འཕར་མཆོངས་ཡོད་ནི་རེད།
བསམ་གཞིག་གི་བར་སྟོང་། འདི་དག་ནི་བརྗོད་སྙིང་གི་ཚུལ་དུ་རེད། ཡིན་ཡང་བརྗོད་སྙིང་ནི་རྡོག་རྡོག་སྟོན་རྒྱུ་མེད་པ་ནི་
རང་མོས་སྙན་ངག་གི་ཁྱད་ཆོས་རེད།
ཡིག་ནོར་མང་གི
རང་མོས་སྙན་ངག་ངོ་མ་ཤེས་འདོད་ན། William Wordsworth (ཝི་ལིའི་བོརྡྶ྄བོརྠ྄་)ཝི་ལིའིམ་ཝོར་ཛི་ཝོར་ཐ་མཆོག་གིས་བརྩམས་པའི་Lyrical Balladsགླེང་བརྗོད་ལ་གཟིགས་མཛོད།
ལྡེམ་སྒོང་ལྟ་བུའི ཧ་ཧཧ། ཕལ་ཆེར་མི་ཞིག་གིས་བཤད་པ་ལས་དཔོད་བྲིས་བྱས་པ་ཞིག་གི་སྣང་བ་སྟེར།
རང་མོས་སྙན་ངག་ཡིན་ན་རྫ་ནི་རྫུན་ནེ་བོ་འདིས་ཅི་ཞིག་བྱེད། ཧ་ཧ།
ཁོ་དགུན་གྱི་མཚན་རིང་མོ་རྫོགས་ནས། སྔ་མོར་ནམ་སངས་དུས། ཡིད་དུ་ཉི་མ་མི་དྲན་པའི་རང་དབང་ཅི། ཉི་མ་ལགས! བདག་ལ་ཁྱེད་འདོད། ཁྱེད་ལ་ཀུན་འདོད། ཁྱེད་བདག་ཁོ་ནས་ཡིན་སེམས་པ། དེ་ཁོ་བོ་བླུན་པ་འདྲ། ཁོ་སྟོན་གྱི་མཚན་མོ་ཐུང་ཙེ་རྫོགས་ནས། ནམ་སངས་ཀྱང་། མདང་མཚན་མོའི་ཟླ་སྒོར་དྲན་བྱུང་། ཞོགས་པར་དགུང་ལ་ལྟས་ཀྱང་མ་མཇལ། རྒྱང་རིང་འབོད་ཀྱང་ཧའོ་མ་ཐོས། རེ་བའི་སྙིང་བཞག་ནས་སྡོད་པ་དེ། ང་བླུན་པ་འདྲ། ཁྲོ་གཏུམ་ལགས་འདི་ལ་གོ་རྒྱུ་ཞིག་ཨེ་འདུག ཐུགས་འའཚལ།
རེད་ཡ། དཀོན་མཆོག་གསུམ། ཇོ་རིན་པོ་རེད། རེད་རེད། དེ་རེད། དངོས་གནས་རེད། རེད་ཡ་རེད་ཡ། དེ་རང་དྲན་ཡོད། དཀོན་ཅོག དངོས་གནས་ཡིན། རེད་རེད། དེ་རང་རེད། རེད་ཡ།
གུས་པས་རང་མོས་སྙན་ངག་ལ་ཞལ་འདེབས་སུ་ཚོར་བས་གཟིར་བཞིན་ཕུལ། དོན་དག་འདི་རེད་ཅེས་ཞུ་ཡ་མེད། ཡིན་ནའང་ཚོར་བ་ཞེ་པུ་ཡོད།
ངག་དབང་རྒྱ་མཚོ་ལགས།
འདི་ལ་གོ་རྒྱུ་ཅང་མི་འདུག
རང་མོས་སྙན་ངག་ལ་བརྗོད་སྙིང་རྡོག་རྡོག་བསྟན་རྒྱུ་མེད་པ་ཨེ་ཡིན། སྤྱིར་རྩོམ་ལུས་ཇི་འདྲ་ཞིག་ཡིན་ཡང་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་སྒྱུ་རྩལ་གྱི་བྲོ་བས་སྟོངས་ཚེ། དེར་སྙན་ངག་ཟེར་རམ། བརྗོད་སྙིང་བསྟན་རྒྱུ་མེད་པ་ཞིག་ཡིན་ན། གོང་དུ་བཤད་པའི་”ཚོར་ཤུགས་ཀྱིས་རྩོམ་ལུས་ཡོངས་སུ་ཁྱབ་པ་”ཟེར་བ་དེས་ཅི་ཞིག་སྟོན་ནམ། གང་ལྟར་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
༼རྨི་ལམ་དང་ཁ་བ།༽
རྨི་ལམ་དུ
རྒྱང་རིང་གི་རི་བོ་ཁ་བས་གཡོགས
རྨི་ལམ་དུ
རྒྱང་རིང་གི་ཁྱིམ་གཞིས་འཁྱག་པས་བཟུང་
ཁ་བ་གཡོ་སྒྱུ་ཁྲམ་གསུམ་གྱིས་བབས་པས
སྦྲ་གུར་དྲོན་མོ་ཕྱོགས་བཞི་མཚམས་བརྒྱད་ནས་ཟོས
ཁ་བའི་གདུག་རྩུབ་ཀྱི་བཀོད་འདོམས་འོག
བྱིས་པའི་འཛུམ་བག་གི་མངར་ཁ་ཡུད་ཀྱིས་འཐུང་
རྨི་ལམ་དུ
ཁ༌བ་འབབ་ཤུགས་དྲག་ཏུ་ཕྱིན
རྨི་ལམ་དུ
བེམ་པོའི་གྲངས་ཀ་མཐོ་རུ་ཕྱིན
དགེ་བསམ་ལགས། དེ་ཀ་རང་ལ་རང་མོས་སྙན་ངག་ཟེར།
མཆན་བརྒྱད་པ་ལགས། ཁ་བ་ཞེས་པའི་རང་མོས་སྙན་ངག་གི་བརྗོད་དོན་དངོས་ཁ་བ་གཅིག་པུ་ཡིན་ནམ། དེ་མིན་བརྗོད་བྱ་གཞན་པའི་བསྡུས་གཟུགས་གང་ཡིན་གསུངས་རོགས་གནང་།
རྨི་ལམ་ནང་གི་ཁ་བ་གཅིག་པུ་ཡིན་ནམ་ཞེས་བཅོས
ཁྲོ་གཏུམ་ལགས། སྐུ་ཉིད་ཀྱིས་བྲིས་གནང་བའི་དུམ་ཚམས་གཉིས པའི་ནང་ལ། འདི་གསུམ་གྱིས་དུངས་མཚོར་ལ་མ་གདན་དུ་བཏང་ནས་རྩ་བའི་སྒྱུ་ཆ་བྱེད་ཀྱིན་ཡོད་པ་རེད་ཅེས་པ་དེའི་དོན་དེ་ངས་གོ་མ་ཐུབ། དུངས་མཚོར་ཞེས་པ་དང། སྒྱུ་ཆ་དང་། མ་གདན། གསུམ་གྱི་དག་ཆ་ནོར་བ་མིན་ནམ།