གཅན་བཟོད་རྒྱམ།
ཞོགས་པའི་ཉི་མ་རི་རྩེར་བབས་མ་ཐག་གཞིས་གྲོང་གསུམ་པའི་མི་དམངས་རྒན་དར་གཞོན་གསུམ་ཚང་མ་མ་སྐུལ་དང་བླང་དང་མ་བསྡུས་རང་འདུས་ཀྱིས་གཞིས་གྲོང་འདབས་ཀྱི་མཆོད་རྟེན་དེའི་རྩར་ནག་ཀྱུག་གེར་ཚོགས་འདུག
མི་ཚོགས་ཀྱི་དཀྱིལ་དུ་རས་ལྭ་ཐག་བབ་གྱོན་པའི་རྒན་པོ་ཞིག་གིས་སྐེ་བསྲིངས་ཏེ་མཐའ་སྐོར་ལ་ལན་འགར་བལྟས་རྗེས་གཡས་ལག་གི་ཁུ་ཚུར་དགུང་ལ་ཕྱར་ཞིང་སྐད་ཤུགས་ཆེན་པོས་”བོད་་་་རང་་་་བཙན་་་།”ཞེས་སྐད་འབོད་མགོ་བཙུགས་པ་དང་། དེར་འདུས་ཀྱི་མི་དམངས་ཚང་མས་ཀྱང་སྐད་ཤུགས་གང་ཡོད་ཀྱིས་”གཙང་་་་མ་་་་ཡིན་་་་་”ཞེས་རྒན་པོ་དེའི་སྐད་གདངས་ལ་འགྲན་ཟླ་བྱེད།
“བོད་་་་རང་་་་་བཙན་་་་།”
“གཙང་་་་་མ་་་་་་ཡིན་་་་་་་།”མི་དམངས་མཉམ་འདུས་ཀྱི་སྐད་སྒྲ་དེ་འབྲུག་སྟོང་ལྡིར་བ་བཞིན་གཞིས་གྲོང་གསུམ་པའི་གང་སར་ཁྱབ།
དེ་ནི་ཏག་ཏག་པ་བློ་གྲོས་ཚང་གི་ཞོགས་ཇ་འཐུང་བཞིན་པའི་སྐབས་རེད། པ་བློ་གྲོས་ཀྱིས་ཕྱི་ལོག་གི་སྒྲ་དེ་ཐོས་མ་ཐག་ལག་གི་ཕོར་བ་སར་འཇོག་ཞོར་དུ། “རེམ་རེམ། ད་ཡིན་ན་རྗེས་ལུས་ཐེབས་ས་རེད།”ཟེར་བཞིན་ཁ་སང་ནས་གྲ་སྒྲིག་ཨང་གསར་བྱས་ཏེ་མཆོད་སྒྲོམ་སྟེང་དུ་བཞག་ཡོད་པའི་དཀར་གཙང་གི་ཁ་ཏག་དེ་བླངས་ནས་གངས་སེང་དར་ཆའི་ཡུ་བའི་རྩེར་བཏགས་རྗེས་རང་ཉིད་ཀྱི་ཕྱུ་བར་སྐེ་རགས་བཅིངས།
ཨ་མ་ཚེ་གོ་མ་བུ་གཉིས་ཀྱིས་ལམ་སང་ཟས་ཕོར་སོགས་བསྡུས་རྗེས་ཨ་མ་ཚེ་གོས་ལྕགས་ལེབ་ཆུང་ངུ་ཞིག་གི་སྟེང་དུ་མེ་རོ་ཅུང་བླངས་པའི་ཐོག་ཏུ་ཤུག་ལོ་འགའ་བཞག་སྟེ་གངས་སེང་ཅན་གྱི་དར་ཆ་དང་བློ་གྲོས། བུ་ཚེ་རིང་ལའང་ཤུག་བདུག་ཅིག་བྱས་རྗེས་ལྟོ་ཕད་ཆུང་ཆུང་ལུང་ཐག་མདུད་པ་བརྒྱབས་ཡོད་པ་ཞིག་རྒྱབ་ཏུ་ཁུར་ཏེ་སྒོ་ལ་བུད། ཚེ་རིང་གིས་ད་དུང་ཀོ་ལྷམ་ལ་འཇུར་རྩི་གཏོང་བཞིན་འདུག ཨ་ཁུ་བློ་གྲོས་ཀྱིས་དེ་མཐོང་འཕྲལ། “ཝེ། ད་མི་འགྲོ་བར་ག་རེ་བྱེད་ཀིན་ཡོད། ད་འགྲོ་འགྲོ།”ཟེར་བཞིན་དར་ཆ་བཟུང་སྟེ་ཕྱི་ལ་ཐོན།
གློ་བུར་དུ་ཅི་ཞིག་དྲན་ལྟར་ཁ་ཕྱིར་འཁོར་ནས “ཝེ། དེ་རིང་མི་མང་པོ་ཡོད་ས་ནས་གད་མོ་ཤོར་པ་སོགས་མིག་ལ་མི་མཛེས་པ་ཞིག་བྱས་ཚེ་འུ་གཉིས་འགྲིག་མི་ཡོང་དཱ།”
“ཡ་ད་འགྲོ་འགྲོ། མི་ཚང་མ་ཕྱིན་སོང་། ཚེ་རིང་། སྒོ་ལྕགས་བརྒྱག་རྒྱུ་མ་བརྗེད་ལོ།”ཨ་མ་ཚེ་གོ་པ་བློ་གྲོས་ཀྱི་རྗེས་སུ་འབྲངས།
གཞིས་གྲོང་གསུམ་པའི་མི་རྣམས་སྐད་འབོད་བྱེད་བཞིན་ལེ་བར་གཅིག་གི་སར་སླེབས་འདུག ཨ་ཁུ་བློ་གྲོས་རྒན་རྒོན་གཉིས་ཀྱང་དར་ཆ་དགུང་ལ་བསྒྲེངས་ཏེ་སྐད་འབོད་བྱེད་བཞིན་ཁོ་ཚོའི་རྗེས་སུ་སྙེག་པ་ནི་གཡུལ་ལ་ཆས་པའི་དཔའ་བོ་དཔའ་མོ་ཟུང་དང་ཀུན་ནས་མཚུངས།
ཁོང་རྣམས་གཞིས་གྲོང་བཞི་བའི་སློབ་གྲྭའི་ར་སྐོར་དུ་འབྱོར་འཕྲད་སྔ་ས་ནས་དེར་མཛོམས་པའི་སེར་སྐྱ་མི་དམངས་དང་ལྷན་དུ་སྐད་འབོད་ཐེངས་འགར་བྱས་རྗེས་བོད་ཁྱིམ་སློབ་མས་རྔམ་བརྗིད་ལྡན་པའི་རོལ་ཆས་དཀྲོལ་བ་དང་ལྷན་དུ་དེར་འདུས་སེར་སྐྱ་མི་དམངས་ཚོས་སྐད་ཤུགས་ཆེན་པོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། ས་གནས་གཞིས་འགོ་ལགས་ས་སྟེགས་ཆུང་ཆུང་དེའི་སྟེང་དུ་བུད་དེ་ལག་ཟུང་གིས་དར་ཆ་སྒྲེང་བྱེད་ཀྱི་ཐག་པ་ནས་འཐེན་ཙམ་འཐེན་ཙམ་བྱེད་པ་དང་། དར་ཤིང་སྐེད་ཀྱི་རྒྱལ་དར་དེའང་ཉུག་ཙམ་ཉུག་ཙམ་བྱེད་བཞིན་ཇེ་མཐོ་ནས་ཇེ་མཐོར་དར་ཤིང་གི་རྩེ་མོར་སླེབས་པ་དང་ཏག་ཏག་རླུང་གིས་གཡོས་པས། དེའི་སྟེང་གི་གངས་རི་དང་སེང་གེ་དཀར་མོ། ནོར་བུ་མེ་འབར་སོགས་རས་གཞི་གྲུ་བཞི་དེའི་སྟེང་ནས་གནམ་ལ་འཕུར་ལ་ཁད་དང་ས་ལ་འཆོང་ཡོང་བསམ་པའི་སྣང་བ་ཞིག་ཀྱང་སྟེར་ལ། རྒྱལ་གླུ་གཏོང་བཞིན་པའི་སེར་སྐྱ་མི་དམངས་ཀྱི་གདོང་ལའང་སྤོབས་ཉམས་ཀྱིས་ཁེངས་ཀྱིན་རྒྱལ་དར་ལ་བལྟས་ནས་འདུག
གལ་སྲིད་དེ་རིང་ནི་གཡུལ་ལ་ཆས་པའི་ཉིན་མོ་ཞིག་ཡིན་ན་དེ་ནི་གཡུལ་ལས་རྣམ་པར་རྒྱལ་བའི་རྟགས་མཚན་ནམ་བཀྲ་ཤིས་པའི་སྔ་ལྟས་ཤིག་ཏུ་རྩི་བ་ཐག་གིས་ཆོད།
རྒྱལ་གླུ་བཏང་ཚར་རྗེས་མི་དམངས་རྣམས་རང་གནས་དེར་ས་ལ་བསྡད་པ་དང་ཡ་གའི་མཐོ་རྒྱུ་མེད་པའི་ས་སྟེགས་དེའི་སྟེང་དུ་གཟུགས་པོ་ཅུང་ཐུང་ལ་ཐག་བབ་པའི་ཕྱུ་བ་སྔོ་སྐྱ་སྒྱུད་ཁུག་ཏུ་སླེབས་ཙམ་དུ་གྱོན་པ་ཞིག་གིས་ལག་གཡས་པས་ཡིག་ཆའི་ཤོག་བུ་འགའ་དང་གཡོན་མར་བཤད་སྦུག་ནག་པོ་ཞིག་བཟུང་ཞིང་། གདོང་མདོག་ཅུང་སྨུག་ལ་བྱ་རྒོལ་གྱི་གཤོག་པ་དང་འདྲ་བའི་ཁ་སྤུ་མཐུག་པོ་དེའི་འོག་ཏུ་ཆེ་ལ་མདའ་ནས་ཡོད་པའི་ཁ་ཤ་ལྷབ་ལྷུབ་འགུལ་བཞིན་གསུང་བཤད་གནང་མགོ་བཙུགས་སོང་། ཁོང་གིས་སྐད་ཆ་བཤད་ཕྱོགས་ཤིག་གིས་མཚམས་ལན་རེར་ཁ་ནས་མཆུ་མའི་ཟེར་མ་འཐོར་བའང་མཐོང་ཐུབ། ཁོ་ནི་ས་གནས་འདིའི་གཞིས་འགོ་རེད། ལོ་ལྟར་གྱི་དེ་རིང་གི་ཉིན་འདིར་ཁོས་༸གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱང་བྱེད་དགོས་པ་རེད།
ཁོས་གསུང་འཕྲིན་བསྒྲགས་རྗེས་རང་ཉིད་ཀྱི་བསམ་ཚུལ་ཐུང་ངུ་ཞིག་ཀྱང་ལོ་ལྟར་བཤད་ཀྱིན་ཡོད་ལ། ཁོས་བཤད་པའི་སྐད་ཆ་གཞན་དག་ནི་ཚོགས་གཙོ་ག་གེ་མོ་དང་ལས་སྣེ་གཞན་དག་གི་འགན་འཛིན་ཚོའི་སྐད་ཆ་ཇི་བཞིན་ད་ཐེངས་ལས་འགུལ་འདི་འདྲ་ཞིག་སྤེལ་རྒྱུ་དང་རྗེས་མར་དེ་འདྲ་ཞིག་བཟོ་རྒྱུ་ཡོད་སྐོར་གྱི་སྐད་ཆའི་ཟུར་ཙམ་ཡང་མེད་པར་སྔ་ལོའི་སྐད་ཆ་ད་ལོ་དང་ད་ལོའི་སྐད་ཆ་སེང་ལོ་བཤད་རྒྱུ་ལས་མེད་པས་དམངས་ཚོགས་ཉོབ་སྣང་སྐྱེད་བྱེད་ཅིག་ཡིན་ནའང་། ཁོས་སྒམ་བརླིང་གིས་”མི་དམངས་ཀྱིས་ང་ས་གནས་འདིའི་འགོ་འཛིན་ལ་བདམས་པ་ཡིན་དུས་ངས་ཀྱང་མི་དམངས་ཀྱི་ཆེད་དུ་ཧུར་ཐག་འབད་ཐག་གིས་ལས་ཀ་བྱ་ལོས་དགོས” ཞེས་པའི་ཚིག་དུམ་འདི་ནི་ཁོས་ཚོགས་འདུ་ནམ་ཚོགས་དང་གསུང་བཤད་ནམ་གནང་ལ་སྤོབས་པས་བཤད་ཀྱིན་ཡོད་ལ། དེ་ནི་སྐད་ཆ་གཞན་དག་དང་མི་འདྲ་བར་ཁོས་བཤད་ཐེངས་རེར་སེར་སྐྱ་མི་དམངས་ཚོས་དགའ་བའི་ཐལ་མོ་ཐག་ཐག་རྡོབ་ཀྱིན་ཡོད།
གཞིས་འགོས་གསུང་བཤད་ཚར་རྗེས་རིམ་པ་བཞིན་ཚོགས་གཙོ་ག་གེ་མོ་དང་གདན་ས་ག་གེ་མོའི་མཁན་པོ་ཚོས་ཀྱང་ཆོས་སྲིད་གཉིས་འདྲེས་ཀྱི་གསུང་བཤད་རྙིང་པ་རེ་ཕལ་ཆེར་དུས་ཚོད་གཅིག་དང་ཕྱེད་ཀ་རེར་གསུང་དགོས་པ་ས་གནས་འདིའི་ལུགས་སྲོལ་ཡིན་ལ། གཤམ་ནས་ཁ་ཡར་འཁོར་བའི་སེར་སྐྱ་མི་དམངས་ཀྱི་གདོང་ཉི་མར་གཏད་དེ་ཡུན་རིང་འགོར་བས་རྔུལ་ཆུ་ཁྲུམ་ཁྲུམ་དུ་བཞུར་དགོས་པའང་ཁོ་ཚོའི་ལས་དབང་ཡིན།
གཞིས་གྲོང་བཞི་བ་ནས་དགུ་བའི་འདབས་ཀྱི་བཞི་མདོ་དེ་དབར་དུ་ཕལ་ཅེར་སྤྱི་ལེ་གསུམ་ཙམ་གྱི་དབར་ཐག་ཡོད་ཅིང་། ནག་ལ་སྣུམ་ཀྲིག་གེར་ཡོད་པའི་གཞུང་ལམ་དེ་ནི་གྲོང་སྡེ་གཉིས་ཀྱི་དབར་དུ་དྲང་ཤེར་རེར་བསྲིངས་འདུག
གྲྭ་བཙུན་དང་གཞོན་སྐྱེས་ཚོ་རིམ་པར་སྔོན་དུ་ཤོར་ནས་འགྲོ་བ་དང་རྒན་རྒོན་ཚོ་རྗེས་སུ་ལུས་ནའང་ཁོང་ཚོའི་སྐད་འབོད་བྱེད་པའི་སྒྲ་ནི་ཇེ་ནས་ཇེ་ཆེ་ཡིན་པ་འདྲ།
སེར་སྐྱ་རྒན་གཞོན་ཀུན་གཅིག་རྗེས་གཉིས་མཐུད་ཀྱིས་གཞིས་གྲོང་དགུ་བའི་བཞི་མདོར་འབྱོར། བཞི་མདོ་དེར་རྒྱ་གར་བའི་ཇ་ཁང་དང་ཚོང་ཁང་ཆུང་ཆུང་འགའ་ཤས་ཡོད་པའི་སྒོ་དང་སྒེའུ་ཁུང་ལས་རྒྱ་གར་བ་འགའ་རེས་ལྐོག་ཏུ་ལྷུང་བའི་མིག་གིས་ཡིད་ཐང་ཆད་པའམ་འཐད་ལ་མི་འཐད་ཀྱིས་བལྟས་འདུག
དེར་འདུས་མི་དམངས་རྣམས་ཀྱི་གདོང་དང་ལུས་པོ་ཡོངས་སུ་རྔུལ་ཆུས་བརླན་མེད་པ་གཅིག་ཀྱང་མེད། ལྷག་པར་དུ་མི་རྒྱགས་པ་དང་རྒན་རྒོན་རྣམས་ཀྱི་རྒྱབ་མདུན་གྱི་གོས་ཡོངས་རྫོགས་རྔུལ་ཆུས་བརླན་ཅིང་གདོང་གི་རྔུལ་ཆུ་རྣམས་མ་ནེའི་འོག་ཏུ་འདྲེས་ཏེ་རྡོག་པོ་རེ་རེ་བཞིན་བྲང་གཞུང་ལ་ཟག་གིན་འདུག་ནའང་ཁོང་ཚོར་དཀའ་སྡུག་གི་སྣང་བ་ཅི་ཡང་མེད།
མི་ཚོགས་ཀྱི་ཟུར་ཞིག་ནས་ལོ་ན་དྲུག་ཅུ་ཡར་ལ་སོན་པའི་རྒན་པོ་ཞིག་གིས་མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར་དགོང་དུ་ཕྱར་ཏེ་”བོད་་་་རང་་་བཙན་་་་་”ཞེས་ཅུང་འགག་ལ་བརྡ་རིང་དུ་བཅུག་པའི་སྐད་སྒྲ་དེས་དེར་འདུས་མི་དམངས་རྣམས་ལ་སླར་ཡང་ངར་ཤུགས་ཤིག་སྤྲད་པ་དང་ཚང་མས་ངོ་གདོང་ལ་གྲུང་ཤ་དོད་ཅིང་སྐད་ཤུགས་ཆེན་པོས་”གཙང་་་་་མ་་་་་ཡིན་་་་་་”སྐད་འབོད་འགོ་བཙུགས།
ཁོ་ཚོས་གཅིག་གཅིག་གི་གདོང་ལ་ལྟ་བཞིན་སྐད་མགོ་སུ་མཐོ་དང་དབུགས་ཐག་སུ་རིང་འགྲན་པ་ལྟར་བྱེད་བཞིན་ཧ་ལམ་དུས་ཡུན་སྐར་མ་ཉི་ཤུ་ལྷག་ཙམ་ལ་སྐད་འབོད་བྱས་རྗེས། མཇུག་སྡོམ་གསུང་བཤད་དམ་སྐད་ཆ་ཚིག་འགའ་བཤད་མཁན་ཡང་མེད་པར་གློག་བརྙན་གྲོལ་བ་ལྟར་རང་རང་གི་གཞིས་གྲོང་ཕྱོགས་སུ་ལོག་སོང་།
པ་བློ་གྲོས་ཀྱིས་སྒོ་ལ་ཕྱི་ལྕགས་བརྒྱབས་མེད་པ་མཐོང་མ་ཐག “ལྟས་ཕྲུག་འདིས་ཡང་སྒོ་ལ་ལྕགས་བརྒྱབས་མི་འདུག”ཟེར་བཞིན་ནང་དུ་སླེབས་དུས། ཚེ་རིང་ནི་སྔ་ས་ནས་ལོག་ཡོང་བའམ་གང་ལྟར་བློ་རྩེ་གཅིག་བསྒྲིམས་ཀྱིས་བརྙན་འཕྲིན་ལ་བཅེར་ནས་འདུག ནམ་རྒྱུན་ཁོས་བརྙན་འཕྲིན་ལ་ལྟ་དུས་སུས་ཀྱང་སྐད་ཆ་བཤད་མི་ཆོག་པའི་སྒྲིག་སྲོལ་ལྟ་བུ་ཞིག་ཡོད་ནའང་དེ་རིང་གི་ཉིན་འདི་ནི་བོད་མི་ཞིག་ལ་མཚོན་ན་ ‘མགོ་མེར་ཤོར་ཡང་གསོད་ཁོམ་མེད་’ པའི་དཔེ་བཞིན་དུས་དྲན་བརྩི་སྲུང་ལ་ངེས་པར་དུ་འགྲོ་དགོས་ལ། པ་བློ་གྲོས་ལ་མཚོན་ནའང་བོད་མི་ཞིག་ཡིན་ཕྱིན་དུས་དྲན་ལ་ངེས་པར་དུ་འགྲོ་དགོས་པར་འདོད་མཁན་གྱི་གྲས་ཤིག་ཡིན།
ཁོས་ཚེ་རིང་གི་བཟོ་ལྟ་དེ་མཐོང་མ་ཐག “ཀེ ལྟས་ངན་ཁྱོད་སྐད་འབོད་ལ་སོང་མེད་དམ། “ཞེས་ཁོང་ཁྲོའི་སྐད་ཀྱིས་བཤད་པར། ཚེ་རིང་གིས་ཕ་རྒན་གྱི་ཉམས་ཡོངས་སུ་ལོན་འདུག་པས་འགུལ་ཙམ་ཡང་མི་བྱེད་པར་”ང་ཚོ་སྐད་འབོད་ཚར་མ་ཐག་སྔོན་དུ་ལོག་ཡོང་བ་ཡིན། ད་ནངས་ཞོགས་ཇ་ཡང་ཡག་པོ་ཞིག་འཐུང་མེད་པས་ང་ནི་གྲོད་ཁོག་ལྟོགས་བྱུང་།”ཞེས་ཉོབ་སྣང་གིས་དེ་ལྟར་བཤད།
ཨ་མ་ཚེ་གོས་བུ་ཡིས་སྐད་ཆ་དེ་གོ་མ་ཐག་སེམས་ལ་བྲེལ་ཤ་ལངས་ཏེ་”ཨ་མའི་བུ་ལ་ཁག་མེད། ཨ་མས་མགྱོགས་པོར་ཁ་ལག་ཞིམ་པོ་ཞིག་བཟོས་ཡོང་།”ཟེར་བཞིན་ཐབ་ཚང་ནང་དུ་འཛུལ། པ་བློ་གྲོས་ཀྱང་ཡིད་ཆེས་ལ་མ་ཆེས་ཀྱིས་ལྷམ་ཕུད་དེ་ཉལ་ཁྲི་སྟེང་ཀན་བརྐྱལ་དུ་ལོག་པ་དང་ཅུང་ཙམ་ནས་གཉིད་ཀྱི་ཞིང་ཁམས་སུ་ཆས།
“ཚེ་རིང་་་། ད་ལྟད་མོ་མཚམས་ཞོགས་དང་ཁ་ལ་ཟ། པ་ལ། ད་ལོངས་ཤོག”ཨ་མ་ཚེ་གོས་འབྲས་དང་ཚོད་མ་བླུགས་པའི་དཀར་ཡོལ་གསུམ་དང་ཤེལ་དཀར་གསུམ། ཆུ་གྲང་མོ་འགྱིག་དམ་གང་བཅས་ཅོག་ཙེ་གྲུ་བཞི་ཆུང་ཆུང་དེའི་སྟེང་དུ་བསྒྲིགས་རྗེས་ཁོ་གསུམ་གྱིས་གུང་ཟས་ལ་རོལ།
ཟ་མ་ཟོས་ཚར་རྗེས་ཨ་ཁུ་བློ་གྲོས་ཀྱིས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར། “ཁྱོད་དེ་རིང་སྐད་འབོད་ལ་སོང་ཡོད་ན་གཞིས་འགོས་ག་རེ་གསུངས་སོང་། “ཞེས་གདོང་ལ་དྭོགས་པའི་ཉམས་དང་བཅས་དྲིས། ཚེ་རིང་གིས་ཐེ་ཚོམ་ཅི་ཡང་མེད་པར་”སྐུ་མདུན་གྱི་གསུང་བཤད་མ་གཏོགས་གཞན་ན་ཉིན་གྱི་དེ་དང་གཅིག་པ་ལས་གཞན་ཅི་ཞིག་གསུང་།”ཞེས་སྒམ་བརླིང་གིས་བཤད།
ཚེ་རིང་ནི་ནམ་རྒྱུན་རྫུན་ལ་གོམས་ཡོད་པས་པ་བློ་གྲོས་ཀྱིས་ལམ་སེང་ཡིད་ཆེས་བྱེད་མི་སྲིད། པ་བློ་གྲོས་ཀྱིས་སླར་ཡང་ཉམས་ཚོད་ལེན་ཆེད་དུ། “ཨ་ལེ། འོ་ན་ས་གནས་གཞོན་ནུའི་ཚོགས་གཙོས་ཅི་ཞིག་གསུང་སོང་།”ཞེས་བསྐྱར་འདྲི་ཞིག་བྱས།
“ཁོང་གིས་་་ཁོང་གིས་་་”ཚེ་རིང་གིས་གཡས་ལག་གིས་རྣ་རྩར་འཕྲུག་ཙམ་འཕྲུག་ཙམ་བྱེད་པ་ལས་ཁ་ནས་སྐད་ཆ་ཚིག་གཅིག་ཀྱང་མ་ཐོན།
“མ་གཞི་ཁྱོད་དེ་རིང་སྐད་འབོད་ལ་སོང་ཡོད་དམ་མེད།”
ཚེ་རིང་གིས་མ་གོ་བ་ལྟར་གཏམ་ལན་ཅི་ཡང་མེད་པར་མགོ་བོ་སྒུར་ནས་འདུག
ལོ་ལྟར་པ་བློ་གྲོས་རྒན་རྒོན་གཉིས་ཀྱིས་གསུམ་དུས་སྲུང་བརྩིའི་སྐད་འབོད་བྱས་ཏེ་རང་ཁྱིམ་དུ་ལོག་རྗེས་ག་ལེར་ང་དགུ་ལོའི་གོད་ཆག་དང་དེའི་སྔོན་གྱི་འཚོ་བའི་གནས་སྟངས། ང་དགུ་དང་དྲུག་ཅུ་རེ་གྲངས་ནང་རྒྱ་གར་དུ་གཞིས་ཆགས་གསར་པ་རྒྱག་སྐབས་ཀྱི་དཀའ་སྡུག་རྣམས་རེ་རེ་བཞིན་ཕན་ཚུན་གཅིག་གིས་གཅིག་ལ་རྒྱུགས་སྤྲོད་པ་བཞིན་དྲན་གསོ་བྱེད་ཀྱིན་ཡོད་མོད། འོན་ཀྱང་དེ་རིང་ཁོ་གཉིས་ཀྱི་དའི་སྐོར་གླེང་མི་སྲིད་ལ་གླེང་ཁོམ་ཡང་མེད།
པ་བློ་གྲོས་ཀྱིས་ཚེ་རིང་སྐད་འབོད་དུ་མ་སོང་བ་སེམས་ཐག་གཙང་བཅད་ཀྱིས་”ཁྱོད་ལ་རང་བཙན་མི་དགོས་སམ། ཨ། ལོ་དྲུག་ཅུ་བདུན་ཅུ་ཅན་གྱི་རྒན་རྒོན་ཚང་མ་ཚ་གདུག་དང་དཀའ་ངལ་ལ་མ་འཛེམས་པར་འགྲོ་ཐུབ་ན། ཁྱོད་ལ་ཅི་ཞིག་ལས་རྒྱུ་ཡོད། ལོ་གཅིག་ལ་གསུམ་བཅུའི་དུས་དྲན་གཅིག་མ་གཏོགས་མེད་པ་འདི་ལ་ཡང་འགྲོ་མི་འདོད་དམ། ཨ།”ཞེས་སྐད་མགོ་ཇེ་མཐོར་སོང་།
ཚེ་རིང་གིས་ཕ་རྒན་གྱི་གདོང་ལ་ལྟ་བཞིན “རང་བཙན་ལེན་ས་གཞིས་གྲོང་དགུ་བའི་བཞི་མདོ་མ་རེད།”ཅེས་ཚིག་དེ་ཁ་སྒོ་ནས་བུད་མ་ཐག་ཨ་ཁུ་བློ་གྲོས་ཀྱིས་ཁོང་ཁྲོ་གནོན་མ་ཐུབ་པར་ཅོག་ཙེའི་སྟེང་གི་ལྕགས་ཕོར་དེ་བླངས་ཏེ་ཤུགས་ཀྱིས་གཅིག་གཞུས་པ་ཚེ་རིང་གི་མགོ་ལ་ཕོག་པ་དང་དེ་ནས་སར་ཟགས་པས་སིང་སྒྲ་རིང་མོ་ཞིག་ཁང་ཆུང་དེའི་ནང་དུ་འཁྱིལ་བར་བྱས།
ཚེ་རིང་གིས་མགོ་བོ་འཕུར་ཙམ་བྱེད་བཞིན་རང་གནས་དེར་བསྡད་འདུག པ་བློ་གྲོས་ཡར་ལངས་བཞིན་”ཁྱོད་བོད་པ་མིན་ནམ། ཨ། རང་ལ་རང་བཙན་མི་དགོས་སམ། ཨ།”
“ང་བོད་ཡིན་ལ་རང་བཙན་ཡང་དགོས་ཀྱི་ཡོད། ཡིན་ན་ཡང་གཞིས་གྲོང་དགུ་བའི་བཞི་མདོར་སྐད་འབོད་བྱེད་དུ་མི་འགྲོ། ཁྱོད་ཚོས་ང་མ་སྐྱེས་སྔོན་ནས་ད་དབར་དུ་གཞིས་གྲོང་དགུ་བའི་བཞི་མདོ་དེར་སྐད་འབོད་བྱས་པ་རེད། ཅི་ཞིག་ཕན་སོང་། ཐ་ན་གསར་འགོད་པ་མི་རྡོག་གཅིག་ཀྱང་མི་འདུག་གཱ འདི་ལྟར་སྐད་འབོད་བྱེད་བཞིན་པ་སུས་ཤེས་ཀྱི་རེད།”
“ག་རེ། འོ་ན་ཁྱོད་ཀྱིས་ཅི་ཞིག་འཇོན་ཡོད། ཨ། པ་སངས་དང་རྟ་མགྲིན་གཉིས་ཁྱོད་ཀྱི་སློབ་གྲོགས་རེད། དེང་སང་བོད་གཞུང་གི་ལས་བྱེད་ཆགས་འདུག་གཱ ཁྱོད་ཡིག་ཚད་མ་ལོན་པར་སློབ་གྲྭ་ནས་སྤས་པ་མིན་ནམ། ད་དུང་ཁ་རྒྱགས་པ་བཤད་རྒྱུ་འདུག་གམ། སྐྲ་སེར་པོ་འདྲ་བཟོ་ཁུལ་བྱས། རྣ་ལ་ལྕགས་ལུང་འདྲ་ཞིག་བཏགས་ཏེ། ཅི་ཞིག་འཇོན་ཡོད། འཁྲབ་ཏོ་ཁྱོད་ཀྱི་ཁ་རྩ་ན་སྐྱིད་ཅིག་ཨེ་ཡོད་ན། “ཟེར་བཞིན་ལག་ཆ་ཞིག་འཚོལ་བཞིན་པ་འདྲ།
ཚེ་རིང་གིས་”ཨ་མ་་་”ཟེར་བཞིན་མགྱོགས་པོ་ཨ་མའི་ཕག་ཏུ་ཡིབ།
“བློ་གྲོས། ད་མ་རྡུང་དང་་”
“ཁྱི་ཁ་སུམས། ཁྱོད་ཀྱིས་སྐྱག་ལངས་ལ་བཏང་དྲག་པས་ད་ཁ་ལ་མ་ཉན་པ་རེད།”
ཁྱིམ་མཚེས་དོན་གྲུབ་ཀྱི་སྒོ་ཕྱེས་ནས་ནང་དུ་སླེབས་བྱུང་། པ་བློ་གྲོས། ཡང་ཅི་ཞིག་བྱེད་ཀྱིན་ཡོད། དེ་རིང་སྐད་འབོད་དུ་སོང་ནས་དཀའ་ལས་ཁག་གི་མི་འདུག་གམ། རྟག་པར་བཟའ་འཁོན་རྐྱང་རྐྱང་བྱས་ནས་་་་་”
“ཚེ་རིང་དེ་རིང་སྐད་འབོད་དུ་མ་སོང་བས་བློ་གྲོས་ཀྱིས་བཟའ་འཁོན་བྱེད་ཀྱི་ཡོད་པ་རེད། ངེད་གཉིས་ཀྱི་ལས་དབང་འདི། མི་ཚེ་བཟའ་འཁོན་རྐྱང་རྐྱང་གིས་བསྐྱལ་བ་རེད། ད་དུང་མ་ཤི་བར་དུ་འདི་ལྟར་འགྲོ་དགོས་པ་ལོས་ཡིན། སྡུག་འདི་འདྲ་ཞིག་ཅི་ཡིན་ནམ་གང་ཤེས།”ཨ་མ་ཚེ་གོས་མིག་ཆུ་ཕྱི་བཞིན་དུ་དེ་ལྟར་བཤད།
པ་བློ་གྲོས་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་མགོ་བོ་དང་ཁར་སྨད་དེ་ཉལ་ཁྲིའི་ཟུར་ཞིག་ཏུ་བསྡད་འདུག
ཚེ་རིང་ཡང་བརྙན་འཕྲིན་གྱི་འཁྲིས་སུ་ཡར་ལངས་ནས་འདུག་ལ་མཚམས་ལན་རེར་ཕ་རྒན་ལ་ལྐོག་ལྟ་རེ་བྱེད་ཚུལ་ནི་བཟུང་ཡོང་བའི་རྐུན་མ་ཞིག་དང་ཨ་ན་མ་ན་རེད།
ཡུད་ཙམ་ཞིག་ལ་མི་བཞི་ཡོད་པའི་ཁང་ཆུང་དེར་གྲགས་འགུལ་ཙམ་ཡང་མེད་པར་ཁུ་སུམ་མེར་གནས།
དོན་གྲུབ་ཀྱིས་པ་བློ་གྲོས་རྒན་རྒོན་གཉིས་ལ་སེམས་གསོ་ཞིག་བྱ་དགོས་སྙམ་ཡང་ཅི་ལྟར་འགོ་འཛུགས་དགོས་པའང་མ་ཤེས་པས། ཁོས་ཤུགས་རིང་ཞིག་འབྱིན་བཞིན་སྒོར་བུད།
སྤྱིར་ས་ཆ་འདིའི་མི་རྣམས་གུང་ཟས་ཟོས་རྗེས་དུས་ཚོད་གཅིག་ཙམ་ལ་གུང་གཉིད་ཁུག་པའི་གོམས་སྲོལ་ཞིག་ཡོད་མོད། འོན་ཀྱང་དེ་རིང་གཞིས་གྲོང་གསུམ་པའི་མི་རྣམས་གུང་གཉིད་མི་བྱེད་པར་མ་གྲོས་གཅིག་མཐུན་དང་མ་བོས་རང་འདུས་ཀྱིས་པ་བློ་གྲོས་ཚང་གི་སྒོ་ཁར་འཛོམས་འདུག་པ་ནི་ཁོང་ཚང་གི་བཟའ་འཁོན་གྱི་ཐ་མའི་ཐག་གཅོད་ལ་ཉན་དུ་འོང་བ་རེད།
གང་ལྟར་གཉིས་རེ་དང་གསུམ་རེ་བྱས་ཏེ་སྐད་ཆ་ལྡ་བེ་ལྡི་བི་རེ་བཤད་བཞིན་རང་རང་སར་བུད་སོང་།
དོན་གྲུབ་ཀྱིས་ཀྱང་མིག་ཟུང་རྐང་སྣེར་ཕབས་ཏེ་ལྗིད་ཏིག་ཏིག་གི་གོམ་ཁ་རང་ཁྱིམ་ཕྱོགས་སུ་བསྒྱུར།
ནམ་མཁར་སྤྲིན་པ་བྱེའི་མགོ་ཙམ་ཡང་མེད་ཁར་རླུང་ལྷས་ཀྱང་ཉི་མའི་གསེར་ཞུན་གྱི་ནུས་པ་བརླགས་དོགས་ཀྱིས་བསིལ་རླུང་ཕྲན་བུའང་མི་གཏོང་བས་ས་དེའི་ཚ་བ་རབ་ཏུ་ཆེ།
དགེ་རབ་ལགས་སྐྱོ་གར་ཞེས་ཟེར་ནས་ཚིག་རྐང་གཉིས་ལས་གཞན་མིན་ཌྷའདུག་པས། ཡང་སྐྱོ་གར་བྲིས་པ་འདའི་ནང་ལ་འཛུལ་ནས་དོན་དག་གཞན་ན་ལེན་དགོས་སམ།
དྲ་གྲོགས་ལྷ་རྟ་དཀར་པོ་ལགས། གོང་གི་སྒྲུང་ཐུང་འདི་འབྲི་མཁན་ང་རང་ཡིན། ཉིད་ཀྱིས་གསུང་བཞིན་པ་ནི་སྒྲུང་འདིའི་འགོ་མ་བཙུགས་གོང་གི་འབྲེལ་བཤད་འདྲ་བོ་དེ་ཡིན་ས་རེད། དེ་ངས་བྲིས་ནོར་ཤོར་འདུག་པས་དགོངས་དག་ཞུ་རྒྱུ་དང་། དྲ་དཔོན་ལགས་ལ་ཁོམ་པ་རེ་ཡོད་ན་གོང་གི་ཡི་གེ་ལྗང་ཁུ་དེ་ཚོ་གསུབ་རོགས་གནོངས།
གཅན་བཟོད་རྒྱམ་ལགས་ཀྱིས་བྲིས་པའི་སྒྲུང་དེ་ངོ་མ་ང་ཚོའི་སྤྱིར་ཚོགས་ཀྱི་་བོད་མི་འགའི་བྱེད་ལས་དང་འབྲེལ་མ་ཆེ་པ་འདུག། དོན་ཡོད་པ་ཞིན་བྲིས་འདུག་ཐལ། ཐུགས་རྗེ་ཆེ།
དྲ་དཔོན་དགེ་རབས། རེ་བ་ལྟར་བཟོ་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ།
ལྷ་ལྟ་དཀར་པོ་ལགས། བསམ་ཚུལ་གསུངས་པར་དགའ། འོན་ཀྱང་རྩོམ་ཡིག་དེ་འབྲེལ་བའི་བཙན་བྱོལ་སྤྱི་ཚོགས་སྐོར་ལ་སྐད་ཆ་མང་ཙམ་གསུང་བར་ངས་དྲ་གྲོགས་ཡོངས་ལ་རེ་སྒུག་བྱས་བསྡད་ཡོད།