ནག་པོ་སྦྲུལ་གྱི་མདུད་པ།
—–རྒན་པོ་དང་རྒྱ་མཚོ་ཞེས་པའི་གློག་བརྙན་ལ་བལྟས་རྗེས་བྲིས།
ངའི་ཆུང་མས་ངས་ལྟ་འདོད་ཡོད་པའི་གློག་བརྙན་རྒན་པོ་དང་རྒྱ་མཚོ་ཟེར་བ་དེ་བརྙན་འཕྲིན་དུ་བསྒྲིགས་ནས། མོ་རང་ལ་དེར་ལྟ་འདོད་མི་འདུག་ཟེར་ནས་ཕྱིར་མལ་ཁང་དུ་འགྲོ་སོང་། ངས་ང་རང་གི་སེམས་ལ་ཅི་ཞིག་མཐོང་བ་དང་ལྟ་བར་བྲེལ་བ་ལངས་པ་ནི། བུ་ཕྲུག་ཅིག་རང་གི་ཨ་མ་ཁྱིམ་དུ་ཕྱིར་སླེབས་པའི་ཚོར་བ་ལྟར་དགའ་ཚོར་ངང་གཟབ་ནན་གྱིས་ལྟ་འགོ་བཙུགས་པ་ཡིན། རྩྭ་སྐྱ་འཇག་མའི་ཕོན་པོ་དག་གིས་ཐོག་བཀབ་པའི་རྒྱ་མཚོའི་ཁའི་ཐར་ཐོར་གྱི་གྲོང་ཚོ་མཐོང་བྱུང་། ངོ་མ་སྒྲུང་དེབ་ལས་བཤད་པ་ལྟར་རྒན་པོ་དང་རྒན་པོའི་འཚོ་བ་ནི་དབུལ་ཞིང་ཕོངས་པ་ཞིག་རེད་ཨང་། རྒན་པོས་ཚིག་ཇ་ཕོར་བ་གང་འཐུངས་རྗེས་ནམ་མ་ལངས་པའི་མུན་ཁྲོད་དུ་ལམ་ལ་ཆས། སྣུམ་སྒྲོན་གྱི་འོད་ངོགས་ན་རྒན་པོ་ཁོ་རང་གི་རེ་བ་དང་མདང་ནུབ་ཀྱི་རྨི་ལམ་གྱིས་ཡིད་ཆེས་ཀྱི་བསམ་བློ་གསར་པ་ཞིག་གིས་རང་ཉིད་ལ་སྤོབས་པ་སྐྱེས་འདུག
ནམ་མཁའ་དང་རྒྱ་མཚོ་གཅིག་ཏུ་འདྲེས་པའི་རྒན་པོའི་འཇིག་རྟེན་ན། རང་གིས་རང་ལ་ཁེར་བཤད་བྱེད་བཞིན། རང་གི་ཤིང་གྲུ་ཆུང་ངུའི་རླུང་ཡོལ་ཕབ་ནས་ཡར་མར་ལ་རྒྱང་ལྟ་བྱས་ནས་བསྡད། ད་དུང་བཙལ་དོན་ཅི་ཡང་རྙེད་དོན་དུ་མ་ཐོབ་པའི་རྒན་པོའི་སེམས་ཀྱི་རེ་བཞག་དང་སྤོབས་པ་ཆེ་རུ་འབར། ཉི་མ་ཤར་ནས་ནུབ་ཕྱོགས་སུ་ཡིབས་ཤིང་ཡང་བསྐྱར་འཆར་བཞིན་པའི་ཉིན་མོ་དེར། རྒན་པོས་ཉ་འཛིན་ཐག་པ་གློ་བུར་དུ་འགུལ་ཞིང་རྒན་པོ་ཡང་གློ་བུར་དུ་དགའ་ཚོར་གྱིས་ཐག་པ་འཐེན་བཞིན་ཉིན་ཞག་བཞི་ལ་བསྡད། ཉ་ཆེན་དེ་གསོད་ཐུབ་པ་བྱུང་རྗེས་འཇིག་རྟེན་གྱི་རྒྱུ་ནོར་ཡོད་ཚད་ཁོ་ལ་ཐོབ་པ་ལྟ་བུའི་དགའ་སྤྲོའི་ངང་ཕྱིར་ལམ་ལ་ཆས་ན་ཡང་། རྒྱ་མཚོའི་ནང་གི་ཉ་ཆེན་ཤ་གཟན་དག་ཡོང་ནས་རྒན་པོའི་བསད་པའི་ཉ་ཆེན་དེའི་ཤ་རྣམས་འཕྲོག་ཅིང་ཟོས། རྒན་པོས་གྲི་དང་དབྱུག་པ། ཅ་ལག་ཡོད་ཚད་བཀོལ་ནས་དྲག་ཤུགས་ཡོད་ཚད་ཀྱིས་ཉིན་མཚན་བསྟུད་མར་འཐབ་འཛིངས་བྱས། དེ་ལྟར་དཀའ་ངལ་ཚད་མེད་ཅིག་གི་བརྒྱུད་རིམ་བརྟོལ་ནས་རྒན་པོ་རང་གནས་མཚོ་ཁ་རུ་སླེབས་དུས། བསད་པའི་ཉ་ཆེན་དེའི་རུས་ཀོག་མ་གཏོགས་ཅི་ཡང་ལྷག་མེད་ལ། རྒན་པོ་ཧ་ཅང་ཐང་ཆད་པའི་ངང་གཉིད་དུ་ཡུར་ཞིང་། ཡང་བསྐྱར་སེང་གེ་རྨི་ལམ་དུ་རྨིས་ཤིང་སེང་ཕྲུག་དག་རྩེད་བཞིན་འདུག
འདི་ནས་འདི་ལྟར་རྒན་པོ་དང་རྒྱ་མཚོ་ཟེར་བའི་སྒྲུང་རྩོམ་དེའི་གློག་བརྙན་མཇུག་རྫོགས་སོང་། ངས་སེམས་ལ་ཚོར་བ་ནི་ང་དང་ང་ཚོ་འཇིག་རྟེན་གྱི་མི་སྡེ་ཡོངས་ཀྱི་འཚོ་གནས་ཀྱང་ངང་ཚུལ་མངོན་སུམ་པ་འདི་ཉིད་ཁོ་ན་རེད་འདུག་སྙམ་བྱུང་། མ་ཟད་གློག་བརྙན་འདིར་བལྟས་རྗེས་ངས་ང་རང་རྒན་པོ་དང་རྒན་པོའི་མི་ཚེའི་འཚོ་བ་ལྟར་འཚོ་བཞིན་ཡོད་པ་ཤེས་རྟོགས་བྱུང་། དེ་བཞིན་ང་ཚོ་མིའི་འཚོ་བ་དང་མི་ཚེ་ནི། ཡང་ནས་བསྐྱར་དུ་འཁོར་བཞིན་པའི་ཟློས་གར་བརྙན་འཁོར་ཞིག་དང་ཀུན་ནས་མཚུངས།
ཅི་ཞིག་འཐོབ་པ་དང་གང་ཞིག་འགྲུབ་པར་ཉིན་མཚན་བསྟུད་མར་འཚོ་བའི་རྒྱ་མཚོ་ཆེན་པོའི་ནང་ཞུགས་ན་ཡང་། མཇུག་འབྲས་ནི་ཅི་ཡང་འཐོབ་རྒྱུ་མེད་པར་རང་ཉིད་གཅིག་པུར་གྱུར་ནས་ཁེར་བཤད་རེ་བྱས་ནས་རྫོགས་དགོས་པ་འདི་རེད་འདུག ང་ཚོས་འབད་འབད་ཀྱིས་ཅི་ཞིག་བསྒྲུབས་ཟིན་པ་དང་སྒྲུབ་བཞིན་པའི་འཚོ་བ་འདིས། ང་ཚོ་ལ་ང་ཚོའི་རེ་བ་དང་རྨི་ལམ་ཇི་བཞིན་གྱི་འཚོ་བ་ཞིག་སྤྲོད་ཀིན་འདུག་གམ། ང་ཚོས་ང་ཚོ་ཡང་རྒན་པོ་ཇི་བཞིན་འབད་འབྲས་རུས་ཀོག་ཅིག་ལས་ང་ཚོ་རང་ཉིད་ལ་ཅི་ཡང་མེད་པར་མི་ཚེའི་འཚོ་གནས་ཀྱི་རྒྱ་མཚོ་ཆེན་པོ་འདིའི་ཕ་རོལ་ཏུ་འགྲོ་རྒྱུར་བརྩོན་བཞིན་པ་མ་ཡིན་ནམ། ངོ་མ་མི་ཚེ་དང་འཚོ་བ་འདི་ལྟར་ཡིན་ངེས་པས། འཚོ་བ་འདིའི་ནང་དུ་འཐིམས་པའི་ང་ཚོས་ང་ཚོ་འདི་ལྟར་ཅི་ཞིག་གི་ཕྱིར་དུ་འཚོ་བ་དང་། ཇི་ལྟར་འཚོ་བཞིན་པའི་གནས་ཚུལ་དངོས་ལ་བསམ་བློ་རེ་ངེས་པར་དུ་གཏོང་དགོས་པར་སེམས།
རྒན་པོ་དང་རྒྱ་མཚོ་ཟེར་བའི་སྒྲུང་རྩོམ་གློག་བརྙན་འདིའི་རྒྱབ་ལྗོངས་ནི། མི་དང་མིའི་འཚོ་བ་རེད་ལ། མི་ཚེ་དང་མི་ཚེའི་མཇུག་འབྲས་བསྟན་པའི་སྡོམ་ཚིག་ངོ་མ་ཞིག་ཀྱང་ཡིན་པར་སྣང་། ངས་བསམས་ན། ང་ཚོ་མི་སུ་ཞིག་ཡིན་ན་ཡང་རྒན་པོ་དང་རྒྱ་མཚོ་ཞེས་པའི་སྒྲུང་རྩོམ་གློག་བརྙན་འདི་འཁྲབ་མཁན་ཞིག་ཡིན་པ་ལས་བརྙན་འཕྲིན་ཟློས་གར་དེར་ལྟ་མཁན་ཞིག་མ་རེད་སྙམ་མོ། །
རྒན་པོའི་ཁེར་བཤད་ཉན་པའི་རྒྱ་མཚོ་རུ།།
ཉ་འཛིན་ཐག་པར་འཐམས་པའི་རྒན་པོ་ཡིས།།
ཉིན་མཚན་རེ་དོགས་རྨི་ལམ་གཏོང་བཞིན་དུ།།
མི་ཚེའི་འཚོ་བའི་གནས་ལུགས་ཤུབ་བུར་གླེང་།།
༡༥ ༥ ༢༠༡༣