སྤོབས་པ་མཐའ་ཡས།
ཧི་མ་ལ་ཡའི་ཁོངས་སུ་གནས་པའི་བལ་ཡུལ་ནི་གནའ་བོའི་རིག་གནས་དཔལ་ཡོན་ངོ་མཚར་ཅན་གྱི་ཤུལ་བཞག་མང་པོ་དང་། དུས་བཞིར་དྲོ་གྲང་སྙོམ་པའི་ཡུལ་ལུང་མཛེས་པོ། ཆོས་ལུགས་དང་སྡེ་རིས་མི་འདྲ་བ་མང་པོས་གྲུབ་པའི་ཡུལ་སྡེ་ངོ་མཚར་ཅན་ཞིག་ཡིན་སྟབས་བོད་མི་མང་པོས་རང་གི་ཕ་ཡུལ་གཉིས་པ་ལྟ་བུར་ཚོར་གྱིན་ཡོད། བལ་ཡུལ་ལ་ཉེ་བའི་ལོ་བཅུ་ཕྲག་རེ་ཟུང་ལ་ནང་འཁྲུགས་མང་པོ་བྱུང་བས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ལ་འགོག་རྐྱེན་ཚད་མེད་ཐེབས། ཡུལ་འདིའི་མང་ཚོགས་ཀྱིས་མྱོང་བཞིན་པའི་དབུལ་ཕོངས་དང་དྲག་སྤྱོད་ཀྱི་དཀའ་ངལ་མང་། བལ་ཡུལ་ན་བོད་མི་ཕྱུག་པོ་ཚོས་ཀྱང་བལ་ཡུལ་གྱི་སྲོལ་རྒྱུན་རྗེས་ལུས་དང་། དབུལ་ཕོངས་ཀྱི་འཚོ་བ། ཡིག་རྨོངས་པའི་གནས་སྟངས། སྲིད་ཁྲིམས་ཀྱི་ནུས་ཤུགས་རུལ་སུང་དུ་འགྱུར་བཞིན་པའི་གོ་སྐབས་བཟུང་ནས་བྱིས་པ་གཡོག་ནག་ཏུ་བཀོལ་ནས་ཆེ་ཚུགས་ངོམ་པའི་སྤྱོད་ངན་ཚབ་ཆེ། བལ་ཡུལ་གྱི་བོད་མི་ཚོས་ཡུལ་མིའི་བྱིས་པ་གཡོག་ནག་ཏུ་བཀོལ་སྟངས་དེ་ཡང་གླ་ཆའི་ཚད་འཛིན་མེད་པ། ཆུ་ཚོད་ཀྱི་ཚད་འཛིན་མེད་པ། ལས་ཀའི་ཚད་འཛིན་མེད་པར་ཁྱིམ་བདག་གི་ཅི་འདོད་བཞིན་བཀོལ་སྤྱོད་བྱེད་ཀྱིན་ཡོད་སྟབས་སྔོན་དུས་ཀྱི་ཚེ་གཡོག་ལམ་ལུགས་དང་ཁྱད་པར་ཆེན་པོ་ཞིག་མེད།
བལ་ཡུལ་གྱི་གྲོང་ཁྱེར་ཀ་ཐ་མན་དྷུའི་མ་ཧ་ར་ཇ་གྷན་ཇི་ཞེས་པར་ང་ལ་བོད་མི་ཁྱིམ་ཚང་ངོ་ཤེས་པ་ཞིག་ཡོད། ཁྱིམ་ཚང་དེའི་དཔལ་འབྱོར་གྱི་ཡོངས་ཁུངས་ངོ་མ་གང་ཡིན་མི་ཤེས་མོད་བསགས་དངུལ་ཕོན་ཆེན་དང་ཆོས་སྦྱིན་ཐེབས་རྩ་ཚོགས་པ་ལྟ་བུ་བརྒྱུད་ནས་ཡོང་སྒོ་ཡག་པོ་ཡོད་ངེས། ཁོང་བཟའ་མི་གཉིས་པོར་ལས་ཀ་འདི་ཡིན་ཟེར་བ་མེད་མོད་དངུལ་རྩ་མི་ཉུང་བ་ཞིག་ཡོད་པར་ཐེ་ཚོམ་མེད། ཁོང་ཚོར་ཁང་བརྩེགས་གསུམ་ཅན་ར་སྐོར་དང་བཅས་པ། ཆིབས་འཁོར་ཏྲོ་ཡོ་ཏྲ་ཆེ་བ་འཁོར་བཞིའི་ཤུགས་ཅན་གཅིག་དང་། སུ་ཟུ་ཀི་ཆུང་བ་གཅིག མཆོད་ཁང་ཟེར་ན་དགོན་པ་གྲྭ་གྲངས་ཉི་ཤུ་ཅན་ཞིག་གི་འདུ་ཁང་བྱས་ཀྱང་མི་ཆུང་བ་ཞིག དེའི་ནང་ན་གསེར་བྱུགས་པའི་ལྷ་སྐུ་མི་ཚད་ཙམ་སོགས་སྐུ་བྲིས་འབུར་མང་པོ། དངུལ་འཇངས་བརྡུང་གིས་གྲུབ་པའི་མཆོད་ཀོང་དང་བདུན་ཚར་སོགས་མང་པོ། ས་གདན་ཡག་གྲས་ཆེ་ཆུང་མང་པོ་སོགས་མཐོང་ལམ་ན་ཡོད་པའི་རྒྱུ་དངོས་དེས་ཀྱང་འབྱོར་བ་ཅན་ཡིན་པ་མཐོང་ནུས། མི་ཚང་དེའི་འགྲོ་སོང་ཡང་ཆེ། ཁྱིམ་མི་རྣམས་ཀྱི་སྤྲོ་སྐྱིད་ཀྱི་འགྲོ་སོང་སྣ་ཚོགས་དང་། ལོ་རེ་རེ་བཞིན་ཆོས་ཕྱོགས་ནས་འབུམ་སྒྲོགས་པ་སོགས་སྐུ་རིམ་ཆེ་གྲས་དང་། ཟླ་བ་རེ་རེ་བཞིན་གྲྭ་བ་ཁ་ཤས་རེ་གདན་དྲངས་ནས་རིམ་གྲོ་བྱེད་དུ་འཇུག་པར་ཡོན་དངུལ་མཐོ་ཚད་འབུལ་བ། ཆིབས་འཁོར་གླ་བ། མཚམས་མཚམས་སུ་བོད་ཀྱི་བླ་སྤྲུལ་གྲགས་ཅན་གདན་དྲངས་ནས་གསོལ་ཚིགས་དང་འབུལ་བས་མཉེས་པར་བྱེད་པ། ཆོས་ཕྱོགས་ཀྱི་ཆོ་གའི་ཡོ་བྱད་ཉོ་བ་སོགས་ཁོ་ན་ཡང་ཁྱིམ་ཚང་འབྲིང་གྲས་ཤིག་གིས་འཚོ་བ་ཡོངས་རྫོགས་འཁྱོལ་བ་ལས་ལྷག་ཙམ་ཞིག་ནི་ཆོས་ཕྱོགས་སུ་བསྙད་པའི་བྱེད་སྒོ་དེའི་ཆེད་ནར་གཏོང་བྱེད།
ཁྱིམ་ཚང་དེ་ལ་བལ་པོའི་བུ་མོ་མ་ཡ་ཟེར་བའི་གཡོག་མོ་ཞིག་འདུག བུ་མོ་དེ་གྲོང་ཁྱེར་ལས་ཉིན་ཕྱེད་ལྷག་ཙམ་ལ་འགྲུལ་འཁོར་དང་དེ་ནས་རྐང་ཐང་ལ་ཆུ་ཚོད་ཁ་ཤས་འགྲོ་དགོས་པའི་གྲོང་གསེབ་ཅིག་ནས་ཡོང་ཚུལ་ཐོས། བུ་མོ་དེ་ཐོག་མར་བོད་མི་ཁྱིམ་ཚང་འདིར་སླེབས་སྐབས་ལོ་ན་བཅུ་ཙམ་མ་གཏོགས་ཟིན་མེད་པ་འདྲ། ང་ཐོག་མར་ཁྱིམ་ཚང་འདི་ལ་འབྲེལ་བ་བྱུང་སྐབས་ཁྱིམ་ཚང་འདི་ལ་བུ་མོ་ལོ་དྲུག་ལ་སོན་པ་ཞིག་འདུག དགོང་ཟས་ཀྱི་རྗེས་སུ་ཁྱིམ་བདག་གི་སྲས་མོ་ཆུང་ངུ་དེ་འབོལ་སྟེགས་སྟེང་དུ་གཉིད་ཁུགས་ཤོར། ཁྱིམ་བདག་གིས་གཡོག་མོ་ལ་སྲས་མོ་ལྷ་ལྕམ་གཟིམ་ཁང་ནང་དུ་ཁུར་དགོས་ཞེས་བཀའ་བཏང་སོང་། སྐབས་དེར་གཡོག་མོས་སྲས་མོ་ཡར་འགྱོག་སྐབས་ཕར་བལྟས་ཚོད་ལ་ཆེ་ཆུང་གི་ཁྱད་པར་ཆེན་པོ་ཞིག་མི་འདུག ཡིན་ན་ཡང་ཁུར་མི་ཐུབ་ཟེར་དབང་མེད་པར་ཁུར་དགོས་པ་ནི་དཔོན་དང་གཡོག་གི་འབྲེལ་བ་རེད།
གཡོག་མོ་ཆུང་དུ་དེའི་ལས་ཀ་ནི་ཞོགས་པར་ཁྱིམ་བདག་ནང་མི་མགྲོན་པོ་ཡོངས་རྫོགས་ལ་ཞོགས་ཟས་སྟ་གོན་བྱས། དེ་ནས་ཐབ་ཚང་ནང་དུ་ལངས་ནས་མི་སུ་སླེབས་ལ་བཟའ་བཏུང་སྤྲད། ཁྱིམ་ཀྱི་ཁང་མིག་ཡོངས་རྫོགས་དང་ར་སྐོར་བཅས་གཙང་མ་བྱ་བ། ཉིན་གུང་གི་བཟའ་བཏུང་སྟ་གོན་བྱ་བ། དེ་ནས་ཁྱིམ་བདག་མགྲོན་པོ་སུ་ཡོད་ཚང་མར་ཉིན་གུང་གི་བཟའ་བཏུང་དྲངས། དེ་ནས་ཁྱིམ་བདག་དང་མགྲོན་སོ་སུ་ཡོད་ཀྱི་གྱོན་ཆས་དྲེགས་པ་ཅན་ཡོངས་རྫོགས་ལག་པས་བཀྲུས། གདངས་ལ་བཀལ་ནས་བསྐམ། སྟེབས་རྩིགས་བྱས། རང་རང་སུ་ལ་དབང་བའི་གནས་སུ་སྐྱེལ་དགོས། འབྱོར་ལྡན་ཁྱིམ་ཚང་འདིས་གྱོན་ཆས་འཁྲུད་འཁོར་ཞིག་ཉོ་མི་ཐུབ་པ་མིན་མོད་གཡོག་མོ་ཡོད་སྟབས་ཉོ་མ་དགོས་པ་རེད། ཁྱིམ་བདག་གི་”སྲས་དང་སྲས་མོ་”ཚོ་སློབ་གྲྭར་འགྲོ་བའི་གྲ་སྒྲིག་གིས་སློབ་གྲྭའི་ཕེབས་འཁོར་སླེབས་པའི་ས་མིག་དེར་བསྐྱལ་ནས་ཕེབས་འཁོར་ནང་དུ་འཇུག་འགོས། “སྲས་སྲས་མོ་ཚོ་”ཚུར་སླེབས་སྐབས་ཁོང་ཚོའི་གཟུགས་པོ་བཀྲུ་རོགས་དང་གྱོན་ཆས་བརྗེ་བ། ཕྱི་དྲོར་དགོང་ཟས་སྟ་གོན་སོགས་ཀྱང་དུས་ཐོག་ཏུ་བྱས། དགོང་མོར་ཁྱིམ་དེའི་མི་ཚང་མ་ཉལ་སར་སོང་རྗེས་སུ་གཞི་ནས་ཐབ་ཚང་གི་རྡོ་གཅལ་སྟེང་དུ་རྩ་སྟན་ཞིག་བཏིངས་བའི་སྟེང་དུ་ཉལ་ཆོག་གི་ཡོད་འདུག མདོར་ན་བུ་མོ་འདི་སྔ་མོར་ཡར་ལངས་པ་ནས་མཚན་དཀྱིལ་མར་ཉལ་བའི་བར་དུ་ངལ་གསོའི་དུས་ཚོད་གཏན་ནས་མེད།
བལ་ཡུལ་གྱི་བོད་མིའི་ཁྱིམ་ཚང་ལ་ལས་གཡོག་པོ་གཡོག་མོར་ཟླ་བ་རེར་བལ་སྒོར་བརྒྱ་ཉིས་བརྒྱ་རེ་ཙམ་སྤྲོད་སྲོལ་ཡོད་ཟེར་མོད། ཁྱིམ་ཚང་འདིས་གཡོག་མོར་གླ་ཆ་ཟེར་བའི་དངུལ་གྲངས་ཚད་ཀྱིས་བཅད་པ་ཞིག་སྤྲོད་སྲོལ་མེད། ཁྱིམ་ཚང་དེར་བསྡད་ཕྱིན་ཁྱིམ་ཚང་དེ་ནས་བཟའ་བཏུང་སྤྲོད། ཁྱིམ་ཚང་དེའི་བུད་མེད་ཚོའི་གྱོན་ཆས་རྙིང་པ་རེ་སྤྲོད་པའམ་རིན་གོང་དམའ་ཤོས་ཀྱི་གྱོན་ཆས་ལུས་ལ་བགོ་རུང་ཙམ་རེ་ཉོ། ཁྱིམ་བདག་གིས་ཅི་གསུངས་བསྒྲུབས་པའི་གཡོག་མོ་ཡག་པོ་ཞིག་ཡིན་ན་ལོ་ཁ་ཤས་ཀྱི་རྗེས་སུ་ཕྱིར་ལོག་ཉིན་”རྔན་པ་ཡག་པོ་”ཞིག་སྤྲོད་ཟེར་སྲོལ་འདུག རྔན་པ་ནི་ཁྱིམ་ཚང་དེའི་བུད་མེད་ཚོའི་གྱོན་ཆས་བེད་སྤྱོད་བྱས་ཟིན་པ་སྒྱེ་གང་དོ་རེ་དང་བལ་སྒོར་སྟོང་ཕྲག་གཅིག་ནས་ལྔ་དྲུག་གི་བར་ཙམ་རེད།
ཁྱིམ་བདག་གིས་བུ་མོ་དེ་འགྲོ་བ་མི་འདྲ་མཉམ་གྱི་རྣམ་འགྱུར་བསྟན་ནས་སྐད་ཆ་ཤོད་སྲོལ་མེད། ནམ་ཡིན་ཡང་སྐད་མགོ་མཐོན་པོ། གདོང་གཤིས་གནག་པོ། སྐད་གདངས་དྲག་པོ། བརྗོད་ཚིག་རྩུབ་པོ་ཤ་སྟག་ཤོད། ལས་ཀ་ལ་མ་མགུ་བའམ་ཁྱིམ་བདག་རང་ཉིད་ཀྱི་སྣང་བ་མི་སྐྱིད་ཉིན་བྱིས་པ་གཡོག་མོ་དེར་འགྲམ་ལྕག་རྒྱག་པར་འཛེམས་ཟོན་གཏན་ནས་མེད། དེ་ནི་རྒྱུན་དུ་ང་ཚོས་ཀྱང་མཐོང་ནུས་པ་ཞིག་ཡིན། མཚམས་མཚམས་སུ་རྡོ་དབྱུག་བསྣུན་པ་སོགས་བཅར་རྡུང་དྲག་པོ་ཡང་བྱེད་ཀྱིན་འདུག ཁྱིམ་དེའི་བུད་མེད་དང་བྱིས་པ་ཕར་ཞོག མགྲོན་པོ་ཆ་རྒྱུས་ཅན་ཚོས་ཀྱང་གཡོག་མོ་ལ་འགྲོ་བ་མི་འདྲ་མཉམ་གྱི་རྣམ་འགྱུར་ཞིག་སྟོན་སྲོལ་མི་འདུག
ཐོག་མར་མ་ཡ་ངས་མཐོང་དུས་བྱིས་པ་ཞིག་རེད། རིམ་གྱིས་ནར་སོན་ནས་ལོ་ན་བཅོ་ལྔ་བཅུ་དྲུག་ལ་སོན་པའི་མོ་གཞོན་དར་མ་ཞིག་ཏུ་གྱུར་འདུག མོ་ལ་གྱོན་ཆས་གསར་པ་མེད་ཅིང་བཞིན་རས་མཛེས་བཟོའི་བྱུག་རྫས་མེད་མོད་རང་བཞིན་གྱིས་དཀར་ལ་དམར་མདངས་ཆགས་པའི་བཞིན་རས་དང་མཉེན་ལྡེམས་གྱི་སྐྱེ་གཟུགས་ལ་མཛེས་མའི་མཚན་ཉིད་ཚང་བ་ཞིག་རེད། ཁྱིམ་ཚང་དེའི་བྱིས་པ་ཚོར་སློབ་ཚན་ཟུར་ཁྲིད་དགེ་རྒན་དང་ཡིག་སྐུར་འབྲི་བ་སོགས་ཀྱི་ལས་ཀ་བྱེད་མཁན་བོད་མི་ལོ་ན་ལྔ་བཅུའི་ནང་དུ་སོན་པ་ཞིག་ཡོད། མི་རྒན་དེས་ནམ་ཡིན་ཡང་ཁྱིམ་བདག་མེད་པའི་དུས་སུ་བུ་མོ་དེ་ལ་ལག་པས་རེག་པ་དང་ཆགས་གཏམ་གླེང་བའི་གོ་སྐབས་འཚོལ་གྱིན་འདུག ད་དུང་རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་པ་ཞིག་ནས་ཡོང་བའི་གྲྭ་བ་ཞིག་ཁྱིམ་ཚང་དེར་ཟླ་བ་ཁ་ཤས་རེར་སྡོད་ཀྱིན་འདུག གྲྭ་བ་དེ་བལ་ཡུལ་དུ་འདུག་དུས་ཕལ་ཆེ་བར་གྲྭ་ཆས་མི་གྱོན་ཞིང་མཚམས་མཚམས་སུ་ཁྱིམ་ཚང་དེར་ལས་ཀའི་རོགས་ཅུང་རེ་ཡང་བྱེད། གྲྭ་བ་དེས་ཀྱང་གཡོག་མོ་དེར་ཚུལ་མིན་ཆགས་སྤྱོད་ཀྱི་དགོས་འདུན་འདོན་པ་དང་རྣམ་འགྱུར་སྟོན་བཞིན་པ་ཐེང་རེ་འགའ་མཐོང་མྱོང་། དེ་དང་དེ་ལྟ་བུར་གཡོག་མོ་དེ་ནི་ཁྱིམ་ཚང་དེའི་ཚུལ་མིན་ཆགས་སྤྱོད་ཀྱི་གནོད་འཚེ་ཕོག་ཡུལ་དུ་ཡང་གྱུར་འདུག
འདི་ནི་དཔེ་མཚོན་གཅིག་ཁོ་ན་ཡིན། བལ་ཡུལ་གྱི་བོད་མི་ཚོས་ཡུལ་མིའི་བྱིས་པ་གཡོག་པོར་ཉར་བ་ཙམ་མ་ཡིན་པར་དེ་དག་བཀོལ་སྤྱོད་བྱེད་སྟངས་དེ་ནི་སྙིང་ལ་ན་ཟུག་སློང་བའི་གདོལ་སྤྱོད་ཅིག་རེད། ངས་མཐོང་བ་ཁོ་ན་ཡང་འདི་ཙམ་དུ་མ་ཟད་པར་ཆེས་མང་པོ་ཡིན་ན་མ་མཐོང་བ་ནི་དེ་ལས་ཀྱང་མང་བ་ཞིག་ཡིན་པར་ཐག་གིས་ཆོད། བོད་མིའི་ཡ་རབ་བཟང་སྤྱོད་ནི་འཛམ་གླིང་སྤྱི་ཚོགས་ཀྱི་མིག་དཔེར་འོས་ཚུལ་དང་བྱང་ཆུབ་སེམས་དཔའི་ལམ་ལ་སློབ་པ་སོགས་ཁ་ཕོ་ཆེན་པོ་དེ་ཚོ་འདོན་མཚམས་བཞག་ནས་ཐོག་མར་ཡུལ་གྱི་སྲིད་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡང་འགལ་བའི་སྤྱོད་ངན་འདི་རིགས་མཚམས་འཇོག་ཐབས་རེ་གནང་ན་ཆོས་སྲིད་གང་ཐད་ནས་ཕན་པ་ཆེན་པོ་ཡོད་པར་ངེས་སོ།།
ཆ་ཚང་བཀླགས་ཡིན། བོད་མིས་ཡུལ་མི་གཡོག་པོ་ཉར་ཡོད་ན་བརྒྱ་ཆ་བརྒྱད་བཅུའི་རང་བཞིན་འདི་འདྲ་རེད་ཅེས་བརྗོད་ཆོག
ད་ཡང་མེ་དཀར་བོད་པ་རྫུན་མ་བོད་པར་སྡང་ཟེར་ཀྱང་ཟེར་དུ་ཆུག བརྗོད་འདོད་པ་ནི་འདི་སྟེ་བོད་པ་ཡ་རབས་ཡོད་ཅེས་༧གོང་ས་བླ་མས་ནམ་ནམ་གཞར་གཞར་ལ་འཛམ་གླིང་གི་མི་མང་མདུན་བཀའ་སྩལ་མོད། ཚུར་ཕྱོགས་ནས་ང་ཚོས་ཀོ་ཐག་ཀློད་སྟངས་འདི་ཧ་ཅང་ཉེན་ཁ་ཆེན་པོ་དེ་འདྲ་རེད། ཚང་མས་རང་གིས་རང་ལ་ཞུ་དག་གཏོང་དགོས་པ་འདུག་སྙམ།
སྤོབས་མཐའི་རྩོམས་ཆ་ཚང་བཀླགས་ཡིན་མ་ཟད་བདེན་པ་བདེན་རྐྱང་བཤད་འདུག ངས་ཀྱང་དེ་འདྲ་མང་པོར་མཐོང། གྲུམ་ཐགས་འཐགས་མཁན་ཀྱང་དེ་བཞིན་རེད་སྦྱིན་བདག་ཕལ་མོ་ཆེ་བོད་པ་རེད། ཁོང་ཚོར་གླ་ངན་ནི་འདི་ཡིན་ཞེས་མེད། དེར་རྟེན་ལོ་བཅུ་ཙམ་ག
ལོ་བཅུ་ཙམ་གྱི་གོང་དུ་འཛམ་གླིང་རྒྱལ་སྤྱི་ཡི་བྱིས་པའི་ཚོགས་པ་ནས་ཞིབ་འཇུག་བྱས་པ་བརྒྱུད་བལ་སྡོད་བོད་མི་ཚོས་གྲུམ་གདན་དེ་རིགས་ཁྲིམས་འགལ་ཡིན་ལུགས་སྒྲོགས་ཏེ་ཕྱི་རྒྱལ་ན་ཉོ་མཚམས་བཞག་པ་རེད། ་
སྐད་ཆ་མང་ཆེ་པ་བདེན་པ་རེད།
ང་ཡང་ལོ་མང་པོ་རིང་བལ་ཡུལ་དུ་བསྡད་པ་ཡིན།
ཡིན་ནའི་སྐད་ཆ་ཁ་ཤས་བདེན་པ་མ་རེད།
མ་རྩ་བལ་ཡུལ་གྱི་བོད་པས་ས་གནས་བལ་པོའི་བྱིས་པ་གཡོག་པོར་ཉར་བ་འདི་ཙམ་དུ་མ་ཟད་བོད་མིའི་ནང་ཁུལ་ལ་ཡང་གདོལ་སྤྱོད་དེ་འདྲ་བྱེད་མཁན་ཡོད་པ་འདྲ། དཔེར་ན། ལོ་ཤས་སྔོན་ང་རྡོ་རྗེ་གླིང་ནས་འོངས་པའི་སྐྱེས་པ་ལོ་དྲུག་ཅུ་ཡས་མས་ཟིན་པ་ཞིག་དང་འཕྲད་སོང་། མི་དེས་རྡོ་རྗེ་གླིང་གི་ས་གདན་འཐགས་ས་ཞིག་ལ་ལས་ཀ་བྱེད་ཀྱིན་ཡོད་ཟེར། བཟོ་གྲྭ་དེ་རྒྱལ་ལོ་དོན་གྲུབ་ཀྱི་བུ་ཞིག་དང་འབྲེལ་བ་ཡོད་པ་ཡོད་པ་ཞིག་རེད་ཟེར། ཟླ་རེར་གླ་ཆ་ཧིན་སྒོར་རུ་པུའུ་ལྔ་བརྒྱ་རེ་མ་གཏོགས་མེད་ཟེར། དེ་བདེན་པ་ཡིན་ན་དཔེ་བསགས་པ་མ་རེད་པས། སྐལ་ཆད་ཚོ།
བདེན་རྫུན་དང་ཡག་ཉེས་ཕྱོགས་གཉིས་ཀ་མཐོང་གལ་ཆེ། བོད་མི་ཕྱུགས་པོས་བལ་ཕྲུག་ཚེ་གཡོག་ལ་བཀོལ་བ་ནི་ཆོས་དང་སྲིད་འཛམ་གླིང་གི་་འཁྲིམས་དང་རྒྱལ་བ་་ཡིད་བཞིན་ནོར་བུ་དགོངས་པ་དང་འགལ་བ་ཞིག་རེད་ལ་བོད་པའི་མཚན་མཐོང་ལ་ཡང་གནོད་པས་དྲ་གྲོགས་ཚོས་་དེ་ཚོའི་མིང་དང་ལོ་རྒྱུས་སོགས་དྲ་རྒྱར་བཀོད་ན་ཕན་ཐོག་ཆེ། ཡང་བོད་མི་སེམས་བཟང་ཅན་འགས་བལ་ཕྲུག་ལ་རོག་རམ་བྱེད་པ་ཡང་མི་ཉུང། ནི་འུ་ཡོག་བདེ་སྐྱིད་ཉིན་སློབ་Diki day care ph-718-278-1570 ཀྱི་བདག་མོ་ཉི་ཆར་བལ་ཡུལ་ལ་་ཨ་ཕ་ལ་ཐུག་འཕྲད་ཕེབས་དུས་བལ་་ཕྲུག་ཨ་མ་སྨྱོ་མ་དང་ཟས་གོས་གང་ཡང་མེད་པར་གསང་ལམ་དུ་འགྲོ་མཁན་ཞིག་བལ་ཡུལ་སློབ་གྲ་ལ་བཞག་ནས་ཟས་གོས་སྡོད་ཁང་ཡོངས་རྫོགས་སློབ་གྲ་་ནར་གཏོང་ཆེད་སྦྱིན་་བདག་བྱེད་བཞིན་ཡོད་པ་ང་ཡི་གྲོགས་པོ་ཞིག་གི་རྒྱུད་ནས་གསལ་པོ་དང་བདེན་པ་ཧ་གོ་བྱུང་། ད་དུང་ཡང་ཉིན་སློབ་ཀྱི་བདག་པོ་བཟང་ཟླ་ཟུང་ནས་རྡོར་གདན་རྒྱ་གར་བ་ཕྲུག་གུ་སྐྱོ་པོ་མང་པོ་ཞིག་སློབ་གྲ་འགྲོ་རྒྱུའི་ཆེད་སྦྱིན་བདག་བྱེད་བཞིན་ཡོད་པ་གྲོགས་པོའི་ཁ་པར་ཐོག་གོ་བྱུང་། ངས་གྲོགས་པོས་གསུང་གསལ།་ལ་་ཁོང་བཟང་མི་གཉིས་ཕྱོགས་པོ་དེ་མ་རེད་ལ་ལས་ཀ་དཀའ་་ལས་ཆེན་པོ་རྒྱབ་བཞིན་ཡོད་རེད་ལབ་བྱུང་ དེ་མིན་བལ་ཡུལ་ལ་བལ་ཕྲུག་སློབ་གྲ་ལ་འགྲོ་སོང་གཏང་མཁན་མི་ཉུང་བ་ཞིག་ཡོད་པ་གོ་བྱུང།
སྤོབས་པས་ད་ལན་དངོས་ཡོད་གནས་ཚུལ་གྱི་སྐད་ཆ་ཞིག་བཤད་སོང་རྒྱབ་སྐྱོར་ཞུ། ངས་ཀྱང་ལོ་མང་སྔོན་ནས་བལ་ཡུལ་དང་རྒྱ་གར་གྱི་བོད་པའི་གཞིས་ཆགས་ཁག་ནང་ཡུལ་མི་གཡོག་པོར་ཉར་བ་དང་། གཡོག་པོ་དེ་དག་འགྲོ་བ་མི་ལྟ་བུའི་འདུ་ཤེས་མི་བཟུང་བ་ནི་ཡོངས་གྲགས་ཡིན་པ་མཐོང་མྱོང་ཡོད།
ངས་མཚམས་མཚམས་སུ་བོད་པའི་རྒྱུད་ལ་ཡོད་པའི་གཅིག་གཅིག་མིག་མིག་གི་སྙིང་རྗེ་དེ་ནི་རང་གི་ཕྱོགས་གཏོགས་ལ་མ་གཏོགས་ཁྱབ་མི་ཐུབ་མཁན་ཞིག་རེད་དྲན་མྱོང་ཡོད།
་་་་་ དེ་དང་དེ་ལྟ་བུར་གཡོག་མོ་དེ་ནི་ཁྱིམ་ཚང་དེའི་ཚུལ་མིན་ཆགས་སྤྱོད་ཀྱི་གནོད་འཚེ་ཕོག་ཡུལ་དུ་ཡང་གྱུར་འདུག ་་་་་ཟེར།
དེ་ཚོའི་རིགས་འཛམ་གླིང་གི་ཁྲིམས་སྡེ་ཚོགས་པ་ཆེ་ཆུང་ལ་མཆུ་སྐྱལ་ཐུབ་ན་ཕན་ཐོག་ཆེན་པོ་ཡོད་པ་རེད། མི་རིགས་འདྲ་མཉམ་དང་ཉམ་ཆུང་བྲན་གཡོག་ནས་སྐྱོབས་པ་ནི་ཚང་མ་ལ་ཡོད་པའི་ལས་འགན་ཡོལ་དུ་མེད་པ་ཞིག་ཡིན། སྙིང་རྗེ་ཡི་རྩ་བ་ཡོད་ནི་ཞིག་ཡིན་ན། རིག་བཞིན་དུ་མ་ཤེས་མ་གོ་ལ་བཞག་པ་ནི་མྱི་རི་མི་བྲོ་བའི་འགྲོ་བ་ཐབས་ཆག་ཞིག་ལས་ཅི་ཡང་མེད།
ཁྱིམ་ཚང་ཆེན་པོས་གཡོག་ལས་བཀོལ་སྟངས་མཐོང་མྱོང་མེད་ནའང་། རྒྱ་གར་ནང་ལ་མཚོན་ན་བོད་པས་རྡོར་གདན་ཕྱོགས་ཀྱི་མི་ཚང་སྐྱོ་བའི་རིགས་ཀྱི་ཁྱིམ་བདག་ལ་འབྲེལ་གཏུགས་ཀྱིས་གླ་ཆ་ཆུང་ཆུང་གིས་བུ་ཕྲུག་མང་པོར་བོད་པའི་ཟ་ཁང་གང་སར་ཁྲིམས་འགལ་གྱིས་གཡོག་ལས་ཉར་བ་གང་སར་མཐོང་རྒྱུ་ཡོད། འདི་དག་ལའང་འདི་ཡིན་དེ་ཡིན་གྱི་གཏན་འཁེལ་བའི་གླ་ཆ་ཞིག་རྩ་བ་ཉིད་ནས་མེད། ལས་ཀ་ཆ་བཞག་ནའང་ཡར་ལངས་པ་ནས་དགོང་དྲོ་མ་ཉལ་བར་དུ་བཀོལ་རྐྱང་ཡིན།
སྤྱིའི་ཆ་ནས་གུན་ཁྲན་ཏང་གིས་བཙན་བྱོལ་བོད་མི་དམངས་ལ་བཀའ་བཀོད་རྒྱུད་འཛིན་གྱི་བྲན་གཡོག་ཞིང་ཕྲན་ལས་ལུགས་པ་རེད་ཟེར་ནས་འཛམ་གླིང་ཐོག་ཏུ་བསྒྲབས་བསྡད་པ་རེད། ཨ་རི་སྲིད་འཛིན་ཨོ་བྷ་མ་འོས་ཐོབ་ནས་རྒྱ་ནག་ལ་ཕེབས་སྐབས་སུ་རྒྱ་གཞུང་གི་དཔོན་རིགས་ཚོས་གུན་ཁྲན་ཏང་བྲན་གཡོག་ལམ་ལུགས་རྩ་མེད་གཏོང་མཁན་གྱི་སྲིད་གཞུང་ཡག་པོ་ཞིག་ཡིན་མདོག་དང་། ཨོ་བྷ་མ་ལགས་ཨ་རི་བའི་མི་རིགས་ནག་པོའི་བྲན་གཡོག་རིགས་རྒྱུད་ཡིན་དུས་ཉམས་མྱོང་གིས་ཆ་ནས་གུན་ཁྲན་ཏང་ལ་བལྟ་སྟངས་ཡག་པོ་ཡོད་དགོས་མདོག་བཤད་སོང་།
བཙན་བྱོལ་བོད་མི་ཚོས་རྒྱལ་སྤྱི་ཁྲིམས་དང་འགལ་བའི་བལ་པོའི་མི་སེར་བྲན་གཡོག་བྱས་ཀྱི་ཟེར་དུས་བཙན་བྱོལ་བོད་མིའི་ཐོག་ཏུ་གྱོད་གཞི་ཆེན་པོ་ཞིག་བཙུགས་འདོད་ཡོད་པའི་ཟོལ་དང་། རྡོ་བལ་གྱི་ནང་དུ་སྒྲིལ་ནས་རྡུང་སྟངས་འདྲ་གཅིག་མཐོང་གི་འདུག
སྤྱིའི་ཆ་ནས་ཉེས་མེད་བོད་མི་ཚོའི་ཐོག་ཏུ་ཏང་གི་གསར་བརྗེ་བ་ཚོས་ཉེས་མིང་བཀལ་བ་ཉུང་ཉུང་མིན། འཛམ་གླིང་འདིའི་ཐོག་ཏུ་ནང་ལས་བྱེད་མཁན་དང་། ཕྲུ་གུ་བལྟ་མཁན། མིང་གི་ཁྱད་པ་ཙམ་ལས་གཡོག་མོའི་ལས་ཀ་བྱེད་མཁན་ནུབ་ཕྱོགས་ཨ་རི་དང་ཡུང་རོབ་སོགས་ལ་བོད་པའི་བུད་མེད་མང་པོས་ལས་ཀ་བྱེད་བཞིན་པ་རེད། ནུབ་ཕྱོགས་རྒྱུ་བདག་རྣམས་དང་ཁ་ལག་མཉམ་ཟ་མཉམ་འཐུང་ཡིན་ཚོད་མ་རེད། བོད་ཁྱིམ་ཞིག་གི་ནང་དུ་ནང་ལས་བྱེད་མཁན་དང་ཕྲུ་གུ་བལྟ་མཁན་ཞིག་ལ་མིའི་རང་དབང་མི་འདུག་ཟེར་བ་ནི་བདེན་གཏམ་ཞིག་ཏུ་མི་སེམས།
རང་ཡུལ་རྒྱ་ལག་ཏུ་ཤོར། རང་མི་བཙོན་དུ་བཅུག བཙོན་འོག་ཏུ་བྲན་གཡོག་ལས་སྡུག་བའི་ལས་ཀ་བྱས་བཅུགས་ཀི་ཡོད་པའི་སྐོར་དུ་གླེང་རྒྱུ་མེད་པར་བོད་མིས་རྒྱ་གར་དང་བལ་པོའི་སྤྲང་ཕྲུག་རྣམས་ལྟོ་གོས་དང་། ཉམ་ཐག་པའི་ཕ་མ་ནང་མི་ལ་ཕན་པའི་གླ་ཆ་སྒོར་རྡོག་རེ་གཉིས་སྤྲད་ནས་རང་གཞན་གཉིས་ཕན་གྱི་བྱ་བ་དེ་ལ་བྲན་གཡོག་ཅེས་མིང་ཆེན་པོ་ཞིག་བཏགས་ས་ཅང་ཨེ་ཡོད་ན་བསམས་ཀྱི་འདུག་གོ
བལ་པོའི་གྲོང་གསེབ་པའི་བུ་མོ་བོད་པའི་ནང་ལས་བྱེད་མཁན་རྣམས་བོད་མིའི་ཁྱིམ་ཚང་ཞིག་གི་ནང་དུ་ཟླ་བ་གསུམ་བཞི་ཙམ་བསྡད་ཚར་རྗེས་སུ་རང་ཁྱིམ་དུ་ལོག་ནས་སྡོད་ཐུབ་ཀྱི་མི་འདུག ཅིའི་ཕྱིར། བོད་མི་སྐྱོ་པོ་ཞིག་གི་ལྟོ་དང་བལ་པོ་ཕྱུག་པོ་ཞིག་གི་ལྟོ་ལ་ཁྱད་པ་མེད།
བོད་པའི་ཁྱིམ་ཚང་ནང་དུ་ལྟོ་ཞིམ་པོ་ཟ་ཡ་རག་གི་ཡོད་དུས་བལ་པོའི་བུ་མོ་རྣམས་རང་ཁྱིམ་དུ་ལྟོ་གི་མི་འགྲིག་པ་ཆགས་འགྲོ་གི་ཡོད་པར་དངོས་ཡོད་གནས་ཚུལ་རེད། ལྟོ་ཞིམ་པོ་ཟ་རྒྱུ་རག་པས་རྟགས་རེད། མ་ཟད་མི་ཚེའི་མདུན་ལམ་ཡག་པོ་ཆགས་པ་ཡང་གང་མང་མཐོང་གྱི་ཡོད། དེ་འདྲ་ལ་གཡོག་ནག་ཅེས་མིང་བཏགས་ན་འགྲིག་གི་མ་རེད་འདོད།
སྤྱིའི་ཆ་ནས་གྲོང་གསེབ་པའི་བུ་མོ་རྣམས་ཀྱིས་འདོད་མོས་རེད་ལ། ཕ་མ་གཉིས་ཀྱིས་མོས་མཐུན་བྱུང་ནས་བསླེབས་པ་རེད་མ་གཏོགས་བཙན་དབང་གཅིག་ཀྱང་ཡོད་མ་རེད། སྐད་ཆ་བཤད་དུས་མཇུག་འབྲས་ལ་བསམ་བློ་བཏང་ནས་གསུང་ན་བོད་རིགས་མི་ལ་ཕན་ཐོགས་ཆེ་བ་མེད་འགྲོ་བསམས་ཀྱི་འདུག བལ་པོའི་རྒྱལ་ཁབ་དང་བལ་པོའི་བོད་མི་སྐྱབས་བཅོལ་བའི་བར་གྱི་གནས་སྟངས་ཐབས་སྡུག་འདི་འདྲ་ཡོད་པའི་སྐབས་སུ་གོ་སྐབས་ཟིན་ནས་མེ་ཐོག་སྣམ་བླུག་ན་འགལ་ཟླ་ཆེ་རུ་འགྲོ་གི་རེད་འདོད།
སྐྱག་པ་ཁྲིད་དགོས་ན་ཡང་ཁྲིམས་ཐོག་ན་གོང་ཚད་ཡོད་པའི་ལས་རིགས་ལ་གཡོག་ལས་མི་ཟེར།
བལ་པོའི་རྒྱལ་ཁབ་ཀྱི་ནང་དུ་རྒྱལ་ཁབ་ཀྱི་རྩ་མེད་བཟོ་ཐུབ་མེད་པར་ཁྱིམ་ལས་བྱེད་མཁན་ཚོའུ་ཆེད་དུ་ཁྲིམས་ཐོག་ནས་གོང་ཚོད་ཡོད་པ་ཞིག་ག་ནས་ཡོང་ཤེས་ཀྱི་རེད་དམ། ་གནམ་རྒན་མ།
ཅོ་རི་དགའ་བོ། ཅི་ཞིག་གསུང་གིན་ཡོད་པའི་ཡིག་རྩ་མ་ཆོད་ཐལ། ཁ་གསལ་གོ་བདེ་མེད་ན། རིག་པ་མི་རྒོད་པས་གོ་བ་ལ་དབྱིབས་ཚོད་ཙམ་ཙང་ཡང་བྱེད་ཐུབ་པ་མི་འདུག།
འདིའི་རྩ་བ་བོད་པས་ཆོས་བྱེད་སྟངས་འགའ་ཤས་རྨོངས་དད་ཡིན་པ་ར་སྤྲོད་བྱེད་བཞིན་ཡོད།
སྤོབས་པ་མཐའ་ཡས་གསུངས་པ་ལྟར་ཕྱོགས་གཅིག་ནས་མཆོད་ཁང་རྫིག་པོ་དེའི་ནང་གྲྭ་བ་བླ་མ་སོགས་གདན་འདྲེན་གྱིས་ཆོས་བྱེད། ཕྱོགས་གཞན་དེ་ནས་མི་ལ་ཁྲིམས་མེད་ལུགས་མེད་ཀྱིས་གཡོག་ལ་བཀོལ། ཁ་ནས་སྙིང་རྗེ་འདྲ་ཟེར་ཁུལ་གྱིས་དོན་ལ་སྙིང་རྗེ་རྩ་ནས་མེད་པའི་བྱེད་སྟངས་དེས་གཞི་རྩའི་བོད་པའི་ཆོས་པ་ཚོས་ཆོས་ཀྱི་ནང་དོན་འགྲེལ་བཤད་མི་རྒྱག་པར་ཁ་ནས་མིག་མིག་ཅིག་འདོན་པ་ལ་མགོ་འཁོར་བ་དེས་ལན་པ་ཡིན།
ལས་ཀར་མིང་ག་རེ་བཏགས་རུང་ཁྱད་པར་གང་ཡང་ཡོད་མ་རེད། ཡིན་ནའང་ལས་ཀའི་དུས་ཚོད་དང་གླ་ཆ་སོགས་གཏན་འཁེལ་བྱེད་དགོས་ངེས་རེད། ཕྱི་རྒྱལ་ལ་དེ་ལྟར་ཡིན་ཚོད་འདུག
མཆན་ ༡༠་ཅོ་རི་ཉི་མར་ལན་བརྒྱབ་པ་ཡིན།
བལ་ཡུལ་ནང་བོད་མི་སླེབས་ནས་ཕན་གནོད་གཉིས་ལས་ཕན་ཐོགས་ཆེ་བ་བྱུང་ཡོད། ཆུང་ཙག་གཡོག་ཁོལ་བྱས་པ་ཙམ་ཁ་ལ་ཁྱེར་ནས་ནག་བསུབ་གཏོང་ན་འགྲིག་གི་ཨེ་ཡོད། ལས་ཀ་གསར་བསྐྲུན་གྱི་ཆ་ནས་གྲུམ་གདན་བཟོ་གྲ་ཁག་ནང་ལས་ཀ་སྟོང་ཕྲག་མང་པོ་བསྐྲུན་ཡོད། ཤེས་ཡོན་ཆ་ནས་བོད་པའི་སློབ་གྲ་ཁག་ནང་ཧི་མ་ལ་ཡི་བལ་བོད་མཚམས་ཀྱི་གཞོན་སྐྱེས་མང་པོར་སླ྄ོབ་སྦྱོང་གོ་གོ་སྐལ་སྟོང་ཕྲག་མང་པོར་ཐོབ་ཡོད། སློབ་གྲའི་ནང་ལས་བྱེད་དང་དགེ་རྒན་དེ་ལ་བརྟེན་པའི་ཕྱི་རྒྱལ་རོགས་རམ་ཡོངས་རྫོགས་བལ་ཡུལ་གྱི་དཔལ་འབྱོར་རང་ལ་སྨིན་གཏོང་ཐུབ་ཡོད། དགོན་པའི་ནང་གྲ་པ་མང་པོ་བལ་ཡུལ་མི་སེར་རེད། དགོན་པ་འཛུགས་སྐྲུན་དང་དེའི་ནང་ལས་བྱེད་སོགས་མང་པ་ཞིག་གིས་བལ་ཡུལ་དུ་དཔལ་འབྱོར་ནང་འདྲེན་ག་ཚོད་བྱས་ཡོད།
སྡུག་ས་ནས་བཤད་ན། གུན་བྲན་གྱིས་ལྐོག་ཟའི་འོག་འཚོ་མཁན་དང་། བོད་པའི་ཐོག་ནས་གཡོ་དངུལ་ལེན་མཁན་དང་དངུལ་གྲངས་མེད་པ་དེ་ཚོ་རོང་པ་དེ་ཚོར་ལྟོ་གོས་ལ་ཕན་ཡོད། དེ་དང་དེ་བཞིན་གཅིག་དང་གཉིས་བྲིས་མི་ལོང་བ་ཡོད།
ཆབ་སྲིད་ཀྱི་ངོ་བོསི་ཆ་ནས་རྒྱལ་སྤྱི་དང་ཨ་རི་སོགས་ཀྱིས་ཤུགས་སྣོན་ཡོད་ནས་མ་གཏོགས་གུན་བྲན་གྱི་རྒྱུགས་ཁྱིའི་ངོ་བོ་རང་རེད། གྲོང་གསེབ་ལེན་པའི་ནང་ཁོལ་བ་དེ་ཚོར་ངོ་བོ་གང་ཞིག་ཡིན་རུང་ཁོ་རང་ཚོ་གྲོང་གསེབ་ནག་ཁུང་ནང་བསྡད་པ་ལས་དྲག་ག་རེད། གང་ལྟར་མདི་དོན་བལ་ཡུལ་གཞུང་གི་ངོས་ནས་བོད་པར་རོགས་སྐྱོར་འདི་བྱས་ཡོད་པ་དངོས་གནས་གོ་རྒྱུ་ཨེ་ཡོད། བལ་ཡུལ་ནང་བོད་པར་ལྟ་སྟངས་ཧ་ལས་པའི་སྐྱོ་པོ་རེད། བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་ཐེབས་ཅག་རེད། མ་གཞི་དེ་གའི་མི་སེར་ལ་ཡང་འདི་འདྲ་ཡིན་ན་སྙིང་རྗེ་ཁག་མེད་པ་ལྟ་བུ་རེད། སྙིང་དོན་བལ་ཡུལ་ནང་བོད་པར་ཆོས་སྲིད་གང་ཐད་ནས་ཐབས་སྐྱོ་པོ་རེད། བྱིས་པ་མང་པོར་གཡོག་སྐུལ་དང་ལྷན་འགྲོ་སྟངས་བཟོ་མཁན་ཡང་མང་པོ་རེད་སྙམ།
་་་་་ བལ་ཡུལ་ནང་བོད་པར་ལྟ་སྟངས་ཧ་ལས་པའི་སྐྱོ་པོ་རེད། བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་ཐེབས་ཅག་རེད། ་་་་ ཟེར།
ཨཕ་རི་ཀ་དང་རྒྱ་གར་བལ་ཡུལ་སོགས་ལ་ཟ་རྒྱུ་འཐུང་རྩ་བ་ཉིད་ནས་མེད་མཁན་གྱི་ནང་མིའི་བྱིས་པ་ལ་ལས་ཀ་ཙག་ཙིག་བྱེད་དུ་བཅུག་ནས་གློ་ཕོགས་ཉུང་ཉུང་སྤྲད་པ་ལ་ཚེ་གཡོག་རེད་ཅེས་ལབ་རྒྱུ་ཞེ་དྲགས་ཁག་པོ་རེད་སྙམ།
རིག་ལྡན་རྒྱལ་པོས་བཤད་པར་བདེན་གཏམ་རེད་བསམ་ཀྱི་འདུག སྔོན་མ་བོད་གདན་བཟོ་གྲྭ་རྣམས་ཚོང་ཡག་པའི་སྐབས་སུ་བཟོ་གྲྭའི་ནང་དུ་གདན་འཐག་བ་བལ་པོའི་ཕྲུ་གུ་མང་པོས་ལས་ཀ་བྱེད་ཀྱི་ཡོད་རབས་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་རབས་བཤད་ནས་གདན་ཚོང་མི་རྒྱུགས་མཁན་བཟོས་པ་རེད།
གདན་བཟོ་གྲྭའི་ཚོང་ལས་མི་རྒྱུགས་པ་ཆགས་ནས་བལ་པོ་གདན་འཐག་བ་རྣམས་ཀྱི་ལྟོ་གོས་བརླགས་སོང་བ་རེད། བོད་པ་རྒྱུ་བདག་ཚོའི་ཚོང་གི་ཁེ་ཕན་བརླབས་སོང་བ་རེད། ཕྲུ་གུ་ཚོས་ལས་ཀ་བྱེད་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་འདུག་ཟེར་མཁན་ཚོས་བལ་པོའི་ཕྲུ་གུ་ཚོ་སློབ་གྲྭར་བཏང་སོང་ངམ། བཏང་མེད་པ།
ཁོང་ཚོ་ལ་འཚོ་བའི་མདུན་ལམ་གཞན་སྤྲད་སོང་ངམ། མེད་པ། གྱོང་སུ་ལ་རག་པ་རེད། བོད་པ་བཟོ་གྲྭ་བ་དང་བལ་པོ་གདན་འཐག་བ་ཕྲུ་གུ་ཚང་མ་ལ་རག་པ་རེད། དཔེར་ན། དེ་རིང་སྐད་ཆ་གླེང་མཁན་སྤོབས་པ་ལགས་ཀྱིས་སྐད་ཆ་འདིས་བལ་པོའི་སྤྲང་ཕྲུག་ཚོའི་ལས་ཀ་རླག་སོང་ན་སྤོབས་པས་སྤྲོད་ཀྱི་རེད་དམ། མ་རེད་པྭ།
ཐབས་ཇུས་ཅན་ལགས། བོད་པ་ཟེར་བ་འདི་སྙིང་རྗེ་ཅན་ཞིག་ཡིན་པར་རྒྱལ་ཁབ་གཞན་དག་ཚོའི་མི་ཡིས་ངོས་ལེན་གནང་གི་འདུག བོད་ཁམས་ཁུལ་གྱི་འབྲོག་མཐའ་ཞིག་ལ་རྒྱ་མོ་ཨ་མ་ཞིག་གིས་ཕྲུ་གུ་ཆུང་ཆུང་ཞིག་གཡུགས་ནས་ཕྱིན་འདུག ཕྲུ་གུ་དེ་འབྲོག་པ་ཚོས་གསོ་བསྡད་བཞིན་འདུག
རྒྱ་མོ་ཨ་མ་དེས་རང་གི་ཕྲུ་གུ་འབྲོག་མཐའ་གཡུགས་བཞག་པ་ཡིན་ན་སྙིང་རྗེ་ཅན་གྱི་བོད་མི་ཚོས་གསོ་འགྲོ་བར་ཡིོད་ཆེས་ཡོད་པའི་རྟགས་རེད། སྐྱོ་པོ་ཉམ་ཐག་རོགས་རམ་བྱེད་མཁན་ཡག་ཤོས་འཛམ་གླིང་ཐོག་ཏུ་བོད་པ་རེད་འདོད།
དཔྱད་པ་མེད་པའི་རི་བོང་ཅལ་འདྲོགས་ཀྱི་དཔེ་རང་རེད། སྙིང་རྗེ་ཟེར་བ་དེ་ཁ་ནས་གྲངས་ཀ་བསོག་རྒྱུ་ཞིག་རེད་པས། དོན་ལ་གནས་པའི་ལན་གནང་རོགས་ཞུ་རྒྱུ་ཡིན་ཅོ་རི་ཉི་མ་ལགསསསསསསསསསསས
བལ་ཡུལ་ནང་བོད་པ་ཚོས་བལ་ཕྲུག་ཆུང་ཆུང་གཡོག་པོར་ཉར་ཡོད་པ་བདེན་པ་རེད། བལ་པོ་རང་གི་ཟ་ཁང་ནང་དང་། ཁྱིམ་ཚང་འབྱོར་ལྡན་ཚོས་ཀྱང་བལ་ཕྲུག་གཡོག་པོར་ཉར་ཏེ་གཡོག་ལས་བཀོལ་བཞིན་འདུག ད་དུང་རྒྱ་གར་ནང་འདི་འདྲ་ཤིན་ཏུ་མང་་་་
ཐབས་ཇུས་ཅན་ལགས། ཁས་ལེན་མེད་པའི་དགག་ལན་བརྒྱབ་མ་ཡོང་ཨ། སྙིང་རྗེ་ཟེར་བ་དེ་ཁ་ནས་གྲངས་ཀ་བསོག་རྒྱུ་ཞིག་རེད་ཅེས་ངས་བཤད་མེད་པ། ང་ཡང་རྨོངས་དད་ཟེར་བ་འདི་བོད་རྒྱལ་ཁབ་ཡར་རྒྱས་ཀྱི་འགག་རྡོ་དང་དམངས་གཙོའི་རང་དབང་ལོངས་སུ་སྤྱོད་མི་ཐུབ་པའི་དུག་ནད་ཤིག་རེད་བསམས་ཀྱི་ཡོད། རྨོངས་དད་བྱེད་མཁན་ལ་དགའ་པོ་རྩ་བ་ནས་མེད། ང་གཉིས་བསམ་ཚུལ་གཅིག་པ་རེད།
སྤོབས་པས་གྱོད་ཁ་ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་ཁྲིམས་དང་འགལ་རབས་བཤད་འདུག འདིར་མོས་མཐུན་ཐུབ་ཐབས་མི་འདུག་པས་ཅིག་བཤད་བསྡད་པ་ཡིན། ཆོས་ཕྱོགས་ནས་འགལ་ཟླ་འདུག་གསུངས་པ་ནི་ལོས་བདེན། བྱང་ཆུབ་སེམས་པ་གཡོག་མོ་བཞག་མཁན་འདྲ་མདོག་མ་རེད་བ་་་་་་་་ཧཧཧཧཧཧཧ
སྤོབས་པ་མཐའ་ཡས་གསར་བ་འདིས་རྒྱུ་མཚན་མེད་པའི་སྐད་ཆ་མང་བོ་ཞིག་བཤད་འདུག ཡིག་གེ་ཉག་ཉོག་རེ་འབྲི་ཤེས་པ་ཙམ་གྱིས་ཁ་ནས་གང་བྱུང་གི་གཏམ་སྨོས་ན་ངོ་རེ་གནོངས། གཡོག་པོ་ཟེར་ན་འདྲ་ལས་དཀའ་བ་ཟེར་ན་འདྲ། གླ་ཕོགས་ཡོད་ཀྱང་རུང་མེད་ཀྱང་རུང་། སུ་ཞིག་གིས་བཙན་གྱིས་བཀོད་སྤྱོད་བཏངས་བ་མིན་ན་འགྲིག་གི་རེད། ངས་བལྟས་ནས་བོད་པ་སུ་ཞིག་གིས་གཡོག་པོ་བཙན་གྱིས་བཀོད་སྤྱོད་གཏོང་མཁན་ཞིག་མི་འདུག་སྙམ། སོ་སོས་དང་ལེན་གྱིས་འཚོ་བའི་ཆེད་དུ་གཡོག་བྱེད་པ་ཡུལ་དུས་དང་མཐུན་པ་རེད། ལྟོ་མ་རེག་པར་ཤི་བ་ལས་ཁྱིམ་ཚང་འབྱོར་ལྡན་ཞིག་ལ་གཡོག་བྱེད་ས་རེག་ན་ལེགས་ཤོས་རེད། གཡོག་བྱེད་ས་ཐོབ་པ་ཡག་པོ་རེད། ང་རང་ཉིད་ལ་མཚོན་ན་ལྟོ་མ་རེག་པར་སྲང་ལམ་འགྲིམ་ནས་་སློང་མོ་བྱེད་པ་ལས་ཁྱིམ་ཚང་འབྱོད་ལྡན་ཞིག་ལ་གཡོག་བྱེད་ས་རེག་ན་སྐལ་བ་དང་ལྡན་པ་རེད། མདོར་ན་ཁྱོད་དྭ་གྲོགས་ཚོས་ཤེས་དགོས་རྒྱུ་ཞིག་ལ་བཙན་གྱིས་སྐུལ་བ་དང་དང་བླང་གཉིས་ཀྱི་ཁྱད་པར་ཤེས་རྒྱུ་གལ་ཆེན་པོ་རེད། བོད་པའི་སྤྱི་ཚོགས་ནང་ལ་བཙན་གྱིས་གཡོག་ཏུ་བཀོལ་བ་ཞིག་མཐོང་ཐོས་གང་ཡང་མ་བྱུང་།།
སྤོབས་པ་མཐའ་ཡས་ཟེར་བ་བཅོས་རོགས།
ཇི་སྲིད་དབུལ་ཕྱུག་མེད་པའི་འཇིག་རྟེན་ཞིག །
མ་བྱུང་དེ་སྲིད་དཔོན་གཡོག་ལམ་ལུགས་ཡོད། །
འགྲམ་ལྕག་ཡོད་དང་མེད་པའི་ཁྱད་པར་ལས། །
ཨ་རི་བལ་ཡུལ་གཉིས་ལ་ཁྱད་པར་མེད། །
སྐུ་གསུང་ཐུགས་རྟེན་ལ་དང་དོད་གནང་བ་ནི། ཞིང་གི་མཐུ་ལ་བརྟེན་པའི་དགེ་བ་གསོག་ཡས་ཡོད། ཡག་པོ་རེད། ཡང་ནང་པའི་ཆོས་དངོས་གནས་འདི་རེད་དམ་ཞེ་ན། འདི་ཁྱོན་ནས་མ་རེད། དད་པ་ཡིན་ཚད་རྨོངས་དད་མ་རེད་ལ། བོད་པས་ཕྱག་འཚལ་མཆོད་འབུལ། མཆོད་བཤོམས་ཀུན་དགའ་ར་བ་འགྲོ་གྲོན་རྒྱས་སྤྲོས་དེ་དག་སེམས་ངན་བཅངས་པ་ལས་སེམས་བཟང་བཅངས་མཁན་ཁྱོན་ནས་མེད་ཟེར་ན་ཧ་ཅང་ཐལ་ཆ་རེད། གུན་བྲན་ནས་སྐུ་གསུང་ཐུགས་རྟེན་རྡོག་བརྫིས། མེར་བསྲེགས། གཏོར་བཅོམ་གྱིས་རྩར་མེད་བཟོ་གཡོ་ངན་བཤམས་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
ཆོས་ལ་རྗེས་སུ་འབྲངས་བར་ངེས་པར་དད་པས་ཡིན་མི་དགོས་ལ། ངེས་པར་རིགས་པས་ཀྱང་ཡིན་མི་དགོས། རིགས་དད་སོ་སོ་དང་རིགས་དད་ཟུང་འབྲེལ་ཅེས་སྣ་ཚོགས་ཡོད། ཟབ་མོ་སྟོང་ཉིད་ཟབ་ཟབ་མོ་ཡིན་པས། རེ་ཞིག་དད་པས་ལས་འབྲས་དང་དཀོན་མཆོག་ལ་དད་ཞུ་ཡས་ཡོད་ལ། འདི་ང་ཚོའི་ཁེ་ཕན་དང་ཆོས་ལ་བརྟེན་པའི་རིག་གཞུང་ཞིག་བརྗོད་རུང་བ་ཡིན།
བལ་ཡུལ་ནང་བོད་པ་ཚོ་རྫིག་པ་ཡོད་ཕྱུག་པོ་ཡོད་ན་འགྲིག་པ་རེད། གུན་བྲན་ནས་བོད་མི་སྐྱབས་བཅོལ་བ་ཚོ་འཚོ་བ་དང་གང་ཅི་སྐྱོ་པོ་རེད་ཅེས་པར་ལན་རེད་སྙམ།
བོད་པ་རང་ཉིད་ནས་སྐུ་གསུང་ཐུགས་བཞེངས་རྒྱུའི་མཚོན་དང་དོད་མ་བྱས་ན། གུན་བྲན་ནས་བོད་ཀྱི་གཏེར་ཁ་རྒྱུ་ནོར་ཡོངས་རྫོགས་རྐུན་ཇག་དབོར་འདྲེན་བྱས་ནས་བོད་ཡུལ་ལྤགས་བཤུས་བྱས་པ་ཙམ་དུ་མ་ཟད། ཆོས་རིག་ལ་སྡང་ཟུག་གཏོར་བཅོམ་བྱེད་དུས་ཕྱི་ལ་བརྟེན་པའི་རིག་གཞུང་བདག་གཅེས་རྒྱུན་འཛིན་ངེས་པར་བྱ་དགོས་པ་ཡང་ཡོད།
་་་་ བལ་ཡུལ་ནང་བོད་པ་ཚོ་རྫིག་པ་ཡོད་ཕྱུག་པོ་ཡོད་ན་འགྲིག་པ་རེད། གུན་བྲན་ནས་བོད་མི་སྐྱབས་བཅོལ་བ་ཚོ་འཚོ་བ་དང་གང་ཅི་སྐྱོ་པོ་རེད་ཅེས་པར་ལན་རེད་སྙམ། ་་་་ཟེར།
གནས་ཚུལ་ཞིབ་ཚགས་པོ་དང་རྒྱུས་མངའ་ཡོད་པའི་གཟོལ་ལ་བལྟས་ན་ལྷོ་ཕྱོགས་ནས་ཡོང་ཟེར་བའི་གྲ་གཟུགས་དེ་ཁྱོད་རང་མ་ཡིན་ནམ་སྙམ་པ་ཞིག་འདུག་གདའ། རང་གི་དངོས་བྱུང་རྣམ་ཐར་བཅོས་སྒྱུང་ཞིག་གི་ལེའུ་ཟུར་དུ་བཀོད་མཁས་པ་བྱུང་འདུག
བལ་ཡུལ་ན་བོད་པའི་བོད་པ་འབྱོར་ལྡན་ཀུན་གྱིས་དེ་ལྟར་བྱེད་ཧ་ལས་སྐད་རྒྱབ་དགོས་པ་མ་མཐོང་། དེ་ལྟར་བྱུང་བ་དེ་བལ་པོ་རང་ལ་རག་ལས། ང་རྒྱ་གར་ལ་འགྲོ་དུས་ཤིག་ལ་མི་ལི་གཉིས་ཙམ་ཁྱེར་འོངས་པའི་རིཀ་ཤ་བ་ལ་ཧིནྡསྒོར་༤༠་ཨ་རིའི་སྒྲོར་༡སྤྲད་པ་ལ་རིཀ་ཤ་བ་ལ་དགའ་ནས་རིཀ་ཤ་བ་ལ་གཞན་ལ་བཤད་པ་ན། ཡིད་ཆེས་བྱེད་པ་མི་འདུག་ཟེར། གཞན་རྒྱ་གར་པ་རིཀ་ཤ་ལ་བཞོན་མཁན་ལྟ་ཅི། ལ་དྭགས་པ་གཉེན་འབྲེལ་འགས་ཀྱང་། དེ་ལྟར་སྤྲད་ན། དེ་ཀུན་རྐྱང་ལང་ལ་ཤོར་ཞེས་བཤད། བོད་དུ་འབྱོར་ལྡན་དག་གིས་དེ་ལྟར་གཡོག་པོ་ལ་བྱེད་ན། དེ་དག་ལ་བསམ་འཆར་བཤད་དགོས། རང་འདོད་ཅན་གྱི་མི་སུ་ཡིན་ན་ཡང་ཡུལ་གང་དུ་ཡིན་ན་ཡང་བྱེད་ཚུལ་དེ་འདྲ་རང་ཡིན་འདུག སྔར་བལ་པོ་རྒྱ་གར་སོགས་སུ་གཡོག་པོ་ལ་ཡོད་པ་ཀུན་ལ་མི་དྲང་པོར་བརྩི། ཕྱིས་སུ་བལ་པོ་ཡིད་མི་ཆེས་པར་ཆགས་ཏེ། བལ་པོ་གཡོག་ལ་ཡོད་པས་བོད་པ་མང་པོ་བསད་པ་ཐོས། ལ་དྭགས་སུ་ཡང་ལི་ཀྱིར་དགོན་པའི་གྲྭ་པ་གཉིས་བསད་དེ། མི་ཊོར་གླས་ནས་བྲོས་པ་ན། ཉེན་རྟོག་པས་འཇུ་ཐུབ་སྟེ། བལ་པོ་གཉིས་པོ་སྙིང་རྗེ་ད་ལྟ་ཡང་བཙོན་ཁང་ན་ཡོད་ངེས། འཇིག་རྟེན་ན་གནས་ལུགས་དེ་ལྟར་ལགས་སོ།།
རྒན་ལ་དྭགས་པ་འདི་ཡིས་རྟག་ཏུ་བལ་པོར་སྡང་དོན་གང་ཡིན་ནམ། སྔོན་མ་ཞིག་ནས་བལ་པོས་ལ་དྭགས་པ་བསད་རབས་ཅིག་བཤད་སོང། ལ་དྭགས་པས་ཀྱང་མི་བསད་པ་མེད་དམ། ལ་དྭགས་པས་བལ་པོར་གླ་ཆུང་ངུ་ཞིག་སྤྲད་དེ་ཁང་ལས་བསྐུལ་གྱི་ཡོད་པར་ཤེས་ཡོད། དགེ་སློང་དྲང་པོར་གནང་རོགས། སྙིང་རྗེ་བླ་རྒན་བླ་རྒན་གྱི་ས་ལ་མི་བཞུགས་པར་ག་ས་ག་ལ་གཅིག་བཤད་ཡོང་གི་འདུག གླང་ཆེན་ཀུ་ཤའི་ཚལ་ན་སྐྱིད། ཀྲི་སྙ་སྨན་གྱི་ཚལ་ན་སྐྱིད། མཁས་པ་མཁས་པའི་གྲལ་ན་བཙུན། ཡང་ཡང་གཏམ་ལ་སྙན་རྒྱུ་མེད།
རྒན་ལ་དྭགས་བ་བདེན་པ་རེད་ བལ་ཕྲུག་གཡོག་པོས་བོད་པ་སྦྱིན་བདག་བསད་པ་མང་།
བསམ་ཚུལ་མང་ན་གནས་ཚུལ་གསར་པ་མང་
ངྲང་བདེན་ནི་དྲ་གྲོགས་ཚོའི་སྲོག་རྩ་རེད། གནས་ཚུལ་ངོ་མ་དང་བདེན་པ་ཡོང་བར་དགའ་བསུ་ཡོད།
མང་པོ་ཞིག་གིས་ཉམས་དོད་པོས་བཙན་ཁྲིད་མ་བྱས་པས་གཡོག་ནང་ཏུ་བཀོལ་བར་ཉེས་པ་མེད་ལུགས་སྐད་མཐོན་པོར་བསྒྲགས་མོད། འོ་ན་བཙན་དབང་གིས་མིན་པར་རང་གི་སྲིང་མོ་དང་བུ་མོ་ལ་འཁྲིག་ན་འགྲིག་གམ།
བན་དེ་བ་མཆོག
ང་བལ་པ་སྡང་ནས་མི་རྗོད། བལ་པོ་ཡིན་པ་སློབ་ཕྲུག་ཡིན་པ་དང་། གྲོགས་པོ་ཡིན་པ་མང་པོ། གནས་ལུགས་བརྗོད་པས། བོད་པ་དང་ལ་དྭགས་པ་ཀུན་བལ་པོ་གཡོག་པོའི་མགོ་བསྐོར་གྱི་འོག་ཏུ་མ་ཤི་ཞིག་དགོས། ད་དུང་ཞིབ་ཏུ་བརྗོད་དགོས་ནན། ལ་དྭགས་ལ་བལ་པོ་ལས་བྱེད་པ་མང་དུ་འོངས་པ་ན། བལ་པོ་ཁ་ཤས་ཀྱིས་ས་ཕག་གནོན་པའི་ལས་ཀ་བྱེད། ཆང་ཨ་རག་འཐུང་། དེ་དག་ལས་བལ་པོ་གཅིག་གིས་ཆང་ཨ་རག་སོགས་མ་འཐུང་བར་དངུལ་གང་ཐོབ་བསགས་ནས་བཞག་པ་དེ་བལ་པོ་གཞན་བྱེད་པ་དག་གིས་བསད་དེ། རོ་ས་ཕག་བཟོ་སར་སྦས་ནས། བལ་པོ་མཉམ་དུ་ཡོད་པ་ཀུན་རང་ཡུལ་ལ་ལོག་ཡོད་ཀྱང་། བལ་ཡུལ་ག་ནས་འོངས་ལ་དྭགས་པས་མ་ཤེས་པར་བྱེད་ཐབས་མེད་པར་ལུས། འོན་ཀྱང་བལ་པོ་ཐམས་ཅད་དེ་ལྟར་ག་ལ་ཡིན་ཏེ། དེ་རྣམས་ན་མི་བཟང་པོ་ཡང་མང་པོ་ཡོད།
་
ལ་དྭགས་ལ་ཚུལ་བཟང་པོ་ཞིག་ང་གཞོན་པའི་སྐབས་སུ་གྲི་རིང་པོ་ཞིག་ཁྱེར་ནས་འགྲོ་སྲོལ་མེད། ད་ལྟ་ཇི་ལྟར་ཡིན་མིན་མི་ཤེས།
ལ་དྭགས་དཀར་འཁྱིལ་པ་མུ་སུལ་མན་ཞིག་བཙུན་མ་ཞིག་བསད་ནས་ཤ་བཏུབས་པ་ཐོས། དེ་མ་གཏོགས་ལ་དྭགས་པ་ཞིག་གིས་མི་བསད་པ་མ་ཐོས། བན་དེ་བ་ཁྱེད་ཐོས་རྒྱ་ཆེ་བས་ཐོས་ཡོད་འགྲོ “ལ་དྭགས་པས་བལ་པོར་གླ་ཆུང་ངུ་ཞིག་སྤྲད་དེ་ཁང་ལས་བསྐུལ་གྱི་ཡོད་པར་ཤེས་ཡོད།” འདི་ཡིན་ཤས་ཆེ། ངས་འདི་ལྟར་བྲིས་པ་ལ་དོ་སྣང་མ་བྱུང་བ་ཡིན་སྲིད། “རང་འདོད་ཅན་གྱི་མི་སུ་ཡིན་ན་ཡང་ཡུལ་གང་དུ་ཡིན་ན་ཡང་བྱེད་ཚུལ་དེ་འདྲ་རང་ཡིན་འདུག” ལ་དྭགས་པ་ཀུན་བལ་པོ་མི་ལ་མི་རིགས་ངོ་གདོང་དང་གཟུགས་འདྲ་བ་ཡོད་པས། གཞན་མི་རིགས་ལས་བལ་པོའི་རིགས་ལ་རང་བཞིན་གྱི་དགའ་ཡང་། བལ་པོ་ཁ་ཅིག་གི་བྱེད་སྟངས་ཀྱིས་གཞན་ལ་ཡང་དོགས་པ་ཟ་བ་གཤིས་ལུགས་མ་ཡིན་ནམ།
གཞན་ཁྱེད་ཀྱིས་བྲིས་པ་ལ་ལན་འདི་ལྟར་མཐོང་སྟེ།
་
མ་སྨྲས་ན་ཡང་སྨོད་བྱེད་ཅིང༌།
མང་དུ་སྨྲས་ན་སྨོད་པར་བྱེད།
དལ་བུས་སྨྲས་ཀྱང་སྨོད་བྱེད་དེ།
འཇིག་རྟེན་ན་ནི་མི་སྨད་མེད།། ༤༨ །།
རྒན་ལ་དྭགས་པས་ལན་གནང་བར་ཐུགས་རྗེ་ཆེ། རེད་མི་རིགས་དེ་ཡི་མི་བྱེ་བྲག་པ་ཅིག་གིས་བྱེད་བབས་ལ་བརྟེན་ནས་དེ་ལྟར་འབྱུང་གི་ཡོད། སྔོན་མ་ང་ལ་ལ་དྭགས་པའི་གྲྭ་གཟུགས་ཅན་ཅིག་ཐུག་མྱོང་ཁོང་གིས་ཞལ་འདེབས་སྤྲོད་རོགས་ཟེར། ལ་དྭགས་ལ་དགོན་པ་རྒྱབ་ཀྱི་ཡོད་ཟེར། ངས་ཀྱང་གང་ཐུབ་ཀྱིས་ཞལ་འདེབས་ཕུལ་ཡིན། རྗེས་སུ་གོ་ཐོས་ལ་ཁོས་སྐད་ཆ་དེ་རྫུན་མ་ཡིན་པའི་ཁུངས་སྐྱེལ་བྱུང། དེ་རྗེས་ང་ཡང་ལ་དྭགས་པ་ལ་ཅུང་ཡིད་མི་ཆེས་པའི་གནས་ཞིག་བྱུང།
༣༩༽ བན་དེ་བ་ལགས།
ཞལ་འདེབས་དངུལ་ག་ཚད་ཕུལ་བ་ཡིན་ནམ། ཕུལ་ས་ནོར་མི་འདུག ཧ་ཧ། ཀུ་རེ།
ཀརྡོ་ལགས་ཞལ་འདེབས་དངུལ་ག་ཚོད་ཕུལ་མིན་མི་དྲན་འདུག གཅིག་བྱས་ན་ཁྱེད་ལ་དྲན་པ་ཡོད་སྲིད།
ཕྲུ་གུ་གཡོག་མོར་ཉར་བའི་ལམ་ལུགས་འདི་བོད་པ་གཅིག་པ་ལས་གཞན་ལ་མེད་པ་ཞིག་མ་རེད། བལ་ཡུལ་ཁོ་རང་ཚོའི་ཁྱིམ་ཚང་འབྱོར་ལྡན་དེ་ཚོའི་ནང་ལ་ཡང་གཡོག་མོ་རེ་ཡོད་ཡོད་པ་རེད། བོད་པའི་ཁྱིམ་ཚང་ནང་གི་གཡོག་མོ་རྣམས་ཀྱང་སོ་སོའི་འདོད་མོས་ཀྱིས་ཡོང་བ་ལས་སུས་ཀྱང་བཙན་ཁྲིད་བྱས་ཡོང་བ་མ་རེད་ལ། ཁྱིམ་ཚང་དེ་ནས་ནམ་འགྲོ་འདོད་ན་ཡང་རང་དབང་རེད། ཁྱིམ་ཚང་འབྱོར་ལྡན་རྣམས་ལ་ལས་ཀ་མང་པོ་ཡོད་པ་བདེན་ཡང་། ཁྱིམ་ཚང་ཕལ་ཆེ་བས་ཟླ་བ་རེ་ལ་བལ་སྒོར་སྟོང་གསུམ་བཞི་རེ་སྤྲད་ཀྱི་འདུག
ཁྱོད་རང་ཚོ་བསམ་བློ་གཏོང་སྟངས་ལ་ངའི་སེམས་པ་སྐྱོ་བཞིན་འདུག དེ་ཙམ་ཞིག་བསམ་བློར་འཁོར་མ་ཐུབ་ན་གཞན་ཞིག་ལྟ་ཅི་སྨོས། ཁ་ལ་ཟས་མ་རེག་རྒྱབ་ལ་གོས་མ་རེག་མ་མཁན་དེ་ཚོ་ཕྱུག་པོ་ཚོའི་གཡོག་པོ་ལས་ཕུད་པ་ཡིན་ན་ཁྱེད་རང་ཚོས་སྐྱོ་བོ་དེ་དག་རྣམས་ལ་ཟས་སྤྲོད་ཐུབ་བམ། ལས་དཀའ་སྤྲོད་ཐུབ་བམ། ཁ་ནས་བཤད་རྒྱུ་ལས་སླ་བོ་རེད། ལག་ལེན་དུ་སྟར་རྒྱུ་ལས་སླ་བོ་ཞིག་མིན་པ་ཤེས་གལ་ཆེ། སྲང་ལམ་དུ་ལྟོག་སྐོམ་མྱང་བ་ལས་ཁྱིམ་ཚང་འབྱོར་ལྡན་ཞིག་གི་ཁྱིམ་དུ་གཡོག་བྱེད་ནས་འཚོ་བ་སྐྱལ་ན་ཅི་མི་དགའ། དུད་འགྲོ་ལྟ་བུ་ཁྱོད་ཚོས་དེ་ཙམ་ཞིག་བསམ་བློར་འཁོར་མི་ཐུབ་པ་གང་ཡིན་ནམ། ཁྱོད་ཚོར་ཀླད་པ་མེད་དམ། ཡང་ན་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་ངག་ནས་གང་བྱུང་སྨོས་པ་ཡིན། ཇི་སྲིད་རྒྱལ་ཁབ་ཕྱུག་པོ་མ་ཆགས་པ་དེ་སྲིད་དུ། དཔོན་གཡོག་མེད་པ་གཏན་ནས་འབྱུང་མི་སྲིད། ཨ་རི་ལ་སོགས་རྒྱབ་ཁབ་འབྱོར་ལྡན་ཁ་ཤས་གཞུང་ཡག་པོ་ཡོད་སྟབས་ཟས་གོས་ཀྱི་ཆེད་དུ་གཡོག་བྱེད་དགོས་རྒྱུ་མ་རེད། འོན་ཀྱང་དབུལ་བོ་ཚོ་འབྱོར་ལྡན་ཚོའི་ལས་གཡོག་ཡིན་པ་སྨོས་ཅི་དགོས།།
མགོ་ནས་མཇུག་བར་ཀློག་པ་ཡིན། སྦྱིན་བདག་འདི་རིགས་ངས་དངོས་སུ་མཐོང་མྱོང་། འདི་ཚོ་ཁ་ནས་བོད་རིགས་ལབ་ཙམ་ལས་དོན་དངོས་ཐོག་ཁྱད་རྟགས་གང་ཡང་མིན་འདུག ། རྟག་ཏུ་དངུལ་དང་ཁེ་ཕན་ཁོ་ན་ལ་དམིགས་བསྡད་ཡོད་འདུག །
བོད་ཡུལ་རྒྱ་མིའི་འཕྲོག་ནས་བོད་མི་འབུམ་གཅིག་ལྷག་ཙམ་རྒྱ་གར་དང་བལ་ཡུལ་འབྲུག་ཡུལ་བཅས་ལ་འབྱོར་ནས་བོད་མི་སྡོད་སའི་གནས་ཡུལ་ལུང་པའི་ས་ཆ་མང་པོ་ཡར་རྒྱས་ཕྱིན་ཡོད་པ་ནས་བོད་མིའི་ཡུལ་མི་ལ་ཕན་དང་གནོད་དེ་ནས་ཤེས་ཐུབ་པ་ཞིག་མ་རེད་དམ་དཔེ་མཚོན་ཙམ་ཞུས་ན་དེ་སྔོན་ལོ་རབས་དྲུག་བཅུའི་ནང་རྡ་རམ་ས་ག་འདྲ་ཡོད་དེང་སང་ག་འདྲ་འདུག་བོད་མིའི་ཡུལ་མི་ལ་ཕན་འདུག་གམ་གནོད་འདུག་ཐུགས་ཞིབ་ཡག་པོ་གནང་དང་།