ང་ཡི་བླ་མ།
བསེ་རུ།
ཚེ་རབས་ཕྲེང་བའི་ལེགས་བྱས་བསོད་ནམས་རྒྱུས།།
ཁ་བ་རི་པའི་སྐྱེ་འགྲོའི་ཞིང་ཁམས་སུ།།
སྙིང་རྗེའི་གཏེར་ཆེན་བྱང་སེམས་འཕགས་པ་དངོས།།
བསྟན་འཛིན་རྒྱ་མཚོའི་མཚན་དཔེ་བཞད་འདི་རྨད།།
ཐོས་པའི་ཆུ་གཏེར་ཐུགས་ཀློང་ཆེས་ཆེར་རྒྱས། །
བསམ་པའི་རིན་ཆེན་དབང་རྒྱལ་བརྗིད་ཅིང་བརྟན།།
སྒོམ་པའི་ཐུགས་རྗེས་འགྲོ་བར་གཟི་འོད་བཀྱེས།།
ང་ཡི་བླ་མའི་མཛད་འཕྲིན་གླིང་འདིར་མཁོ།།
འཆད་པ་ཚངས་པའི་དབྱངས་སྙན་གླིང་འདིར་ཁྱབ།།
རྩོད་པ་གདོང་ལྔའི་གད་རྒྱངས་གླིང་འདིར་སྒྲོག།
རྩོམ་པ་དབྱངས་ཅན་རྒྱུད་མངས་གླིང་འདིར་འཁྲོལ།།
ང་ཡི་བླ་མའི་མཛད་འཕྲིན་གླིང་འདིར་མཁོ།།
སྐུ་ཡི་མཚན་དཔེའི་ཉིན་བྱེད་གླིང་འདིར་འཆར།།
གསུང་གི་འཚེ་མེད་ཞི་བ་གླིང་འདིར་སྒྲོག།
ཐུགས་ཀྱི་བྱམས་བརྩེའི་འོ་རྒྱུན་གླིང་འདིར་བཞུར།།
ང་ཡི་བླ་མའི་མཛད་འཕྲིན་གླིང་འདིར་མཁོ།།
མཁས་པའི་གྲགས་པའི་བ་དན་གླིང་འདིར་གཡོ།།
བཙུན་པའི་ལྟ་སྤྱོད་དྲི་བསུང་གླིང་འདིར་ཁྱབ།།
བཟང་པོའི་ཀུན་སྙོམས་ཉིན་བྱེད་གླིང་འདིར་གསལ།།
ང་ཡི་བླ་མའི་མཛད་འཕྲིན་གླིང་འདིར་མཁོ།།
མཁྱེན་པས་རྒྱལ་ཀུན་ཡེ་ཤེས་གཅིག་ཏུ་བསྡུས།།
བརྩེ་བས་བསྟན་འགྲོའི་མགོན་དང་དཔུང་གཉེན་མཛད།།
ནུས་པས་སྣོད་བཅུད་ཀུན་ལ་དབང་བསྒྱུར་བའི།།
ང་ཡི་བླ་མའི་མཛད་མཐའ་དཔོག་ནུས་མིན།།
བྱིས་པའི་ངང་ཚུལ་ཅན་གྱི་རང་རིགས་རྣམས།།
ང་ཡི་བླ་མའི་གདམས་ངག་ཟབ་མོ་དང་།།
དཀྱེལ་ཡངས་བརྩེ་ཆེན་དགོངས་པའི་དབྱིངས་མྱུལ་ཏེ།།
ང་ཡི་བླ་མའི་བཀའ་དྲིན་དྲན་པར་མཛོད།།
གཞིས་བྱེས་བོད་འབངས་ཀུན་གྱི་བླ་སྲོག་སྟེ།།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོའི་ཞབས།།
ས་མཐར་གྱར་བའི་མི་ལོ་ལྔ་བཅུའི་ནང་།།
ས་གཞིས་ཐེག་དཀའི་ཐུགས་འགན་ཅི་ཕྱིར་འཁུར།།
གང་གི་མཛད་འཕྲིན་ཆུ་གཏེར་ཆེན་པོ་བཞིན།།
གང་གི་དཀའ་ཐུབ་མུ་མེད་ས་གཞི་བཞིན།།
གང་གི་ཐུགས་བརྩེ་མཐའ་ཡས་ནམ་མཁའ་བཞིན།།
གང་གི་དཔེ་ཟླར་འོས་པ་རྙེད་པར་དཀའ།།
ང་ཡི་བླ་མའི་བཀའ་དྲིན་དྲན་བཞིན་དུ།།
ང་ཡི་སེམས་ཁམས་རྦ་ཀློང་རབ་འཁྲུགས་པས།།
ང་ཡི་མིག་ཟུང་མཆི་མས་བརླན་པའི་ཚེ།།
ང་ཡི་སོར་མོས་སྙན་ཚིག་རྒྱུད་མངས་འཁྲོལ།།
རང་རིགས་སྐྱེ་བོའི་ཡིད་ཀྱི་ཞིང་ས་ལ།།
གང་གི་བྱམས་བརྩེའི་འོ་རྒྱུན་ཡོངས་ཁྱབ་སྟེ།།
འཚེ་མེད་ཞི་བའི་ལང་ཚོ་རབ་དར་ཏེ།།
འཛམ་གླིང་ཞི་བདེའི་ཕོ་ཉར་འགྱུར་བར་ཤོག།
༄་། སྤྱན་རས་གཟིགས་དབང་མི་ཡི་གཟུགས་སུ་འཁྲུངས་།
ཞི་བདེའི་སྡེ་དཔོན་རྒྱ་མཚོའི་མཚན་ཅན་མཆོག་
མཁའ་མཉམ་འགྲོ་བའི་དོན་དུ་ཞལ་ཆེམས་གསུམ་།
མི་སེམས་བཟང་བཞིན་ཀུན་ཁྱབས་སེམས་འཁུར་དང་།
ཆོས་ལུགས་མཉམ་མཐུན་བརྩེ་བཀུར་དང་དུ་ལེན་།
གངས་ཅན་བདེན་མཐའ་བདེན་པའི་བརྩོན་ལེན་དག་
གང་གིས་མཛད་པའི་བླ་མེད་ཐུགས་དགོངས་ནི་
འཇིག་རྟེན་འདི་ལ་ཕན་པའི་སླད་དུ་མཛད་
སྲོལ་བཟང་དེ་ནི་ཡུན་དུ་གནས་གྱུར་ཅིག
ཉལ་འགྲོ་ཙོང་ཆུས་མེ་ཏོག་འཐུ་བའི་སར།།
ལྟེ་བའི་ཁྲག་གིས་ཐིག་ལེ་བཀོད་པའི་ཚེ།།
ས་ཆེན་འདི་ལ་འོད་སྣང་འཕྲོས་སོ་ཞེས།།
དཀར་ཕྱོགས་ལྷ་རྣམས་དགའ་བའི་ཅ་ཅོ་བསྒྲགས།།
ཆེ་དགུས་བརྟག་ལུང་ཆོ་ག་རྩོམ་པ་ན།།
གངས་ཀྱི་རི་ལ་གནས་པའི་དམ་ཅན་ཚོགས།།
དྭངས་པའི་མཚོ་ལ་ཨ་ཀ་མ་ཞེས་པའི།།
ལུང་བསྟན་ཚིག་གི་རི་མོ་འབྲི་ལ་བྲེལ།།
བདུད་ཀྱི་རུ་མཚོན་གངས་ཅན་བསྟན་སྲིད་ལ།།
གནོད་པའི་གཤེད་མ་མེ་ལྟར་མཆེད་པའི་ཚེ།།
རང་གི་འབངས་དང་ཆོས་རིག་སྤེལ་བའི་སླད།།
འཕགས་པའི་ཡུལ་དུ་གཙན་པའི་རྫོང་འདི་བྱས།།
བསྟན་པའི་གདུགས་དཀར་འཛམ་གླིང་ཡངས་པའི་ཁྱོན།།
སྙིང་རྗེའི་ཐུགས་བསྐྱེད་དཔུང་བས་ཡར་བཏགས་ཚེ།།
ཉམ་ངའི་ཚ་གདུང་འོག་གི་སྐྱེ་འགྲོ་དག།
ཆོས་ཀྱི་གྲིབ་བསིལ་བདེ་དགའི་དཔལ་དུ་ཐོབ།།
ཞབས་ཀྱི་པདྨ་གོ་ལའི་ཁྱོན་ལ་བསྒྱུར།།
ཆོས་ཀྱི་བྱིན་རླབས་གདུལ་བྱའི་རྒྱུད་ལ་སིམ།།
འཛམ་གླིང་འདི་ན་ཆོས་ཀྱི་རྒྱལ་བོ་ཞེས།།
སྐྱེ་དགུ་ཡོངས་ཀྱི་ལག་སོར་སྙིང་གར་ཟིམ།།
བྱང་ཕྱོགས་ཁ་བ་ཅན་གྱི་རྗེ་བོ་ཁྱོད།།
འཛམ་གླིང་ས་ཆེན་ཡངས་པའི་ཉི་མ་ཆེ།།
དུག་གསུམ་གྱིས་བསྒྲིབས་འགྲོ་བའི་སེམས་ཀྱི་མུན།།
སྐད་ཅིག་སེལ་མཛད་ང་ཡི་བླ་མ་རྒྱལ།།
ྋགོང་ས་མཆོག་ལ་བསྟོད་པ་གྲངས་ཀྱི་སྒྲ་རྒྱན།
སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ས་བཅུའི་བདེ་གཤེགས་ཀུན་གྱི་སྙིང་རྗེའི་གཏེར།།
སྟོབས་བཅུའི་ཡོན་ཏན་མ་ལུས་ལེགས་མངའ་ཞིང༌།།
ཕྱིན་བཅུའི་ལམ་བཟང་དུས་ལྟར་སྟོན་མཛད་པ།།
ཕྱོགས་བཅུའི་འགྲོ་བའི་མགོན་གཅིག་པད་དཀར་ཞབས།།
རིམ་དགུའི་ཐེག་སོགས་རིས་མེད་གྲུབ་མཐའ་དང༌།།
མཁས་དགུའི་གདམས་ངག་དཔྱད་ཅིང་ཉམས་སུ་བཞེས།།
འདོད་དགུའི་གཏེར་གྱིས་འགྲོ་རྣམས་ཚིམ་མཛད་པ།།
སྐྱེ་དགུའི་གཙུག་རྒྱན་བསྟན་འཛིན་རྒྱ་མཚོར་འདུད།།
མི་ཁོམ་བརྒྱད་ཀྱི་འཁོར་བའི་བཙོན་ར་འདིའི།།
ཕྱོགས་མཚམས་བརྒྱད་ཀྱི་ཉམ་ཐག་འགྲོ་བའི་ཚོགས།།
སྡུག་བསྔལ་བརྒྱད་ཀྱི་འཇིགས་པ་ཡོངས་སེལ་ཕྱིར།།
འཕགས་ལམ་བརྒྱད་ཀྱི་ལམ་གནད་སྟོན་ལ་དཔའ།།
སྤོང་བ་བདུན་སོགས་རིང་ནས་སྤངས་པ་ཡིས།།
ང་རྒྱལ་བདུན་གྱི་ར་རི་མ་གོས་པར།།
འཕགས་ནོར་བདུན་གྱི་དབང་ཕྱུག་ལྷའི་བླ་མ།།
འཇིག་རྟེན་བདུན་ལས་རྒྱལ་མཛད་རྒྱལ་བའི་མཆོག།
གདུང་དྲུག་བོད་མིའི་ཤ་ཚུགས་ལེགས་འཛིན་ཅིང༌།།
ས་དྲུག་བོད་ཀྱི་དོན་གཉིས་ཐུགས་སུ་བཞེས།།
འགྲོ་དྲུག་སེམས་ཅན་ཀུན་ལ་མ་ལྟར་བརྩེ།།
ཕྱིན་དྲུག་རྒྱལ་སྲས་སྤྱོད་ལ་ཞི་ལྷ་དངོས།།
འབྱུང་ལྔའི་ཚ་གྲང་མི་སྙོམས་འཁྲུགས་པ་དང༌།།
ཕུང་ལྔའི་འགྲོ་རྣམས་བག་མེད་གཡེངས་བ་ཡི།།
སྙིགས་ལྔའི་དུས་འདིར་མགོན་པོ་གང་ཉིད་ཀྱིས།།
རྒྱུད་ལྔའི་འགྲོ་བ་རིས་མེད་བདེ་བས་སྐྱོངས།།
དུས་བཞིར་དབྱེ་བ་མེད་པར་གཞན་དོན་ཆེད།།
ཕྱོགས་བཞིའི་རྒྱལ་ཁམས་ཀུན་ལ་ལེགས་བྱོན་ནས།།
བདེན་བཞིའི་ཆོས་ཀྱི་འཁོར་ཆེན་སྐོར་མཛད་པ།།
སྐུ་བཞིའི་བདག་ཉིད་བསྟན་འཛིན་རྒྱ་མཚོར་འདུད།།
ཁམས་གསུམ་སྐྱེ་འགྲོ་ཀུན་གྱི་གཉེན་གཅིག་པུ།།
དུས་གསུམ་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར།།
ཆོལ་གསུམ་བོད་མིའི་སྐྱབས་མགོན་པད་དཀར་འཆང༌།།
སྒོ་གསུམ་གུས་པའི་ཡུལ་དུ་རྟག་བརྟན་ཤོག།།
ལུགས་གཉིས་ཤེས་བྱའི་རྣམ་གཞག་གང་ལ་ཡང༌།།
སྒྲིབ་གཉིས་དྲི་མ་ཙམ་ཡང་མ་གོས་པར།།
རྒྱལ་གཉིས་དབུ་མའི་ལམ་གྱིས་འདུམ་མཛད་པ།།
རྐང་གཉིས་འགྲོ་བའི་ཚུལ་བྱོན་འཇིག་རྟེན་མགོན།།
ལྷ་གཅིག་ཕྱག་ན་པདྨོ་མི་རྗེའི་ཚུལ།།
སྐྱབས་གཅིག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེ།།
རྩེ་གཅིག་ཞབས་པད་བསྐལ་བརྒྱར་བརྟན་པ་ཡི།།
ཁ་གཅིག་ཙམ་མིན་སྙིང་ནས་སྨོན་ལམ་འདེབས།།