གྲིབ་གཟུགས།
འདི་སྣང་སྒྱུ་མ་ཙམ་དུ་གཟིགས་པ་ཡི།།
ཟས་གཙང་སྲས་ཞེས་དགེ་སྦྱོང་ཡ་མེད་དེར།།
ཉིས་བརྒྱ་ལྔ་བཅུའི་གནང་བཀག་བགྱིར་བཅུག་པའི།།
མི་ཁའི་བུ་མོའི་ཞབས་ལ་ཕྱག་འཚལ་ལོ།།
མ་ཧཱ་དྷེ་བའི་ཕོ་མཚན་ཆེན་པོ་དེ།།
ནགས་སུ་ལྷུང་བ་དྲང་སྲོང་དམོད་པས་བྱས།།
དམོད་པ་དེ་ཡང་དོན་གྱི་མི་ཁ་སྟེ།།
མི་ཁའི་བུ་མོའི་ནུས་མཐུ་འདི་ལ་ལྟོས།།
སྣང་སྲིད་ཟིལ་གནོན་གུ་རུ་པདྨ་ཡང་།།
མི་ཁའི་བུ་མོ་སྤུན་དགུ་མོན་ཡུལ་དུ།།
སྤྱུགས་པའི་འོ་རྒྱལ་བདག་གིར་བཞེས་ཚུལ་དེས།།
མི་ཁ་ཟེར་བ་ཉམ་ཆུང་མིན་པར་ཤེས།།
དེ་བཞིན་སྤྱི་ཚོགས་རྙིང་པའི་འཚོ་བའི་ནང་།།
རྒྱལ་བློན་ཟེར་བའི་སྲིད་ཀྱི་རུ་འདྲེན་དང་།།
བླ་སྤྲུལ་ཟེར་བའི་ཆོས་ཀྱི་སྣེ་ཁྲིད་མཁན།།
ཕལ་ཆེར་མི་ཁ་འདི་ལ་འཇིགས་ཤིང་བསྐྲགས།།
འཇིགས་ཤིང་བསྐྲགས་པས་ལོ་རྒྱུས་ཡིག་རྙིང་ནང་།།
གཞན་ལ་ངོམ་དུ་ཡོད་པའི་ལག་རྗེས་ཀུན།།
བསྔོགས་ན་རྫོགས་རྒྱུ་མེད་པའི་རིག་གཞུང་ཀུན།།
འཇིག་རྟེན་འདི་རུ་ཁད་ཀྱིས་འབུས་པ་ཡིན།།
གཟུགས་མེད་མི་ཁའི་བུ་མོ་སྤུན་དགུ་ཡིས།།
འཇིག་རྟེན་ལེག་གྲུབ་གནས་ལ་སྦྱར་ན་ཡང་།།
ད་དུང་མདོས་གླུད་བཟློག་པ་རྒྱག་པ་དེ།།
དྲིན་ཅན་ཁ་ལ་ཐལ་བ་བཏབས་དང་མཚུངས།།
ད་ལྟ་དུས་རབས་གསར་པའི་སྤྱི་ཚོགས་ནང་།།
མི་ཁ་མེད་ན་འཕེལ་རྒྱས་མེད་པ་སྟེ།།
མི་ཁ་མེད་ན་ལེག་གྲུབ་མེད་པ་ཉིད།།
མི་ཁ་མེད་ན་ངལ་རྩོལ་མེད་པར་ངེས།།
མི་ཁའི་མེ་ལྕེ་འུར་འུར་མཆེད་ས་ན།།
འགྲན་རྩོད་བང་འགྲན་མཆོང་རྒྱུག་ཡོད་པའི་རྟགས།།
གྲགས་འགུལ་ཡོད་པའི་སྤྱི་ཚོགས་གང་དུ་ཡང་།།
མི་ཁའི་རླུང་བུ་གཅིག་འཇགས་གཉིས་ལྡང་ཡིན།།
ཡ་གི་མཁན་པོ་དགེ་བཤེས་བླ་སྤྲུལ་སོགས།།
ཕྱི་མ་དྲན་ནས་ཡིན་མིན་མི་ཤེས་ཀྱང་།།
ངུར་སྨྲིག་ནང་ན་ལྷང་ངེར་འགྱིངས་པ་ནི།།
མི་ཁར་བསྐྲགས་པའི་འབྲས་རྟགས་མངོན་སུམ་ལགས།།
དེ་བཞིན་སྲིད་སྐྱོང་བཀའ་བློན་སྤྱི་ཐུས་སོགས།།
ནམ་ཡང་སྤྱི་ཚོགས་ཁ་རུ་ཁྱེར་བ་དེ།།
སྤྱི་ཚོགས་སེམས་སུ་ཡོད་མེད་མི་ཤེས་ཀྱང་།།
མི་ཁར་འཇིགས་ནས་བརྗོད་པ་མངོན་སུམ་ཡིན།།
ལང་ཚོར་སྒོ་ལྕགས་བརྒྱབས་པའི་གྲྭ་བཙུན་རྣམས།།
དགོན་པའི་ནང་ནས་ཧྲུག་གེར་སྡོད་པ་ཡང་།།
འཁོར་བ་བརྒྱབས་ཏུ་སྐྱུར་མིན་མི་ཤེས་ཀྱང་།།
སྤྱི་ཚོགས་ཁ་ལ་འཇིགས་པ་མངོན་སུམ་ཡིན།།
ཕོ་གསར་སྟགས་འདྲ་ཡིན་པའི་རང་ཉིད་ཀྱང་།།
འདོད་པའི་གདུང་བ་མེ་ལྟར་འབར་ན་ཡང་།།
ཐོས་བསམ་གླིང་ནས་ཙོག་གེར་སྡོད་པ་ཡང་།།
མི་ཁར་བསྐྲགས་ནས་ཡིན་པ་རང་ལ་གསལ།།
སློབ་ཕྲུག་དགེ་རྒན་ལས་བྱེད་ཕལ་པའི་མི།།
ཨ་མ་རྒན་མོ་བྱིས་པ་བསམ་མེད་ཀུན།།
གདོང་ལ་དྲོད་ཅིག་མེད་ན་དམིགས་བསལ་ཡིན།།
དེ་མིན་མི་ཁ་རྣ་བའི་ཚེར་མ་ཉིད།།
མི་ཁ་ཡོད་པས་མཁན་པོ་དགེ་བཤེས་ཡོད།།
མི་ཁ་ཡོད་པས་སྲིད་ཀྱི་སྣ་འདྲེན་ཡོད།།
མི་ཁ་ཡོད་པས་བདག་ཀྱང་དགེ་སྦྱོང་སྟེ།།
མི་ཁ་ཡོད་པས་ཐམས་ཅད་ཡོད་པ་ཉིད།།
བདག་ལ་ཐོབ་པའི་གྲུབ་འབྲས་ཕལ་ཆེ་བ།།
མི་ཁའི་བུ་མོས་གནང་བའི་ལེགས་སྐྱེས་ཡིན།།
བདག་གི་ཧུར་བརྩོན་སྐུད་པའི་སྣེ་མོ་ཡང་།།
མི་ཁའི་བུ་མོའི་རྐང་པར་བཏགས་ནས་ཡོད།།
ཁྱེད་ཀྱི་ལེགས་གྲུབ་བརྒྱ་ཆ་ལྔ་བཅུ་པོ།།
མི་ཁའི་བུ་མོས་གནང་བ་མངོན་སུམ་ཡིན།།
དེས་ན་མཆོག་དམན་སྐྱེ་བོ་སུ་ཡིན་ཀྱང་།།
མི་ཁའི་བུ་མོའི་བཀའ་དྲིན་དྲན་པར་བགྱིས།།
ཞེས་པའང་མི་ཁའི་བུ་མོར་ཤེས་ནས་དད་པ་ཐོབ་ཅིང་དང་བའི་སེམས་པ་གཡོ་བའི་གྲིབ་གཟུགས་མིང་པས་ས་ག་ཟླ་བའི་ཚེས་ག་ཚོད་ཡིན་མིན་མ་ཤེས་པའི་ཉིན་ཞིག་ཡིད་འགུལ་ཐེབ་བཞིན་བྲིས་པ་དགེ་ལེགས་འཕེལ།
གྲུབ་འབྲས་ཀུན་གྱི་བརྒྱ་ཆ་ལྔ་བཅུ་ཙམ། །མི་ཁའི་བུ་མོས་གནང་མིན་མི་ཤེས་ཀྱང་། །ཆོས་བརྒྱད་གདོན་གྱི་གཡོག་རྒན་བདག་ལ་ནི། །ལས་འགྲོའི་གོ་སྐབས་མང་དག་ཤོར་ནས་སོང་། །འོན་ཀྱང་ཁྱེད་ཀྱི་རབ་སྤེལ་སྙན་དབྱངས་སྒྲས། །ཁོ་བོའི་ཡིད་ཁམས་རྒྱ་མཚོ་རབ་གཡོས་ཏེ། །དབང་ཤེས་འགའ་ཡང་བག་ལ་ཉལ་ནས་ནི། །མདུན་གྱི་གཞི་ཡང་ཅུང་ཟད་བརྗེད་ལ་ཁད། །
མི་ཁའི་བུ་མོར་སྐྲགས་ཏེ་ཕྱི་ཚུལ་གཟབ།
མི་ཁར་འཇིགས་ཏེ་རྣམ་བཅུ་དབང་ལྡན་བཙུགས།
མི་ཁར་འཇིགས་ཏེ་གསར་པར་བཙོག་ཅིག་བཏགས།
མི་ཁར་འཇིགས་མཁན་ཉམས་ཆུང་ཉམས་ཆེན་མེད།
བལྟས་ཚོད་ལ་འདྲ་ཆགས་པོ་ཡིན་པའི་སྤྱི་ཚོགས་གང་དུའང་གླེང་ཕྱོགས་ཟེར་བ་ཞིག་མེད་ན། ཟིང་ཆ་གང་ཡང་མེད་པའི་རྟགས་ཡིན། ལེགས་ཉེས་གང་ཡིན་ནའང་ཟིང་ཆ་ཞིག་ཡོད་སོང་ན་འགུལ་སྐྱོད་ཀྱི་རྣམ་པ་ཞིག་རེད། ཁུ་སིམ་སིམ་ངང་རུལ་འགྲོ་བའི་རང་བཞིན་ལས་གང་ལྟར་ཟིང་དང་འགུལ་སྐྱོད་ཏོག་ཙམ་ཡོད་འདི་ལྡབ་འགྱུར་གྱིས་ཡག་གི་རེད། གླེང་ཕྱོགས་ཟེར་ནའང་དོན་དུ་མི་ཁ་རང་རེད། ལེགས་ཉེས་ཀྱི་སྐད་ཆ་གང་ཞིག་བཤད་ཀྱང་མི་ཁ་རང་ཡིན་པ་རེད། དེས་ན་ཡ་གི་མཐོ་ས་དང་མ་གི་དམའ་སའི་མི་ཕལ་ཆེ་བས་ཕྱི་ལོགས་ཀྱི་སྐད་ཆ་ལ་ཉན་ནས་འགུལ་སྐྱོད་བྱེད་བཞིན་པ་ནི་དངོས་ཡོད་རེད།
བསྟོད་ན་མི་དགའ་སྨད་ན་དགའ། །དམན་ས་གོང་མའི་མ་རྩ་ཡིན། །དེ་ཡང་མི་ཁ་ཞེས་པ་དེ་ལ་དབྱེ་ན་གཉིས་ཏེ། བསྟོད་པའི་མི་ཁ་དང། སྨད་པའི་མི་ཁའོ། དེ་ཡི་ནང་ནས་ཀྱང་སྨད་པ་མཆོག་སྟེ། མི་གྲལ་ནས་འབུད་དེ་ཁྱི་གྲལ་དུ་ཚུད། ང་རྒྱལ་གྱི་བདུད་བཏུལ། ཆོས་པའི་གྲལ་དུ་ཞུགས་ཉིང་འདོད་ན་དེ་རང་བྱེད། ལྟོ་གོས་གཏམ་གསུམ་ལོས་ནས། ཁེ་གཞན་ལ་བྱིན། གྱོང་རང་གིས་བླང་། ཧ་གོ་ཐུབ་ན་མི་ཁ་ཐམས་ཅད་རང་གི་དགེ་བའི་བཤེས་གཉེན་དུ་ལྟོས། དགེའོ། །
ཡོད་ན་ཡོད་པས་མི་ཁ་ཡོད། །
མེད་ན་མེད་པའི་མི་ཁ་ཡོད། །
དགེ་སློང་ནམ་མཁའི་སྙིང་པོ་ལ། །
ཆོས་པ་ཡོངས་ཀྱིས་མི་ཁ་ཟུག །སོགས་གསུངས་འདུག