རེབ་ཐོག་མདའ།
སྲས་གཙང་རྒྱལ་བོའི་སྲས་སུ་འཁྲུངས་པའི་བདག་གི་སྟོན་པ་ཐུགས་རྗེ་ཅན།།
མི་རྟག་འཁོར་བའི་མངའ་ཐང་ཟབ་མོ་སེམས་ཀྱི་ཟབ་སར་མ་བྲིས་པར།།
སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལྕི་མོ་ངེས་ཤེས་ཟབ་མོའི་བློ་གྲོས་ཡིས།།
བྱང་ཆུབ་ལྗོན་པའི་འདབ་རོལ་ཞིག་ནས་སྐུ་གསུམ་གོ་འཕང་དལ་གྱིས་རྙེད།།
རྒྱུ་འབྲས་བསླུ་མེད་སྐྱེ་འཆི་མི་རྟག་ཆར་ཞོར་ཀློང་གི་གློག་དམར་དང་།།
རྟེན་ཅིང་འབྲེལ་བའི་གནས་ལུགས་ཟབ་མོ་བློ་ཡིས་དཔྱད་པའི་གདམས་ངག་སོགས།།
འདུས་བྱས་ཐམས་ཅད་སྐད་ཅིག་འགྱུར་བར་ཆོས་ཅན་ཀུན་གྱི་གནས་ལུགས་ཞེས།།
གང་གིས་གསུངས་བའི་ཆོས་ཕུང་བཞི་ཁྲི་ཉོན་མོངས་དུག་གི་གཉེན་དུ་གྱུར།།
དུས་གསུམ་སངས་རྒྱས་ངོ་བོ་དབྱེར་མེད་ཚེ་རབས་སྐྱབས་གནས་ཤཱཀྱ་ཐུབ།།
རྐང་གཉིས་གྲོང་ལ་མྱི་ཡི་ཚུལ་དུ་ལན་གཅིག་སྐྱེས་པ་བཞེས་ན་ཡང་།།
འཇིག་རྟེན་བྱེ་བ་ཕྲག་བརྒྱའི་གོང་ལ་སྐུ་གསུམ་གོ་འཕང་ཐོབ་ཡོད་པ།།
བླུན་པོའི་བུ་ཡིས་བློ་ཡིས་བརྟགས་ན་དེ་ནི་བདེན་དུ་རློམ་པར་འཚལ།།
ཐོབ་ཤོར་ཡོད་ཚད་དཀོན་མཆོག་ཅེས་པའི་ལྷ་ཆེན་ཞིག་གིས་བསྐྲུན་རབས་དང་།།
དབུལ་ཕྱུག་སྐྱེ་བོའི་སྐྱིད་སྡུག་ལེགས་ཉེས་དཀོན་མཆོག་ཅིག་གིས་བཟོས་རབས་སོགས།།
ཕྱི་རོལ་གྲུབ་མཐའི་ཆོས་ལུགས་སྨྲ་བའི་ངག་ན་འབྲུག་ལྟར་ལྡིར་ན་ཡང་།།
ཁྱོད་ཀྱིས་ལས་འབྲས་རྒྱུ་རྐྱེན་མ་ལུས་གསུངས་བའི་གདམས་ངག་ཟབ་མོ་ལ།།
དེང་རབས་ཁྲོད་ན་གྲགས་པ་འབར་བའི་ཚན་རྩལ་པ་ཡང་ཧད་དེ་ལུས།།
སངས་རྒྱས་འཇིག་རྟེན་བྱོན་པའི་སྐལ་བ་ཞལ་མཇལ་གསུང་ཐོས་མ་བྱུང་ཡང་།།
ཁྱོད་ཀྱི་གསུང་གི་ཉིང་ཁུ་འཐུང་བཞིན་འཁོར་བ་སྡུག་གི་གྲུ་ཟུར་ནས།།
དུས་རབས་ཉི་ཤུའི་མགོན་དུ་སླེབས་པའི་སངས་རྒྱས་མྱི་ཡི་རྣམ་རོལ་པ།།
སྐྱབས་མགོན་བླ་མའི་ཅི་གསུངས་བརྩི་བཞིན་སངས་རྒྱས་ས་ལ་སྐྱེས་པར་ཤོག །
ཕྱི་ལོ་༢༠༡༣ཟླ་༥ཚེས་༢༤ཉིན་བདག་ཅག་གི་སྟོན་པ་མཆོག་གི་དུས་ཆེན་ལ་ཕུལ།
ཤིང་གི་འོག་ཏུ་འཁྲུངས་པ་ལྟར། །
ས་གའི་ཉ་ལ་སྐུ་བལྟམས་པ། །
རྡོར་གདན་བྱང་ཆུང་ཤིང་འོག་ལྟར། །
ས་གའི་བཅོ་ལྔར་མངོན་སངས་རྒྱས། །
རྩྭ་མཆོག་ཤིང་དྲུང་འདས་པ་ལྟར། །
ས་གའི་ཉ་གང་གཤེགས་དེ་མཚར། །
སྲས་གཙང་སྲས་ལ་ཕྱག་འཚལ་ལོ།།