བསོད་ནམས་ནོར་བུ།
གུང་སེང་ཡིན་སྙམ་ལྷོད་ལ་ཕབ་ནས།།
གོག་པོའི་ལུས་འདི་མལ་དུ་འཕངས་ཏེ།།
ཚ་པོའི་ཇ་ཞིག་ཁ་ལ་བཏུང་ཡང་།།
སེམས་པའི་གཏིང་ལ་དྲོད་ཅིག་མི་འདུག།
མལ་ཁྲིའི་ངོགས་ཀྱི་སྒེ་ཁུང་ཕྱེས་ནས།།
སྔོན་པོ་གནམ་ལ་མིག་ཞགས་འཕངས་པས།།
སྤྲིན་ནག་ལེབ་མོའི་སྐོར་རྒྱག་ཁྲོད་དུ།།
ཉི་མ་སེར་པོའི་འོད་ཟེར་མཐོང་བྱུང་།།
གྱང་ངོས་ཚོན་རིས་ཕ་ཡུལ་མཐོང་དུས།།
ཡ་ཆུང་ཁོག་ཏུ་དྲོད་ཅིག་འཁྱིལ་ཡང་།།
ལྕགས་སྒྲོག་འོག་གི་འགུལ་སྐྱོད་བསམས་ན།།
ཀླད་པའི་ནང་དུ་ཚ་ཤར་རྒྱུག་བྱུང་།།
མགོ་བོ་མལ་གོས་སྦུབས་སུ་བཏུམ་ནས།།
རང་དབང་རྐང་ལག་ཤུགས་ཀྱིས་བརྐྱངས་ཀྱང་།།
གཉིད་མ་སད་ཀྱི་སྣང་བ་ཞིག་ལ།།
གཅེན་གཅུང་ཚིག་པའི་དྲི་མ་ཐུལ་ལེ།།
ཉེར་དགུའི་སྨག་ནག་འཚུབ་པའི་ཁྲོད་ནས།།
བྱ་བརྒྱ་མལ་དུ་གཉིད་ལ་ཡུར་བས།།
འུག་པའི་ཧབ་ཆ་ད་དུང་མ་ཆད།།
བྱེ་འུའི་རང་ལུས་གཅིག་རྒུམ་གཉིས་རྒུམ།།
ལུས་པོ་མལ་ཁྲིའི་སྒང་དུ་བཞག་ཀྱང་།།
སེམས་པ་དམར་པོའི་མེ་ལ་འབར་སོང་།།
རིགས་ཞེན་ལ་རྒྱའི་དར་ཐག་གཙང་མ།།
བརྩེ་བའི་མིང་སྲིང་མགུལ་ལ་བསྒྲོན་ཡོད།།
2012/ 3/ 6/