འབའ་སྲས།
སྙན་ངག་པ་ཁྱོད་གཏན་ནས་འཆི་མི་ཉན།
ཁྱོད་ནི་འཇིག་རྟེན་འདིའི་ཁ་དབུགས་གཙང་མ་དེ་ཡིན།
ཁྱོད་ནི་འགྲོ་བ་མི་ཡི་ཚེ་སྲོག་ངོ་མ་དེ་ཡིན།
ཁྱོད་ནི་འཇིག་རྟེན་འདི་ཡི་འོད་སྣང་གཅིག་པུ་དེ་ཡིན།
སྙན་ངག་པ། ཁྱོད་གཏན་ནས་འཆི་མི་ཉན།
ཁྱོད་ཀྱི་ཕྱག་ན་ཤེས་རབ་ཀྱི་རལ་གྲི་ཡོད།
ཁྱོད་ཀྱི་ཐུགས་ན་མུན་སེལ་གྱི་སྒྲོན་མེ་ཡོད།
ཁྱོད་མེད་ན་འཇིག་རྟེན་ལ་རྩོལ་ཤུགས་མེད་ལ།
ཁྱོད་མེད་ན་འཇིག་རྟེན་ལ་འོད་སྣང་མེད།
སྙན་ངག་པ། ཁྱོད་གཏན་ནས་འཆི་མི་ཉན།
དུས་དེ་རིང་ཉི་མ་ལ་འོད་སྣང་མེད་ལ།
དུས་དེ་རིང་ཟླ་བ་ལ་མཛེས་སྡུག་མེད།
དུས་དེ་རིང་འཇིག་རྟེན་ལ་བདག་པོ་མེད།
སྙན་ངག་པ། ཁྱོད་གཏན་ནས་འཆི་མི་ཉན།
ཁྱོད་ལ་ཉི་མ་ལྟ་བུའི་འོད་སྣང་ཡོད་ལ།
ཁྱོད་ལ་ཟླ་བ་ལྟ་བུའི་མཛེས་སྡུག་ཡོད།
ཁྱོད་ལ་འཇིག་རྟེན་འདི་སྐྱོང་བའི་ནུས་སྟོབས་ཡོད།
སྙན་ངག་པ། ཁྱོད་གཏན་ནས་འཆི་མི་ཉན།
དུས་དེ་རིང་འཇིག་རྟེན་ལ་བདག་པོ་མེད།
དུས་དེ་རིང་སྤྱི་ཚོགས་ལ་དྲང་བདེན་མེད།
དུས་དེ་རིང་གནམ་ས་ལ་དབྱེ་བ་མེད།
སྙན་ངག་པ། ཁྱོད་གཏན་ནས་འཆི་མི་ཉན།
ཁྱོད་ཀྱིས་ཤེས་རབ་ཀྱི་རལ་གྲི་གདེངས་ཤོག
ངེད་ཚོས་འཇིག་རྟེན་ལ་གཤག་བཅོས་བྱེད་ཡ།
ཁྱོད་ཀྱིས་མུན་སེལ་གྱི་སྒྲོན་མེ་སྦར་ཤོག
ངེད་ཚོས་འཇིག་རྟེན་ལ་འོད་སྣང་སྩོལ་ཡ།
ལྟོས་དང་སྙན་ངག་པ།
འཇིག་རྟེན་ལ་མིག་ཡོད་ཀྱང་ང་ཚོ་མཐོང་མི་ཐུབ།
འཇིག་རྟེན་ལ་སེམས་ཡོད་ཀྱང་ང་ཚོ་བསམ་མི་ཤེས།
ཡིན་ཡང་། སྙན་ངག་པས་འཇིག་རྟེན་མཐོང་དགོས།
སྙན་ངག་པས་འཇིག་རྟེན་བསམ་དགོས།
ཤོག་ཡ། སྙན་ངག་པ།
ང་ཚོ་ནི་འཇིག་རྟེན་གྱི་འཛུམ་མདངས་ཡིན་ལ།
ང་ཚོ་ནི་འཇིག་རྟེན་གྱི་མིག་ཆུ་ཡང་ཡིན།
ང་ཚོ་འཇིག་རྟེན་གྱི་ཆེད་དུ་དགོད་ཐུབ་དགོས།
ང་ཚོ་འཇིག་རྟེན་གྱི་ཆེད་དུ་ངུ་ཡང་ཐུབ་དགོས།
ཤོག་ཡ། སྙན་ངག་པ།
འཇིག་རྟེན་ནི་ང་ཚོའི་སྐྱོ་སྡུག་གི་གླིང་ཀ་ཡིན།
འཇིག་རྟེན་ནི་ང་ཚོ་སྐྱེ་ས་དང་འཆི་ས་ཡིན།
འཇིག་རྟེན་ནི་ང་ཚོ་དགོད་ས་དང་ངུ་ས་ཡིན།
ཤོག་ཡ། སྙན་ངག་པ།
དགོད་དུ་ཤོག་ཡ། ངུ་རུ་ཤོག་ཡ།
སྙན་ངག་པ། ཁྱོད་གཏན་ནས་འཆི་མི་ཉན།
༡༤/༠༥/༢༠༡༣
(ངེད་ཚོས) ་འཇིག་རྟེན་ལ་གཤག་བཅོས་བྱེད་ཡ།
ཆི་འདྲ་འདྲའི་ལབ་རྐྱལ་ཟིག་རེད། ཧ་ཧ།