སྤོབས་པ་མཐའ་ཡས།
ཞིབ་ཏུ་བཀླགས་སྐབས་དགེ་འདུན་མཐར་ཕྱིན་ཟེར་བ་དེས་གནད་དོན་ཁ་ཤས་ཤིག་བྲིས་འདུག ཁྱོད་ཚོ་གླང་དར་སྐོར་ཞིག་ནས་མར་འབབ་གི་མི་འདུག ངས་ད་དུང་ཁ་ཤས་ཤིག་ཤོད་འདོད་བྱུང༌།
གཞིས་ཆགས་སྲ་བརྟན་བྱ་རྒྱུ་དེ་ཟམ་གདོང་གཞུང་གི་གཞི་རྩའི་སྲིད་ཇུས་སུ་བཞག་ཡོད་ཀྱང་ཁ་ཡོད་ལག་ཡོད་ཀྱིས་ག་འདྲ་འབྱུང་བཞིན་ཡོད་མེད་མ་རྟོགས། གཞིས་ཆགས་ཁག་མང་པོ་ཞིག་སྔོན་དུས་སུ་ས་གནས་ཡུལ་མི་དབུལ་ཕོངས་ཚོར་བསྡུར་ན་འཚོ་བ་ཅུང་ལེགས་ཙམ་ཡོད་ངེས་ཀྱང་དེང་སྐབས་སྔོན་དང་མི་འདྲ་བ་ཞིག་ཡོད་པ་ནི་བོད་པ་ཚོའི་གྱོན་ཆས་ཚོང་ལས་འདི་ལ་ས་ཆོད་ཆེན་པོ་མེད་པར་གྱུར་པ་དེ་གཙོ་བོ་ཞིག་རེད། ཕྱོགས་མཐའི་གཞིས་ཆགས་ཁག་གི་འཚོ་བ་ཧ་ཅང་སྐྱོ་བོ་དང་ལས་ཀ་ཧ་ཅང་ལྗིད་པོ་རེད།
དཔེར་ན། ལ་དྭགས་ལ་གཞིས་ཆགས་ཧ་ཅང་རྒྱ་ཆེན་པོ་ཡོད་པ་དེ་ཚོར་ལྟ་སྐབས་ཕལ་མོ་ཆེ་གཞུང་ལམ་དང་ཁང་པ་བཟོ་སར་འགྲོ་གི་འདུག དེ་ཡང་སྔོན་མར་རྒྱ་གར་བ་དང་ནེ་པ་ལའི་ལས་ཀ་བ་མང་པོ་ཞིག་ས་ཆ་དེ་འགྲིམ་འགྲུལ་ཞན་སྟབས་ལས་ཀ་བྱེད་དུ་འབྱོར་ཐུབ་ཀྱི་མེད་སྟབས་བོད་པ་ཚོས་ལས་ཀ་མང་པོ་དང་ལས་ཀའི་གླ་ཆ་ཡག་ཙམ་ཐོབ་མོད། དེང་དུས་རྒྱ་གར་གྱི་ལས་ཀ་བ་མང་པོ་དང་ལྷག་པར་ཡང་ན་པ་ལའི་ལས་བཟོ་བ་གྲངས་ལས་འདས་པ་ས་དེར་སླེབས་འོངས་ནས་བོད་པ་ཚོར་ལས་ཀ་མང་པོ་མི་ཐོབ་པ་དང་གླ་ཆ་ཡང་དམའ་བོ་ལས་ཐོབ་ཀྱི་མེད།
བཙན་བྱོལ་བོད་གཞུང་གི་ངོས་ནས་ཁོང་ཚོར་རོགས་སྐྱོར་ཞིག་བྱེད་ཐུབ་པ་དེ་རོགས་དངུལ་སྤྲོད་རྒྱུ་དེ་རེད། བོད་གཞུང་གི་རོགས་དངུལ་དེ་ཡང་རོགས་དངུལ་ལ་བརྟེན་ཡོད་སྟབས་རོགས་དངུལ་དེ་ཡང་སྟོབས་ཆེན་རྒྱ་དམར་ལ་ཁ་གཏད་གཅོག་པའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་སོགས་ལ་གཏོང་དགོས་སྟབས་ལག་པ་བཟེད་ས་དེ་ཙམ་རྒྱ་ཆེན་པོ་ཞིག་མེད། རོགས་དངུལ་ཞེས་པ་དེ་འཕྲལ་སེལ་གྱི་རོགས་སྐྱོར་ཙམ་ལས་འཚོ་རྟེན་ཡོངས་རྫོགས་རོགས་དངུལ་ལ་བརྟེན་པས་ག་ལ་འཐུས། དངོས་གནས་བྱས་ན་བོད་པ་རང་ངོས་ནས་ཚོང་གི་སྒྲིག་འཛུགས་ཤུགས་ཆེ་ཙམ་བྱེད་ཐུབ་ན་ཕན་རེ་ཐོགས་ངེས་ལས་དེ་མིན་གཞིས་ཆགས་སྲ་བརྟན་བྱེད་ཐབས་ག་འདྲ་ཡིན་ནམ།
དེ་བཞིན་གཞིས་ཆགས་སྲ་བརྟན་གྱི་དཀའ་ངལ་གཅིག་ནི་ན་གཞོན་ཚོའི་ངོས་ནས་གཞིས་ཆགས་ལ་སྡོད་རྒྱུར་དེ་དགའ་བོ་མི་བྱེད་ཅིང་ཕལ་མོ་ཆེ་སློབ་སྦྱོང་ལ་ཁ་གཡར་ནས་རང་ལོ་ཉི་ཤུ་ལྷག་ཙམ་བསྐྱལ་རྗེས་ཕྱི་རྒྱལ་རེར་བསྐྱོད་རྒྱུ། གྲོང་ཁྱེར་ཁག་ནས་ལས་ཀ་རེ་རྙེད་ཐབས། དེ་མིན་ན་རྡ་རམ་ས་ལ་རྒྱུ་དུ་ལས་ཀ་རེ་ཨེ་རྙེད་ལྟ་རྒྱུ་དེ་ཚོ་རེད། ན་ནིང་ངའི་གྲོགས་པོཞིག་གིས། གཞིས་ཆགས་མ་རེད་གཞིས་ཤོར་རེད། རེད་ཁ་རྒྱགས་བཤད་པ་ཐོས་སོང༌། དེ་དངོས་གནས་འདྲ་པོ་ཞིག་འདུག
བཙན་བྱོལ་བོད་མིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཅེས་པ་དེ་ཡུལ་རིང་པོར་ཕལ་ཆེར་ཁག་པོ་རེད། བཙན་བྱོལ་བོད་གཞུང་གིས་རིག་གཞུང་སྲུང་སྐྱོབ་ཅིག་ཐུབ་ན་དེ་ནི་རྒྱ་དམར་གྱིས་བོད་ཀྱིས་རིག་གཞུང་གཏོར་བརླགས་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱ་རྒྱུ་དེ་ཙམ་རེད། སྐྱོན་བརྗོད་བྱེད་པ་དེས་མཚམས་མཚམས་སུ་བོད་ནང་གི་རིག་གནས་གནས་ལ་རྒྱ་མིས་གཏོར་བཤིག་མི་ཐེབས་རྒྱུའི་ནུས་པ་རེ་ཐོན་གྱི་མེད་དམ།
རྩོམ་པ་པོས་བཙན་བྱོལ་བོད་གཞུང་གིས་ཆོལ་ཁ་དང་ཤོག་ཁ་བགོ་སྟངས་སྐོར་ཅུང་ཙམ་བཤད་འདུག དེ་ཡིན་ན་ག་འདྲ་ཞིག་བྱས་ན་ཤོག་ཁ་འདྲ་ཞིག་མ་མགོས་ན་འཛིན་སྐྱོང་བྱེད་སྟངས་ཁག་པོ་ཡིན་རྒྱུ་རེད། དེ་སེམས་ནང་ལ་མ་བདེ་བ་ཡོད་དགོས་དོན་དེ་ཙམ་མེད་པ་འདྲ། དེ་ནི་ཕལ་ཆེར་རྩོམ་པ་པོ་རང་ཉིད་ཐུགས་ཁོག་ཆུང་བའི་སྐྱོན་རེ་ཡིན་ན་མ་གཏོགས་ཤོག་ཁག་གང་ལ་ཡང་མ་གཏོགས་པ་ཞིག་ད་བྱ་དགོས་རྒྱུ་མ་རེད། གལ་སྲིད་དེ་ལྟར་བྱས་ན་རང་ཉིད་བོད་མིའི་གྲས་ནས་ཀྱང་དགོང་པ་ཞུ་དགོས་རྒྱུ་མ་རེད་པས། ཤོག་ཁའི་ནང་དུ་ཡོད་ན་ཡང་རདང་ཉིད་ཀྱིས་འཐེན་འཁྱེར་མ་བྱས་དེས་འགྲིགས་པ་རེད།
དགེ་འདུན་མཐར་ཕྱིན་གྱི་བྲིས་པ་འདིར་ཡོད།
http://geshegt.blogspot.it/2013/11/blog-post.html