ཀླུ་སྨྱོན་ཧེ་རུ་ཀའི་རང་མོས་སྙན་ངག་མུ་འགོད།
༡
འོ་དྲི་འཐུལ་བའི་རྨི་ལམ་ཞིག་གི་སྔོན་འགྲོར་བརྟེན་ནས།
སྲིང་ཆུང་མ་ཁྱོད་སྙན་ངག་གི་གནས་ཡུལ་བརྒྱུད།
མེ་ཏོག་དང་ཟླ་འོད་བཞུར་བའི་མཚན་ལྗོངས་སུ།
ཁྱེད་ཀྱི་ཟུར་མིག་ལ་གདུངས་དབྱངས་འཁྱིལ།
སྤྲིན་པ་དང་གཡང་གཡང་དཀར་གྱི་འཇོ་སྒེག་ཁྲོད།
ཁྱེད་ཀྱི་ལང་ཚོ་ལ་བརྩེ་མདངས་འབར།
ན་ཚོད་དང་བསམ་གཞིག་གི་འགལ་འདུའི་ཀློང་ནས།
ཁྱེད་ཀྱི་མྱོས་བུམ་ལས་སྙན་ངག་འབུས།
འཇའ་ཚོན་དང་མཚོ་ཀློང་གི་གར་སྟེགས་སུ།
ཁྱེད་ཀྱི་ལྷག་བསམ་ལ་ཕྱོགས་རིས་བྲལ།
ཉི་འོད་དང་མཁའ་དབུགས་ཀྱི་རམ་འདེགས་ཁྲོད།
ཁྱེད་ཀྱི་སྐྲ་ལོ་ལས་དྲན་ཤིང་འཕྱོ།
ཆུ་ཤེལ་ལྕུག་ཕྲན་ལྡེམ་པའི་འཇོ་སྒེག་གི་རྒྱབ་ཏུ།
ཁྱེད་ཀྱི་བྱིན་རླབས་ལ་དྲོད་ཁོལ་འཁྱིལ།
རོལ་དབྱངས་དང་མེ་ཏོག་གི་འདྲེས་མཚམས་སུ།
ཁྱེད་ཀྱི་བྱམས་བརྩེ་ལ་ཕ་མཐའ་བྲལ།
གསོལ་འདེབས་དང་གདུང་དབྱངས་ཀྱི་རྨི་ལམ་ཁྲོད།
ཁྱེད་ཀྱི་བརྩེ་དུང་ལ་ར་རི་དབེན།
ཆོས་ཉིད་དང་འོད་གསལ་གྱི་བསྣོལ་མཚམས་སུ།
ཁྱེད་ཀྱི་སྙན་ངག་ལ་གློག་ཞགས་མཆེད།
ཤོག་དཀར་དང་སྨྱུ་གུའི་རོལ་རྩེད་ལས།
ཁྱེད་ཀྱི་འདོད་བརྩེ་ལ་སྦྲང་རྩི་འཕྱུར།
འཆར་ཡན་དང་ཐོབ་ཤོར་གྱི་གྱེས་མཚམས་སུ།
ཁྱེད་ཀྱི་གཏམ་རྒྱུད་ལ་དགའ་སྐྱོ་བརྩེགས།
ཀྱེ། གདུང་མཆོད་ཀྱི་ཚེ་འབར་ལ་ཡོད་ཚད་བསྟིམས་པའི།
ཁེར་རྐྱང་གི་ཕྱེ་མ་ལེབ་སྟེ། སྐོམ་གདུང་གི་ཁོ་བོས།
ཁྱེད་ཉིད་བཙལ་ནས་ལོ་ཟླ་འདས།
དབྱངས་ཅན་མ།
ནམ་ཡང་བརྗེད་ཐབས་བྲལ་བའི།
མཚོ་ཀློང་གི་སྙན་ངག་དཀར་པོ།
བྱམས་ལྡན་མ།
ནམ་ཡང་བསླུ་བ་མེད་པའི།
སྙིང་དབུས་ཀྱི་མཆོད་པའི་ལྷ་མོ།
༢
དབྱངས་ཅན་མ།
གངས་རིའི་ཕྲེང་བ་འདི་བདག་གི་མིག་སྔར་འགྱིངས་མེད་ན།
ང་། ཆུ་འཛིན་དཀར་པོའི་གདུངས་དབྱངས་ལ་འཇུས་ནས། གློག་ཞགས་དམར་པོའི་འོད་སྣང་ལ་དུང་བཞིན།
ཁྱེད་ཀྱི་བྱིན་རླབས་ལ་དེ་འདྲའི་རེ་སྒུག་ཅིག་ག་ལ་བྱེད།
དབྱངས་ཅན་མ།
གངས་ཆབ་བསིལ་མ་འདི་བདག་གི་རྩ་ལམ་དུ་རྒྱུ་མེད་ན།
ངས། འོ་ཞོ་ལྟ་བུའི་སེམས་པ་མཐོ་རུ་བཏེགས་ཏེ།
ཆུ་ཤེལ་ལྟ་བུའི་མིག་ཆུ་སྙིམ་པར་བསྐྱིལ་ཏེ།
ཁྱེད་ཀྱི་དངོས་གྲུབ་ལ་དེ་འདྲའི་རེ་སྒུག་ཅིག་ག་ལ་བྱེད།
དབྱངས་ཅན་མ།
ཁ་བའི་ཡུལ་ལྗོངས་འདིར་བདག་གི་ལྟེ་ཁྲག་སིམ་མེད་ན།
ངས། སྙིང་དམར་པོའི་གསང་བ་ཕྱི་རུ་བླངས་ཤིང་།
ཁྲག་དྲོན་མོའི་རིན་ཐང་ཤོག་བུར་བཀྲམ་སྟེ།
ཁྱེད་ཀྱི་ཟུར་མིག་ལ་དེ་འདྲའི་རེ་སྒུག་ཅིག་ག་ལ་བྱེད།
༣
དབྱངས་ཅན་མ།
མི་ལ་རས་པ་དང་ཚངས་དབྱངས་རྒྱ་མཚོ། ད་དུང་དགེ་འདུན་ཆོས་འཕེལ།
དཀའ་སྤྱད་ཀྱི་གངས་ཁྲོད་དུ་འགྱེལ་ཟིན་པའི་ལྷ་གཡག་རེ་རེ།
ཁྱེད་ཀྱི་སྒྲ་དབྱངས་ལ་རྩེན་པའི་རྣམ་ཤེས་ལྡོམ་པོ།
ཁྱེད་ཀྱི་མེ་ཏོག་ལ་འཁོར་བའི་བུང་བ་སེར་པོ།
བློ་བཟང་གྲགས་པ་དང་ཀློང་ཆེན་རབ་འབྱམས། ད་དུང་བོ་དོང་པཎ་ཆེན།
རྟག་བརྟན་གྱི་ཞིང་ཁམས་སུ་མནལ་ཟིན་པའི་ཁྱེའུ་རེ་རེ།
ཁྱེད་ཀྱི་ཟུར་མིག་གིས་བསྣུན་པའི་རྨས་མ་ཉམ་ཐག
ཁྱེད་ཀྱི་བསླུ་བྲིད་ཀྱིས་མནར་བའི་ལྷག་བསམ་དཀར་པོ།
དབྱངས་ཅན་མ།
ལབ་ཀྱི་སྒྲོལ་མ་དང་ཚོགས་དྲུག་རང་གྲོལ། ད་དུང་སྒེའུ་སྟེང་བློ་བཟང་།
འཇའ་འོད་ཀྱི་གུར་ཁང་དུ་ལོག་ཟིན་པའི་ལྷ་སྲས་རེ་རེ།
ཁྱེད་ཀྱི་འོད་ཟེར་གྱིས་བསྲེགས་ཟིན་པའི་སྟོན་ལོ་སེར་པོ།
ཁྱེད་ཀྱི་རོལ་སྒེག་གིས་བསླུས་ཟིན་པའི་གཏམ་རྒྱུད་སྐྱུར་མོ།
ན
དགོངས་པ་མ་ཚོམས། ངའི་སྙན་ངག་ཡིན་ཁུལ་འདིའི་བར་མཚམས་བཅད་ནས་དགོད་དགོས་བསམས་ཀྱང་གཅོད་སྟངས་ལག་ལེན་གྱིས་འདེངས་མ་སོང་། རྩོམ་སྒྲིག་པའི་ལམ་སྟོན་དེ་བེད་སྤྱོད་བྱས་ཀྱང་དེ་བཞིན་ཡོང་གི་མི་འདུག
སྐུ་ཞོག་ཡེ་ཤེས་ལགས། མི་གཞན་གྱི་བསམ་ཚུལ་ལ་གུས་ཞབས་བྱེད་རོགས། དྲ་གྲོགས་མང་པོས་ཁྱེད་རང་གི་རྩོམ་ཡིག་གཅིག་པོ་ཀློག ཁྱེད་རང་གཅིག་པོའི་རྩོམ་ཡིག་ལ་ལན་བྲིས་ནས་འདུག་འདོད་མེད་པའི་བསམ་ཚུལ་ཡང་ནས་བསྐྱར་དུ་ཡོང་གི་འདུག དེའི་ཕྱིར་ཁྱེད་རང་གི་བོད་ཀྱི་དུས་བབས་ཀྱི་ནང་དུ་པོད་ཁུག་གམ་མི་སྒེར་གྱི་ཟིས་བྲིས་སྒོ་འབྱེད་ས་འདུག་པས། དེ་རུ་ཁྱེད་རང་ལ་ག་ཚོད་སྟོན་རྒྱུ་ཡོད་ན་ཡང་སྟོན་ཆོག་གི་འདུག དེ་རུ་འདོད་པ་ཡོད་མཁན་ཚོས་ཉིད་ཀྱི་རྩོམ་ཀློག་ཆོད་པ་དང་། འདོད་པ་མེད་མཁན་ཚོ་ཆེད་དུ་ཁྱེད་རང་གི་ཟིན་བྲིས་ནང་འཛུལ་དགོས་དོན་མེད་པས་སྤྱི་ཕན་ཡོང་ས་རེད། འདི་ནང་་གཏན་ནས་ཕེབས་ཆོག་གི་མ་ལབ་པ་མིན།
ངས་འདིར་རང་གི་སྙན་ངག་ཡིན་ཁུལ་རེ་སྤེལ་བ་ནི་དྲ་རྒྱ་འདིའི་རྩོམ་སྒྲིག་པས་དྲ་ཚིགས་འདི་ལ་ཆེད་དུ་སྙན་ངག་གི་ལེ་ཚན་ཞིག་བཞག་འདུག་པ་དེ་སྟོང་བར་མི་ལུས་པའི་ཆེད་ཡིན། དཔེར་ན་སྒྲུང་རྩོམ་གྱི་ལེ་ཚན་དེ་ཕལ་ཆེར་སྟོང་བར་ལུས་འདུག་པ་ལ་ཅིག་གཟིགས་དང་། གཞན་གཞན་གྱི་མཚང་འབྲུ་བའི་ཚིག་རྫོབ་རྐྱང་རྐྱང་འབྲི་བ་ལས་རང་གི་སེམས་གཏིང་ནས་ཐོན་པའི་སྙན་རྩོམ་རེ་སྤེལ་ན་ཡང་དེ་ཙམ་གྱི་སྡིག་ཉེས་ཆེན་པོ་ཞིག་ཨེ་ཡིན་ནམ།
སྐུ་ཞབས་སྟག་སྨྱོན་ཕེབས་པ་ལེགས། ཉིན་འདི་འགའི་རིང་ག་རེ་མཛད་ཀྱིན་ཡོད། ཉེ་སྔོན་གླེངས་བའི་ཕྱི་མོ་ཁྱི་དང་ཞི་མི་ཉར་མཁན་དེའི་སྐོར་ག་འདྲ་བྱུང་སོང་། ཨོ་རྩེད་འགྲན་ཚོགས་སྐོར་ལ་གཟིགས་བཞིན་ཡོད་དམ།
བདུན་གཅིག་ནང་ཉིན་ལྔ་ལ་ཞོགས་པ་རྟག་པར་སློབ་གྲ་དང་། ཉིན་བརྒྱབ་ལས་ཀར་འགྲོ་དགོས། སྐྱེས་དམན་དེའི་ནང་ལ་ཡང་ཡང་འགྲོ་གི་ཡོད། མོས་ད་དུང་ང་ལ་སློབ་གྲྭ་ཐོན་པ་དང་ལས་ཀ་ཡག་པོ་དང་། མོ་རང་གི་ཐག་ཉེ་ཞིག་ནས་ཨེ་རག་ལྟ་དགོས་ཟེར་གྱི་འདུག མོ་ངའི་ནང་ལ་ཡོང་ནས་གནས་སྟངས་གང་འདྲ་འདུག་ལྟ་གི་ཡིན་ཟེར། མང་པོ་བཤད་ན་གཞན་ཚོས་གཤེ་གཤེ་གཏོང་གི་རེད། འདི་ནང་བརྗོད་གཞི་གལ་ཆེན་རེ་ཡོང་དུས་མཆན་བུ་ཚད་ལྡན་རེ་འབྲི་ཨེ་ཐུབ་ལྟ་ཆོག རྗེས་མ་མཇལ་ཡོང་།