རེབ་གོང་ སྤྲིན་དཀར།
ནམ་མཁའ་འདི་ལྟར་རྒྱ་ཆེ་ཞིང་།
ས་གཞི་འདི་ལྟར་ཁོད་ཡངས་མོད།
ཁྱེད་ཉིད་གཅིག་པུ།
འཛམ་གླིང་གི་ཉི་མར་གྱུར་དགོས་དོན་ཅི།
མི་རྣམས་ཀྱིས།
ཁྱེད་ནི་སངས་རྒྱས་རློན་པར་བརྩི་བཞིན་འདུག
མི་རྣམས་ཀྱིས།
ཁྱེད་ནི་སྤྲུལ་པའི་ལྷ་སྲས་སུ་གླེང་བར་གྲགས།
ཡིན་ནའང་། ཁྱེད་ནི་མི་བུ་རང་ག་བ་ཞིག་སྟེ།
འགྲོ་དུས་ལྷ་ཚོགས་ཀྱིས་སྐྱེལ་མ་བྱེད་མཁན་མེད་ལ།
འོང་དུས་མི་ཚོགས་ཀྱིས་བསུ་མ་བྱེད་མཁན་མེད།
དོན་དངོས་སུ། ཁྱེད་ལ་རྫུ་འཕྲུལ་གྱི་ཕྱག་རྒྱ་དབེན་ལ།
དམག་ཚོགས་ཀྱི་དཔུང་རོགས་མེད།
ཁྱེད་ལ་ཡོད་པ་ནི་དྲང་བདེན་དང་། ལྷག་བསམ།
ཞི་བདེ་དང་གཞན་ཕན།
ཁྱེད་ཀྱི་རྨི་ལམ་གྱི་ཚོགས་མལ་རེ་རེ་ན།
མཛའ་མཐུན་གྱི་དྲི་བསུང་ཁྲི་མ་འབུམ།
ཁྱེད་ཀྱི་རྐང་རྗེས་ཡི་རྡོག་སྒྲ་རེ་རེ་ན།
སྙིང་རྗེ་ཡི་མེ་ཏོག་ཁྲི་མ་འབུམ།
ལོ་ཟླ་ཡི་བར་བརྒལ་ཁྲོད།
ཁྱེད་ཀྱི་སྟོན་མཇུག་གི་འབྲས་བུ་སྨིན་ཐེངས་རེར།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ལ་རླུང་འཚུབ་གཡུགས།
ལྕགས་རི་རིང་པོ་ཡི་སྒལ་ཚིགས་ལ་ཆག་གྲུམ་ཤོར།
ཡིན་ནའང་། ཞུམ་པ་མེད་པའི་ཕོ་བྲང་པོ་ཏ་ལ་ནི་ཇི་འདྲའི་བརྗིད་ཉམས་ཆེ་ཨང་།