གསོན་པོ།
གློ་བུར་གྱི་རྐྱེན་ངན།
དུས་ཚོད་ཀྱི་ཚག་སྒྲ་ནི་བར་མཚམས་ག་ལ་ཆད། སྐད་ཅིག་ཙམ་ཡང་མི་སྡོད་པར་འགྲོ་བཞིན་འདུག དྲན་བཞིན་དྲན་བཞིན་གཟོད་རླག་མེད་པའི་མ་ཟུག་ཅིག་སྐྱེས་འོང་། ངེད་གཉིས་ཁ་བྲལ་ནས་ཉིན་བཅུ་ཏག་ཏག་འགྲོ་སོང་། ངས་ཇི་ལྟར་སྒུག་ཀྱང་ཁོ་མོའི་ཁ་པར་ཐེངས་གཅིག་ཀྱང་མ་ཡོང་། ངེད་གཉིས་གྱེས་ཁར་ཁོ་མོས་ཁ་པར་གཏོང་འོང་ཞེས་ཁས་ལེན་བྱས་པ་མ་ཟད་ད་དུང་ང་ལ་དྲན་རྟེན་འདྲ་པར་དང་ལྷན་དུ་ཧིན་སྒོར་གཉིས་སྟོང་སྤྲད་བྱུང་། ང་སེམས་འཚབ་ལངས་བྱུང་། ཁོ་མོར་བར་ཆད་འདྲ་བྱུང་བ་མིན་ནམ། ཁོ་མོས་ཅིའི་ཕྱིར་ཁ་པར་མི་གཏོང་བ་ཡིན་ནམ། བསམ་ཞིང་བསམ་ཞིང་སྡོད་མི་ཚུགས་པར་གྱུར། ངས་རྩིས་པ་ག་གེ་མོའི་སར་ཕྱིན་ཏེ་བརྩིས་བཀོད་བཅུག་ཅིང་མོ་བ་ག་གེ་མོའི་སར་ཕྱིན་ནས་མོ་བཏབ་བཅུག མོ་བ་དང་རྩིས་པས་བཤད་པའི་རིམ་འགྲོ་རྣམས་ལེགས་པར་བསྒྲུབས་ཏེ་ཁོ་མོའི་སྙན་ལྷང་ལྷང་གི་གསུང་སྐད་ལག་ཐོག་ཁ་པར་གྱི་གསང་ནས་འགྱོག་པོར་ཐོས་པའི་རེ་བ་བྱས་པ་ཡིན། ཉི་འོད་འཕྲོ་བའི་ཞོགས་པ་དེར་ངས་སྦྱོང་ཚན་སློབ་དེབ་ཀྱི་ཁ་ཕྱེས་ཏེ་དོན་གནད་འགའ་ཞིག་ལ་བསམ་བློ་གཏང་མོད་ངའི་ཀླད་པའི་མེ་ལོང་ལ་འཁོར་བ་ནི་ངེད་གཉིས་ཀྱི་འདས་སོང་གི་ལོ་ཟླ་དང་བརྩེ་དུང་གི་གཏམ་རྒྱུད་རེད། ང་འདི་ལྟར་རྨི་ལམ་མིན་པའི་རྨི་ལམ་ཞིག་གི་ཞིང་ཁམས་འགྲིམ་སྐབས། ལན་རེར་ཁོ་མོ་མཛེས་སྡུག་ལྡན་པའིཔདྨ་ཞིག་ཏུ་གྱུར་ཏེ་ངའི་སེམས་ཀྱི་སྤང་ལྗོངས་ནས་འགོ་ལྕོགས་ལྡེམ། ང་སད་མ་གཉིད་ཀྱི་འཇིག་རྟེན་ཞིག་ཏུ་འཁྲུལ་སྣང་གི་ར་རོར་གྱུར་སྐབས་ལག་ཐོག་ཁ་པར་གྱི་སྐད་སྒྲ་གྲགས་བྱུང་། དེ་ནི་གཞན་མ་ཡིན་པར་ངའི་སྙིང་གི་ཚུལ་ལུ་སྟེ་ཁོ་མོའི་ཁ་པར་རེད། ཁོ་མོ་བདེ་འཚམ་ཡིན་པ་མ་ཟད་གཅེན་པོར་ཡང་ཐུག་འཕྲད་བྱུང་འདུག འོན་ཀྱང་སྟབས་མ་ལེགས་པའི་གཏམ་ངན་ཞིག་ཁོ་མོ་ངུ་བཞིན་ང་ལ་ཤུབ་བུར་སྨྲས་བྱུང་། “ང་ཕར་སོང་བའི་ཉིན་མོ་དེ་ནས་བཟུང་ངས་ཁྱེད་རང་ཤི་མ་ཤི་དྲན་བྱུང་། ངས་ཐབས་ཤེས་ཡོད་དགུ་བཏང་ནས་ཁྱོད་ལ་འབྲེལ་བ་བྱེད་དགོས་བསམ་མོད། འདིར་ས་ཆ་དང་མི་རྒྱུས་མེད་ཡིན་པ་དང་། སྐད་བརྡ་ཡག་པོ་མི་འཕྲོད་པས་ངས་ད་བར་དུ་ཁྱོད་ལ་འབྲེལ་བ་བྱེད་ཐུབ་མ་བྱུང་། ད་ལྟ་ངས་ཁྱེད་རང་དྲན་གིས། འོན་ཀྱང་ངེད་གཉིས་ཀྱི་བར་དུ་དཔག་ཚད་སྟོང་ཕྲག་མང་པོས་ཆོད་པས་ང་ཁྱོད་ཀྱི་པང་དུ་ཇི་ལྟར་ལོག ད་དུང་ང་ལ་གཟོད་དཀའ་བའི་སྡུག་བསྔལ་ཞིག་གིས་མནན་བྱུང་། ངེད་གཉིས་ཁ་བྲལ་རྗེས་ང་ལ་ཡ་མཚན་པའི་རྟགས་མཚན་མང་པོ་ཞིག་བྱུང་བས་ངས་མུ་མཐུད་དེའི་ཕྱོགས་ལ་བསམ་བློ་གཏོང་མ་ཕོད། འོན་ཀྱང་ངའི་བྲང་གཞུང་གི་ངང་ཆུང་གཉིས་ཇེ་ཆེ་དང་ཇེ་འབུར་དུ་གྱུར་ཅིང་ཀོང་དུ་ལྷུང་བའི་ལྟོ་བ་ཡང་ཉིན་རེ་བཞིན་འབིར་དུ་འདོན་འོང་བས་ངའི་ཨ་མས་ང་ལ་བཤད་མྱོང་བའི་སྦྲུམ་མའི་རྟགས་མཚན་དག་ལ་བསམ་གཞིག་མ་བྱས་ཀྱང་སེམས་ཀྱི་མེ་ལོང་ལ་རང་དབང་མེད་པར་ཤར་འོང་། ད་ཇི་ལྟར་བྱེད་དགོས་སམ། ངེད་གཉིས་ཀྱི་འདུན་ལམ་ཡོད་ཚད་གྲོད་ཁོག་ནང་གི་ཕྲུ་གུ་འདིས་མེད་པ་བྱས་སོང་།” ང་མགོ་ལ་ཐོག་རྒྱབ་པ་ལྟར་ནག་ཐོམ་མེར་གྱུར། མ་གཞི་ངེད་གཉིས་གཉེན་བསྒྲིགས་ཏེ་ཚ་སོབ་སོབ་ཀྱི་ཁྱིམ་གཞིས་ཤིག་བཟུང་ན་ཆོག་མོད། འོན་ཀྱང་ངེད་གཉིས་གཞིས་འཁོར་བའི་ཉམས་མྱོང་མེད་ལ་ཐ་ན་གཞི་རིམ་གྱི་སློབ་སྦྱོང་ཙམ་ཡང་མཐར་ཕྱིན་མེད་པས་རེ་བ་འདི་ཁོ་མོའི་སྤུན་མཆེད་དང་ཕ་མ་ཚོར་ཇི་ལྟར་བཤད། ཁོ་མོ་འདི་ལྟར་སྡུག་བསྔལ་གྱི་ཀློང་དུ་ཚུད་པ་མ་ཟད་ང་ཡང་སྡུག་བསྔལ་གྱི་གནས་ལ་རང་བཞིན་གྱིས་ཚུད་སོང་། ད་དུང་ཁོ་མོས་བརྗོད་པའི་སྐད་ཆ་ཞིག་སྟེ“ངས་གཏམ་ངན་འདི་གཅེན་པོ་ལ་ཇི་ལྟར་བཤད། དེ་ལས་ང་རང་འཇིག་རྟེན་གཞན་ཞིག་ལ་ཞེན་ཆགས་ཀྱི་མིག་ཟུང་ལྟ་བཞིན་འགྲོ་འདོད་འདུག” ཚིག་འདི་བརྗོད་སྐབས་ཀྱི་ཁོ་མོའི་རྣམ་འགྱུར་དག་ཡིད་ལ་ཤར་ཐེངས་རེར་ང་བཟོད་མ་ཐུབ་པར་ངུས་མྱོང་ལ་དྲན་ཤེས་ཡལ་ཏེ་གོ་མེད་ཚོར་མེད་ངང་ལུས་འགྲོ་བའང་ཡོད། ངས་ཁོ་མོར་བསམ་བློ་སྡུག་ཕྱོགས་ནས་གཏོང་མི་འོས་པའི་འགྲེལ་བཤད་དང་ལྷན་དུ་ངེད་གཉིས་ཀྱི་མ་འོངས་པའི་འཚོ་བའི་ཕྱོགས་ལ་བསམ་གཞིག་བྱས་པ་ཡིན། བྱེད་སྟངས་འདི་དག་ལག་བསྟར་བྱེད་སྐབས་ཧ་ཀྱང་གི་བློ་ཕམ་དང་རྒྱུ་འབྲས་ཁྱད་གསོད་ཀྱི་ལས་དཀའ་སྐྱུག་བྲོ་བོ་ཞིག་ཏུ་ཆོར་ཡང་མི་ཚེའི་མདུན་ལམ་དང་། གཅེས་པའི་ཚེ་སྲོག་གི་ཆེད་དུ་ལམ་ཁ་འདི་མ་བདམས་ཀ་མེད་རེད། འདི་ལྟར་དུས་ཡུན་གང་འཚམ་སོང་མོད་ངེད་གཉིས་ཀྱི་འཚོ་བའི་ཁ་ཕྱོགས་འདི་རེད་ཟེར་བ་མ་རྙེད་ལ་ཁོ་མོ་མུ་མཐུད་ཕྱི་རྒྱལ་ནས་སྡོད་འདོད་མེད་པར་གྱུར། གནས་ཚུལ་འདི་ངས་ཁོ་མོའི་གཅེན་པོར་གསལ་བཤད་བྱེད་རྒྱུ་བྱས་མོད་འོན་ཀྱང་ཁོ་མོས་ང་ལ་ཐབས་ཤེས་གཞན་ཞིག་གི་སྐོར་གྲོས་བསྡུར་བྱས་བྱུང་པས་ངས་མོས་མཐུན་བྱས་པ་ཡིན། ངས་ཐབས་ཤེས་ཡོད་དགུ་བཏང་སྟེ་སྐྱེ་འགོག་སྨན་ཞིག་ཁོ་མོར་བསྐུར་བ་ཡིན། རྗེས་སུ་སྨན་དེ་ཁོ་མོའི་ལག་པར་འབྱོར་འདུག་ཀྱང་ངེད་གཉིས་ཀྱི་བསམ་ཕྱོགས་ལ་ཕན་རླབས་ལྡན་པའི་ནུས་པ་ཅི་ཡང་མ་ཐོན། ཁོ་མོས་ཕྱི་རྒྱལ་ནས་ཚུལ་རྒྱ་གར་དུ་ཡོང་དགོས་མིན་ང་ལ་དྲིས་བྱུང་། ངས་གནས་སྐབས་ཕྱི་རྒྱལ་ནས་བསྡད་ན་དགའ་བའི་བསམ་ཚུལ་བསྟན་ཀྱང་ཁོ་མོའི་གཅེན་པོའི་བཀའ་མངགས་བཞིན་ཚུལ་རྒྱ་གར་ལ་ལོག་བྱུང་། ད་དུང་ངེད་གཉིས་ལ་བློ་ཡུལ་ལས་འདས་པའི་གསང་བ་གང་མང་ཞིག་ཡོད་མོད་གསང་བ་ནི་གསང་བ་རང་ཡིན་པས་ཡོད་ཚད་འདིར་རྗོད་ཐབས་ག་ལ་ཡོད། ཁོ་མོ་ཕྱིར་རྒྱ་གར་ལ་འབྱོར་རྗེས་སྔར་ལྟར་བརྩེ་བའི་སེམས་གཏམ་གླེང་ཞིང་དུང་བའི་སྙིང་ཆུང་བསྟན་ཏེ་ཕན་ཚུན་ལ་སེམས་པ་བརླན་པས་བཟོད་དཀའ་བའི་གདུང་བ་དེ་ཡང་རེ་ཞིག་ཆུང་རུ་སོང་བའི་སྣང་བ་སྐྱེས། དོན་དངོས་ཐོག་ཁོ་མོར་ཕྲུ་གུ་གཏན་ནས་འཁོར་མི་འདུག
མུ་འགོད་་་་་་་་་་་་་་་་་་་་་་་་་་་་་་་་་
ལག་ཆོག་མེད་པའི་མྱི་སྡུག་ཞིག་གི་གཤིས་ཀ་མངོན་འདུག། མ་ཚད། ལྐུག་རྟགས་མང་ཙམ་བསྟན་འདུག་པས། མུ་མཐུད་དུ་འབྲི་ན་མི་འཆོར་བར་ཀློག་གི་ཡིན།
ངོ་མ་ཡིན་མིན་མི་ཤེས། འོན་ཀྱང་། དངོས་གནས་ཡག་པོ་བྲིས་འདུག མི་ཐུལ་དུ་འབྲི་རོགས་གནང་། རྒྱབ་བསྐྱོར་ཡོད། གལ་ཏེ་དངོས་མ་ཡིན་ན་ཁྱོད་གཉིས་ལ་བརྟེན་འབྲེལ་ཞུ ཚེ་རིང་ལོ་བརྒྱ་ཁ་བྲོ་བཀྲ་ཤིས། བཀའ་དྲིན་ཆེ།
རྗོད་བྱེད་ཀྱི་ཚིག་སྦྱོར་དང་། གོ་རིམ། ཚོར་བ་འདྲེན་སྟངས་བཅས་གང་ཅིའི་ཐད་ཧ་ཅང་གི་ཕུལ་དུ་བྱུང་བ་ཞིག་བྲིས་གནང་འདུག་པས། མུ་མཐུད་དེ་རྗོད་དོན་གྱི་ཁ་ཕྱོགས་མ་བརླགས་པའི་ཐོོོག་ནས་ཚོར་བ་ཇེ་ཟབ་དང་། གསང་བ་ཇེ་གསལ་ངང་ཀུན་གྱི་ཡིད་དབང་འའཕྲོག་པ་ཞིག་ཏུ་འགྱུར་བའི་རེ་བ་དང་སྨོན་འདུན་ཞུ་བཞིན་མཆིས། སྨྲས་པ། དུ༵ས་རབས་ཉེར་གཅིག་དཔལ་འབྱོར་ཡོ་ལངས་ཁྲོད། །དུ༵ས་དང་འཚམས་པའི་འདོད་པ་བསྟེན་པ་ལས། །དུ༵ས་མིན་དུ༷ས་སུ་འདོད་རྩེར་གཡེེངས་དྲགས་ན། །དུ༵ས་ངན་སྙིགས་མའི་རང་མཚང་མངོན་པར་ངེས། །ཞེས་བྱ་བའི་ཟུང་ལྡན་གྱིས་མཚམས་རྒྱན་ཏེ་སྦྱར་བའོ། །