ཀླུ་སྨྱོན་ཧེ་རུ་ཀ
ཉི་མ་དྲོ་དུས་ཅི་ཞིག་བྱེད་དགོས།
མཚོ་འགྲམ་དུ་སྤྲོ་འཆམ་ལ་བསྐྱོད་དགོས།
དེ་རུ་འོད་ཀྱིས་སྒེག་པའི་རྦ་རླབས་རེ་རེའི་ལྟེབ་ཁུག་ན།
མཛེས་མ་རེ་རེའི་མྱོས་བུམ་ལྷུག་ལྷུག་ཏུ་འཁྱོམ་བཞིན་ཡོད་ལ།
དེ་རུ་མེ་ལྟར་ཚ་བའི་བྱེ་ཟེགས་ཀྱི་གདན་སྟེང་དུ།
མཛེས་མ་རེ་རེའི་འཕོང་ཚོས་དང་སྒལ་གཞུང་གིས་ཁྱོད་ལ་བསྒུགས་ཡོད།
ལྷ་ཁང་ནང་དུ།
སངས་རྒྱས་ཀྱི་མདུན་དུ།
སྐྱིལ་ཀྲུང་བཅས་ནས།
མིག་ཟུང་བཙུམས་ཏེ།
འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཚུལ་བསྒོམས་མྱོང་ཡང་།
ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་ལུགས་བསམས་མྱོང་མོད།
མཚོ་འགྲམ་དུ་བསླེབས་དུས།
མཛེས་མ་དག་མཇལ་དུས།
མི་རྟག་པ་ཡོད་ཚད་རྟག་པར་འགྱུར་འགྲོ་ལ།
སྡུག་བསྔལ་ཐམས་ཅད་ཀྱང་བདེ་བར་སྣང་ཡོང་།
འདི་ནི་ཐོག་མ་མེད་པ་ནས་འཁྲུལ་སྣང་གིས་བསླུས་པའི་དཔང་རྟགས་གསོན་པོ་ཞིག་མིན་ན་ཅི།
འདི་ནི་ང་ཚོས་ད་དུང་འདོད་པའི་འདོད་ཆགས་སྤོང་དཀའ་བའི་བརྡ་རྟགས་གསལ་བོ་ཞིག་མིན་ན་ཅི།
*གོང་གི་འདྲ་པར་དེ་ནི་ལོ་འདིའི་ཟླ་དང་པོའི་ནང་ཁོ་བོ་འཛམ་གླིང་གི་མཛེས་ལྗོངས་གྲགས་ཅན་ཧ་ཝ་ཡུའུ་ལ་ལྗོངས་རྒྱུ་དང་ཆོས་སྤེལ་དུ་སོང་དུས་བླངས་པ་ཡིན།
རྒན་དྲིན་ཆེན་ཁྱོད་ཚེ་རིང་། སྙན་རྩོམ་དེ་དེ་འདྲའི་སྙན་པོ་ཞིག་དང་། འཚོ་བ་དངོས་ཤིག
དངོས་གནས་སྙན་པ་ལ་ཚོད་ཅིག་མི་འདུག དོན་སྦྱོར་སྙན་ངག་ཟེར་བ་འདི་འདྲ་ཞིག་ལོས་ཡིན་འདོད་ཀ
ཁ་བརྡ་འདི་རང་ཉིད་ཁྱབ་སྒྲོག་བྱ་ས་ཡག་པོ་ཅིག་རེད་འདུག
རྟེན་ཅིང་འབྲེལ་བའི་སྐབས།
རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། ཕྱི་དང་ནང་གིས་བསྡུས་པའི་ཆོས་འདི་རྣམས་རྒྱུ་མེད་པར་བྱུང་བ་མ་ཡིན། རྒྱུ་མིན་པ་བདག་དང་དུས་དང་དབང་ཕྱུག་སོགས་བྱེད་པོ་རྟག་པ་གཞན་གྱི་རྒྱུ་ལས་བྱུང་བ་མ་ཡིན་ལ། རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་སྟེ། ཚུལ་འདི་ལྟ་བུར་སྨྲ་བ་ནི་སངས་རྒྱས་ཀྱི་གསུང་ཐུན་མོང་མིན་པའི་རང་ལུགས་སོ། །དེ་ལ་ཕྱིའི་ཆོས་ཐམས་ཅད་ནི་ས་བོན་ལས་མྱུ་གུ་སྐྱེ་བ་ལ་སོགས་པའི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་ལ། ནང་གི་ཆོས་སེམས་ཅན་མཆོག་དམན་བར་མའི་ཕུང་པོ་ཐམས་ཅད་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཚུལ་དུ་འབྱུང་ངོ་། །དེ་ཇི་ལྟར་ན་ཕྱིའི་རྟེན་འབྲེལ་ནི། རྒྱུ་དང་འབྲེལ་བ་བདུན་དང་། རྐྱེན་དང་འབྲེལ་བ་དྲུག་གི་ཚུལ་གྱིས་ས་བོན་ལས་མྱུ་གུ་སོགས་འབྱུང་བའི་དཔེས་མཚོན་ནས་ཤེས་པར་བྱ་སྟེ། རྒྱུ་དང་འབྲེལ་བ་ནི། ས་བོན་དང་མྱུ་གུ་དང་། འདབ་མ་དང་། སྡོང་བུ་དང་། སྦུ་གུ་དང་། སྙིང་པོ་དང་། མེ་ཏོག་དང་། འབྲས་བུ་རྣམས་སྔ་མ་ལས་ཕྱི་མ་རིམ་བཞིན་སྐྱེ་བ་ཉེར་ལེན་གྱི་རྒྱུའི་དབང་དུ་བྱས་ཏེ་གསུངས་སོ། །རྐྱེན་དང་འབྲེལ་བ་ནི། ས་ཆུ་མེ་རླུང་ནམ་མཁའ་དུས་དང་དྲུག་སྟེ། རིམ་པ་ལྟར་རྟེན་པ་དང་སྡུད་པ་དང་སྨིན་པ་དང་འཕེལ་བ་དང་གོ་བྱེད་པ་དང་རིམ་པས་འགྱུར་བར་བྱེད་དེ། ལྷན་ཅིག་བྱེད་པའི་རྐྱེན་འདི་དག་གིས་མྱུ་གུ་ནས་འབྲས་བུའི་བར་དུ་བདུན་པོ་འབྱུང་བའི་གྲོགས་བྱེད་དོ། །ནང་གི་རྟེན་འབྲེལ་ལ་རྒྱུ་དང་འབྲེལ་བ་ནི་ཡན་ལག་བཅུ་གཉིས་ཏེ། གང་ཞེ་ན་མདོ་ལས།རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་ན་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ།གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སོགས་ནས། དེ་བཞིན་དུ་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའི་བར་དུ་སྦྱར་ཞིང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགགས་སོགས་ནས། སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་སོགས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཞེས་གསུངས་པ་ལྟར། བདེན་དོན་མི་ཤེས་ཤིང་། ཁམས་གསུམ་གྱི་རང་སའི་ཕུང་པོ་རྣམས་ལ། རྟག་པ་དང་བདེ་བ་དང་བདག་དང་རིལ་པོ་དང་གཅིག་པུ་དང་སེམས་ཅན་དང་བདག་གིར་འདུ་ཤེས་པ་ལ་སོགས་པ་དངོས་པོའི་རང་བཞིན་དང་མི་མཐུན་པར་ཕྱིན་ཅི་ལོག་ཏུ་འཛིན་པའི་རྨོངས་པ་ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པའི་ཀུན་རྟོག་དེ་ལ་མ་རིག་པ་ཞེས་བྱའོ། །བདག་ཏུ་འཛིན་པའི་མ་རིག་པ་དེ་ཡོད་ན་དེའི་དབང་གིས་ཆགས་སྡང་གཏི་མུག་གིས་བསྐྱེད་པའི་ལས་བསོད་ནམས་དགེ་བ་དང་། བསོད་ནམས་མིན་པ་མི་དགེ་བ་དང་། མི་གཡོ་བའི་ལས་རྣམས་འབྱུང་བས་ནི། རྣམ་ཤེས་ལ་ཡང་སྲིད་ཀྱི་ས་བོན་འདེབས་པས་འདུ་བྱེད་ཅེས་བྱ་སྟེ། དགེ་བས་མཐོ་རིས་ཀྱི་རྟེན་དང་བདེ་བ། མི་དགེ་བས་ངན་སོང་གི་རྟེན་དང་སྡུག་བསྔལ།མི་གཡོ་བས་ཁམས་གོང་མ་གཉིས་ཀྱི་ཡང་སྲིད་འདུ་བྱེད་དོ། ། འདུ་བྱེད་དེས་ཕྱི་མའི་སྲིད་པའི་སྐྱེ་གནས་སུ་འགྲོ་བའི་རྣམ་ཤེས་འབྱུང་བར་བྱེད་དེ། ཡང་སྲིད་འཕེན་བྱེད་ཀྱི་ས་བོན་རྣམ་ཤེས་ལ་བཞག་པ་འཕེན་བྱེད་ཀྱི་རྣམ་ཤེས་དང་། ནམ་ཞིག་རྐྱེན་ཚོགས་ནས་སྲིད་པའི་སྐྱེ་གནས་སུ་ཁྲིད་པ་འཕངས་འབྲས་ཀྱི་རྣམ་ཤེས་ཞེས་བྱ་ཞིང་། དེ་གཉིས་ཀ་དོན་དུ་ཡང་སྲིད་འགྲུབ་བྱེད་རྣམ་ཤེས་ཀྱི་ཡན་ལག་ཏུ་གཅིག་གོ། རྣམ་ཤེས་དེའི་དབང་གིས་མངལ་དུ་ཉིང་མཚམས་སྦྱོར་བ་ན་རྣམ་ཤེས་དང་ཚོར་འདུ་འདུ་བྱེད་དེ་མིང་བཞི་དང་། དེ་དང་ལྷན་ཅིག་པའི་མེར་མེར་པོ་ལ་སོགས་པ་གཟུགས་ཏེ་མིང་གཟུགས་ཀྱི་ཡན་ལག་དེ་དག་མདུང་ཁྱིམ་ལྟར་ཕན་ཚུན་བརྟེན་པའི་ཚུལ་གྱིས་སྲིད་པའི་ལུས་ཀུན་ནས་འཛིན་པ་འབྱུང་ངོ་། །དེ་ལས་མིང་གཟུགས་ཀྱི་གནས་སྐབས་ཡོངས་སུ་རྫོགས་པ་ནང་གི་མིག་སོགས་སྐྱེ་མཆེད་དྲུག་འབྱུང་ངོ་། །དེ་ལས་ཡུལ་དབང་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པ་མིག་གི་འདུས་ཏེ་རེག་པ་སོགས་དྲུག་འབྱུང་བ་ནི་རེག་པའི་ཡན་ལག་གོ། རེག་པ་དེ་ལས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱི་ཆ་ལ་ཉེ་བར་ལོངས་སྤྱོད་པ་འབྱུང་བ་ནི་ཚོར་བའི་ཡན་ལག་གོ། ཚོར་བ་དེ་ལ་བརྟེན་ནས་ཚོར་བ་བདེ་བ་ལ་མི་འབྲལ་བར་འདོད་པའི་འདོད་སྲེད། མི་བདེ་བ་ལ་འདོར་བར་འདོད་པའི་འཇིག་སྲེད། བཏང་སྙོམས་ལ་རང་གར་གནས་ཤིང་། གཟུགས་ནས་ཆོས་ཀྱི་བར་ཡུལ་དྲུག་པོ་དེ་ལ་སྲེད་པ་སྐྱེ་སྟེ། མདོར་ན་ཚོར་བའི་རྒྱུ་ལས་ཡུལ་གྱི་རོ་མྱང་བ་དང་དགའ་ཞིང་ཞེན་པ་སྐྱེ་བས་ཡུལ་སྡུད་པ་ནི་སྲེད་པའི་ཡན་ལག་གོ། འདི་ལ་འདོད་གཟུགས་གཟུགས་མེད་ཀྱི་སྲེད་པ་གསུམ་སོགས་སུ་དབྱེར་ཡོད་དོ། །སྲེད་པ་དེ་ལས་བདག་སྡུག་པ་དང་བདེ་བའི་ངོ་བོ་ལས་འབྲལ་བར་མ་གྱུར་ཅིག །ཅེས་བརྐམས་ཆགས་ཀྱི་སྲེད་པ་ལྷག་པར་འཕེལ་ཏེ། ཡུལ་དང་དུ་ལེན་པ་ལ་དངོས་སུ་སྦྱོར་བ་ནི་ལེན་པའི་ཡན་ལག་སྟེ། འདི་ལ་དབྱེ་བ་བྱས་ན། འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞིར་ཡང་གསུངས་སོ། །ལེན་པ་དེས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྲིད་པ་ཕྱི་མ་འགྲུབ་པའི་ལས་མངོན་དུ་བྱས་པ་ནི་སྲིད་པའི་ཡན་ལག་ཏེ་ཁམས་གསུམ་གྱི་སྲིད་པ་གསུམ་སོགས་སུ་དབྱེར་ཡོད་དོ། །སྲིད་པ་དེའི་མཐུས་ནམ་ཞིག་རྐྱེན་ཚོགས་པ་ན། ཡང་སྲིད་ཀྱི་སྐྱེ་གནས་དེར་དངོས་སུ་དང་པོར་སྐྱེ་བ་དང་ལུས་རྫོགས་པ་དང་རིས་མཐུན་པར་གནས་པ་ནི་སྐྱེ་བའི་ཡན་ལག་སྟེ། དེ་ནི་རྟེན་དེ་ལས་སྡུག་བསྔལ་ཇི་སྙེད་མྱོང་བའི་གཞིར་གྱུར་པ་ཡིན་ནོ། །སྐྱེ་བ་དེ་ལས་ཕུང་པོའི་རྒྱུན་འགྱུར་བའི་རྒ་བ་དང་། རྒྱུན་འགགས་པའི་ཤི་བ་དང་། དེས་མཚོན་ནས་ནང་གི་ཡོངས་སུ་གདུང་བ་མྱ་ངན་དང་། དེ་ལས་བྱུང་བའི་ཚིག་སྨྲ་བ་སྨྲེ་སྔགས་འདོན་པ། སྒོ་ལྔའི་ཤེས་པ་དང་མཚུངས་ལྡན་གྱི་སྡུག་བསྔལ་བ། ཡིད་ཤེས་དང་མཚུངས་ལྡན་གྱི་ཡིད་མི་བདེ་བ། གཞན་ཡང་ཉམས་སུ་མི་བདེ་བའི་ཉེ་ཉོན་རྣམས་འབྱུང་བ་འཁྲུགས་པ་སྟེ། དེ་ལྟར་མདོར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་ནི་འཁོར་བར་སྐྱེ་བ་ལས་བྱུང་བའོ། །སྐྱེ་བ་དེ་ཡང་སྲིད་པ་ལས་བྱུང་བ་སོགས་ཡན་ལག་སྔ་མ་སྔ་མ་འདི་དག་ཡོད་པས་ཕྱི་མ་ཕྱི་མ་དག་ཡོད་པའི་ཐ་སྙད་འབྱུང་ལ། སྔ་མ་དག་སྐྱེས་པས་ཕྱི་མ་སྐྱེ་བའི་དོན་བྱེད་པ་ཡིན་ཅིང་། སྔ་མ་མེད་པ་དང་མ་སྐྱེས་པ་ན་ཕྱི་མ་འདི་མི་འབྱུང་ལ་མི་སྐྱེ་བ་ཡིན་པས། སྡུག་བསྔལ་གྱི་ཕུང་པོ་འགག་པར་འགྱུར་རོ། །རྐྱེན་དང་འབྲེལ་བ་ནི་མ་རིག་པ་སོགས་ཉོན་མོངས་རྣམས་དམིགས་པའི་ཡུལ་དང་ནང་གི་དབང་པོ་སོགས་ཀྱིས་ཀྱང་གྲོགས་བྱས་ནས་སྐྱེ་ལ། ལས་ཀྱང་དེ་བཞིན་ཏེ། སྡུག་བསྔལ་གྱི་གཞི་མིང་གཟུགས་སོགས་བདུན་ནི། ནང་གི་སའི་ཁམས་སྲ་བ་དང་། ཆུ་གཤེར་བ་དང་། མེ་དྲོ་བས་ཟས་སོགས་འཇུ་བ་དང་། དབུགས་འབྱིན་རྔུབ་སོགས་རླུང་གི་ཁམས་དང་། གོ་འབྱེད་པའི་བུ་ག་རྣམས་ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཏེ་ཁམས་དྲུག་གིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སྐྱེ་བར་བྱེད་དོ། །མིག་ཤེས་ནི་རྟེན་མིག་དབང་དང་། དམིགས་པ་གཟུགས་དང་། མངོན་པར་སྣང་བ་དང་། མི་སྒྲིབ་པ་ནམ་མཁའ་དང་། བསམ་པ་ཡིད་བྱེད་ལྔས་ལྷན་ཅིག་བྱས་ནས་སྐྱེ་བ་དེ་བཞིན་དུ་ཤེས་པ་གཞན་ལའང་ཅི་རིགས་སུ་སྦྱར་ཏེ་ཤེས་པར་བྱའོ། །དེ་ལྟར་ཕྱི་དང་ནང་གི་ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་ཇི་ཙམ་ཚོགས་དགོས་པ་ལས་གང་ཡང་རུང་བ་མ་ཚང་ན་མི་སྐྱེ་ལ། ཚང་ན་ངེས་པར་སྐྱེ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ངང་ཚུལ་ཏེ། ཐོག་མ་མེད་པའི་དུས་ནས་རྒྱུན་གྱི་འཇུག་པ་འདི་ལ་བྱེད་པ་པོ་བདག་དང་དབང་ཕྱུག་སོགས་གང་ཡང་མེད་ལ། རྒྱུ་རྣམས་ཀྱིས་རང་འབྲས་འདི་དག་སྐྱེད་དོ་སྙམ་དུ་མི་རྟོག །འབྲས་བུ་རྣམས་ཀྱིས་བདག་འདིས་སྐྱེད་དོ་སྙམ་དུ་མི་རྟོག་ཀྱང་། རྒྱུ་འབྲས་ཀྱི་རྟེན་འབྲེལ་ཁྱད་པར་ལྔ་ལྡན་དུ་འབྱུང་སྟེ། གང་ཞེ་ན། ས་བོན་མ་འགགས་པར་ཡོད་བཞིན་མྱུ་གུ་སྐྱེ་བ་མིན་པར་ས་བོན་འགགས་ནས་མྱུ་གུ་སྐྱེ་བའི་ཕྱིར་རྟག་པ་མིན་པ་དང་། ས་བོན་འགགས་ཏེ་རྒྱུན་ཆད་པ་ལས་སྐྱེ་བ་མིན་པར་ས་བོན་འགག་པ་དང་མྱུ་གུ་སྐྱེ་བ་སྲང་མདའི་མཐོ་དམན་བཞིན་དུ་བར་མ་ཆད་པར་འབྱུང་བས་ཆད་པ་མིན་པ་དང་། ས་མྱུག་དེ་གཉིས་ངོ་བོ་དང་བྱེད་ལས་ཀྱི་སྒོ་ནས་གཅིག་མིན་པས་སྔ་མ་ཕྱི་མར་འཕོས་པ་མིན་པ་དང་། ས་བོན་ཆུང་ངུས་འབྲས་བུ་ཆེ་བ་འབྱིན་པས་རྒྱུ་ཆུང་ངུས་འབྲས་བུ་ཆེན་པོ་འགྲུབ་པ་དང་། གྲོ་ཡི་ས་བོན་ལས་གྲོ་ཡི་མྱུ་གུ་དང་། དགེ་བ་ལས་བདེ་བ་ལྟ་བུ་རྒྱུ་དང་འབྲས་བུ་འདྲ་བའི་རྒྱུད་དམ་རྒྱུ་མཐུན་པ་ལྔ་ཡི་ཚུལ་དུ་ཕྱི་ནང་གི་རྒྱུ་འབྲས་རྣམས་ཤེས་པར་བྱ་སྟེ། དཔེ་ཇི་ལྟར་ན། ཁ་ཐོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། དེ་ལྟར་རྟོགས་ན་ཆོས་འདི་དག་རྟེན་འབྲེལ་གྱི་སྣང་བ་བསླུ་མེད་ཙམ་ལས། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མ་བྱུང་བས་མ་སྐྱེས་པ། དུས་དང་དབང་ཕྱུག་སོགས་བྱེད་པོས་མ་བྱས་པ། སྲོག་དང་གང་ཟག་དང་བྱེད་པ་པོ་དང་བདག་དང་ཆོས་ཀྱི་ངོ་བོ་མེད་པ། གསོག་དང་གསོབ་དང་རང་བཞིན་མེད་པར་ཤེས་ནས། བདག་སྔོན་དང་ད་ལྟ་ཕྱི་མར་ཅི་ལྟར་གྱུར་པའི་མཐའ་ལ་རྟོག་པ་སོགས་ཀྱི་གཡོ་བ་དང་བྲལ་ཏེ་ཕྱིས་མི་སྐྱེ་བར་བྱེད་པའི་བཟོད་པ་དང་ལྡན་པ་དེ་ལ་སངས་རྒྱས་རྣམས་ཀྱིས་བླ་མེད་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །
དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ནི་མ་རིག་པ་མ་སྤངས་ཀྱི་བར་དུ་རྒྱུན་གྱིས་འཇུག་སྟེ། སྔོན་གྱི་དུས་ཀྱི་རྒྱུ་མ་རིག་པ་དང་འདུ་བྱེད་ཀྱིས་ནི་ད་ལྟའི་འཕངས་འབྲས་ཀྱི་རྣམ་ཤེས་ནས་ཉོན་མོངས་སྲེད་ལེན་གྱིས་ཡང་སྲིད་འགྲུབ་བྱེད་ཀྱི་ལས་བསགས་པ་སྲིད་པའི་བར་དུ་འབྱུང་ལ། དེ་ལས་སླད་མའི་ཚེ་ལས་དང་མཐུན་པར་གནས་རིས་གང་དུ་སྐྱེ་བ་ལེན་ཅིང་། རྟེན་དེས་འཁོར་བའི་སྡུག་བསྔལ་རྒ་ཤི་སོགས་མྱོང་ངོ་། །དེ་ལྟར་གྱུར་པའི་རྟེན་དེ་ལ་ཡང་། གཟུགས་ཅན་གྱི་སེམས་ཅན་རྣམས་ལ་རྣམ་ཤེས་ནས་སྲིད་པའི་བར་འབྱུང་ཞིང་། གཟུགས་མེད་དུ་སྐྱེ་བ་ན་རྣམ་ཤེས་ནས་མིང་བཞིའི་ཕུང་པོས་བསྡུས་པའི་སྲིད་པའི་བར་དུ་འབྱུང་ལ། གང་དང་གང་དུ་སྐྱེས་ཀྱང་དེའི་སྐྱེ་བ་དང་རྒ་ཤི་འབྱུང་སྟེ། སླར་ཡང་ལས་ཉོན་གྱིས་འཕངས་ནས་སྐྱེ་བ་གཞན་ལེན་པས། དེ་ལྟར་མགལ་མེའི་འཁོར་ལོ་དང་ཟོ་ཆུན་ཁྱུད་མོ་ལྟར་ཁམས་གསུམ་སྲིད་པར་ཡང་ནས་ཡང་དུ་འཁོར་ཞིང་འཕྱན་པར་འགྱུར་རོ། །
དེ་ལྟར་རྒྱུན་ཆགས་སུ་འབྱུང་ཚུལ་སྤྱིར་ཤེས་པར་བྱས་ནས་ཚེ་དུ་ལ་རྫོགས་དཔྱད་ན་སྔོན་དང་། ད་ལྟ་ཕྱི་མའི་སྐྱེ་བ་གསུམ་ལ་རྫོགས་ཚུལ་བཤད་མ་ཐག་པ་ལྟར་དང་། ཚེ་སྔོན་མའི་གནས་སྐབས་ཀྱི་ཕུང་པོས་བསྡུས་པའི་མ་རིག་པ་དང་། སྲེད་ལེན་གྱི་དབང་གིས་ལས་འདུ་བྱེད་པ་དག་གིས་འཕངས་པའི་ཕྱི་མའི་སྐྱེ་བ་ལེན་ཞིང་དེ་ལ་རྣམ་ཤེས་ནས་སྲིད་པའི་བར་དང་རྒ་ཤི་ཡང་འབྱུང་བས་ཚེ་གཉིས་ཀྱིས་རྫོགས་པའང་ཡོད་དོ། །གང་ལྟར་ཡང་གཅིག་ལ་གཅིག་བརྟེན་ནས་རྒྱུན་ཆགས་པར་འབྱུང་བས་འདི་ལ་རྒྱུན་ཆགས་པའི་རྟེན་འབྲེལ་ཞེས་བྱའོ། ། གཞན་ཡང་བྱ་བ་རྫོགས་པའི་སྐད་ཅིག་བཅུ་གཉིས་ཚང་ཚུལ། སྲོག་གཅོད་པ་ལྟ་བུ་ལ་མཚོན་ན། མི་ཤེས་པས་འཇུག་པ་མ་རིག་པ། དེ་བཞིན་དུ་ལས་དེ་འདུ་བྱེད་པ། དེ་དུས་ཀྱི་ཤེས་པ་རྣམ་ཤེས། དེ་དུས་ཀྱི་མིང་གཟུགས་དང་། སྐྱེ་མཆེད་དྲུག་མཚོན་བསྣུན་པ་སོགས་ཀྱི་རེག་པ། དེ་དུས་རང་གཞན་གྱི་བདེ་སྡུག་མྱོང་ཞིང་ཚོར་བ། དེ་ལ་དགའ་བས་འཇུག་ཅིང་སྲེད་པ། དེ་ལ་ཕྱི་མའི་ཆ་དང་དུ་ལེན་པ། ལས་བྱེད་དུས་ཀྱི་ཕུང་པོ་སྲིད་པ། དེ་ལས་ད་ལྟ་དང་ཕྱི་མའི་ཆ་སྐྱེ་བ། དེ་འགྱུར་ཞིང་འགག་པ་རྒ་ཤིའི་ཡན་ལག་གི་ཚུལ་དུ་འདོད་དེ་སྐད་ཅིག་མའི་རྟེན་འབྲེལ་ལོ། །རྒྱུན་ཆགས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ་ན། མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་གསུམ་ནི་འཕེན་པའི་ཡན་ལག །མིང་གཟུགས་ནས་ཚོར་བའི་བར་བཞི་འཕངས་འབྲས་ཀྱི་ཡན་ལག །སྲེད་ལེན་སྲིད་པ་གསུམ་མངོན་པར་འགྲུབ་པའི་ཡན་ལག །སྐྱེ་བ་དང་རྒ་ཤི་གཉིས་མངོན་པར་གྲུབ་པའི་ཡན་ལག་སྟེ་བཞིར་འགྱུར་རོ། །ཡང་གསུམ་དུ་སྡུད་དེ་མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ནི་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་སོ། །ལྷག་མ་བདུན་ནི་སྡུག་བསྔལ་གྱི་གཞི་བདུན་ནོ། །འདི་གསུམ་ལ་རིམ་པ་ལྟར་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ། ལས་ཀྱི་ཀུན་ནས་ཉོན་མོངས་པ། ཚེའམ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་འདོགས་ཏེ་འགྲོ་བ་རྣམས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ཡང་རིམ་པ་ལྟར་ཉོན་མོངས་པའི་གཞན་དབང་དང་། ལས་ཀྱི་གཞན་དབང་དང་། སྡུག་བསྔལ་གྱི་གཞན་དབང་ཞེས་ཀྱང་བརྗོད་དོ། །ཉོན་མོངས་གསུམ་ལས་ལས་གཉིས་འབྱུང་ལ། དེ་ལས་སྡུག་བསྔལ་གྱི་གཞི་བདུན་འབྱུང་ཞིང་། བདུན་པོ་ལས་སླར་ཡང་ཉོན་མོངས་དང་ལས་འབྱུང་སྟེ་དེ་ལྟར་རྒྱུན་གྱིས་འཁོར་རོ། །ཡན་ལག་བཅུ་གཉིས་ཀྱི་ནང་ནས་ལས་ཉོན་ལྔ་དང་རྣམ་ཤེས་རྣམས་ནི་ཡན་ལག་གཞན་རྣམས་སྡུད་པར་བྱེད་པའི་རྒྱུ་སྟེ། མ་རིག་པ་དང་། ལས་དང་། སྲེད་པ་དང་། རྣམ་ཤེས་བཞིའོ། །སྲེད་ལེན་གཉིས་སྲེད་པ་དང་། འདུ་བྱེད་སྲིད་པ་གཉིས་ལས་ཡིན་ནོ། །དེ་ལ་རྣམ་ཤེས་ནི་ས་བོན་ལྟ་བུ། ལས་ཞིང་ས། སྲེད་པ་རླན། མ་རིག་པ་འདེབས་བྱེད་དང་ལུད་ལྟ་བུ་སྟེ། དེ་བཞིས་སྲིད་པའི་སྐྱེ་གནས་རྣམས་སུ་མིང་གཟུགས་ཀྱི་མྱུ་གུ་འགྲུབ་པར་བྱེད་དོ། །ལུགས་འབྱུང་གི་རྟེན་འབྲེལ་དེ་དག་བསྡུས་ན་ལས་ཉོན་ལྔ་ནི་རྒྱུ་ཀུན་འབྱུང་གི་བདེན་པས་བསྡུས་ལ། ལྷག་མ་བདུན་ནི་སྡུག་བདེན་གྱིས་བསྡུས་པའོ། །ལུགས་ལྡོག་གི་དབང་དུ་བྱས་ན་བདེན་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་མ་རིག་པ་སྤངས་ནས། ལས་ཉོན་ལྔ་ལྡོག་པ་ལམ་བདེན་དང་། སྡུག་བསྔལ་གྱི་གཞི་བདུན་དེ་བཞིན་ཉིད་དུ་འགོག་པ་འགོག་བདེན་ཏེ་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་རང་བཞིན་ནོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་སངས་རྒྱས་ཀྱི་གསུང་གི་མཛོད་ཀྱི་ནང་ན་གཅེས་པ་ཟབ་མོར་གྱུར་པ་སྟེ། སུས་ཤེས་རབ་ཀྱི་སྤྱན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་འཕགས་ལམ་བརྒྱད་ཀྱི་རང་བཞིན་ཅན་གྱི་ཆོས་མཐོང་ཞིང་། ཡེ་ཤེས་ཀྱི་གཟིགས་པས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་སངས་རྒྱས་ཆོས་ཀྱི་སྐུ་མཐོང་བ་ཡིན་ནོ། །ཞེས་གསུངས་སོ། །རྟེན་འབྲེལ་གྱི་སྐབས་སོ།། །།
—
༤༽ བདག་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༦ གི་ཆུ་ཚོད་ ༢༢ སྐར་མ་ ༤༧
རྟེན་ཅིང་འབྲེལ་བའི་སྐབས།
རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། ཕྱི་དང་ནང་གིས་བསྡུས་པའི་ཆོས་འདི་རྣམས་རྒྱུ་མེད་པར་བྱུང་བ་མ་ཡིན། རྒྱུ་མིན་པ་བདག་དང་དུས་དང་དབང་ཕྱུག་སོགས་བྱེད་པོ་རྟག་པ་གཞན་གྱི་རྒྱུ་ལས་བྱུང་བ་མ་ཡིན་ལ། རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་སྟེ། ཚུལ་འདི་ལྟ་བུར་སྨྲ་བ་ནི་སངས་རྒྱས་ཀྱི་གསུང་ཐུན་མོང་མིན་པའི་རང་ལུགས་སོ།། ་་་་་་་་་་་་་
ཞེས་དང་།
་་་་་ བདེན་དོན་རྣམ་པ་བཅུ་གཉིས་ཀྱི་རང་བཞིན་ནོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་སངས་རྒྱས་ཀྱི་གསུང་གི་མཛོད་ཀྱི་ནང་ན་གཅེས་པ་ཟབ་མོར་གྱུར་པ་སྟེ། སུས་ཤེས་རབ་ཀྱི་སྤྱན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་འཕགས་ལམ་བརྒྱད་ཀྱི་རང་བཞིན་ཅན་གྱི་ཆོས་མཐོང་ཞིང་། ཡེ་ཤེས་ཀྱི་གཟིགས་པས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་སངས་རྒྱས་ཆོས་ཀྱི་སྐུ་མཐོང་བ་ཡིན་ནོ། །ཞེས་གསུངས་སོ། །རྟེན་འབྲེལ་གྱི་སྐབས་སོ།། །།་་་་་་་ཟེར།
གོར་གྱི་མ་ཐུལ་མཇེ་གོག་དེ།།
ངུར་སྨུག་སྦུབ་ན་གེར་རེ་ལང་།།
ཚོད་མེད་ངག་གི་སྒོ་ཁ་ན།།
ཆགས་སྲེད་ཚིག་གི་ཆར་བ་འབབ།།
འདུལ་བའི་ཁྲིམས་ལ་ལུས་གཏད་ཀྱང་།།
ནང་སེམས་དུག་གིས་ཡོངས་སུ་མྱོས།།
དབེན་གནས་འགྲིམས་པ་རབ་སྤངས་ནས།
འདུ་འཛིའི་སྲང་ན་ཁྱི་སྨྱོན་བཞིན།།
རང་འགོ་མ་ཐོན་སྡུག་གི་གྱོང་།།
ཡི་གེར་ཕབ་ཚད་སྙན་ངག་ཞེས།།
རང་ཉིད་འདྲ་བའི་ཅོལ་ཆུང་ཚོས།།
ཕན་ཚུན་མཁས་པའི་ཆོ་ལོ་སྤྲས།།
ཆང་གིས་མྱོས་པར་བཤད་རྒྱུ་མང་།།
དུག་གིས་མྱོས་པར་ན་རྒྱུ་མང་།།
བདུད་ཀྱིས་མྱོས་པར་བྱེད་རྒྱུ་མང་།།
མི་བྱེད་དགུ་བྱེད་འདི་ལ་ལྟོས།།
བླ་མ་སྤྲུལ་སྐུའི་མིང་ལ་ཆགས།།
གྲགས་པའི་རྗེས་ལ་སྲེད་པས་རྒྱུག།
ལོ་ན་རྒས་དུས་ནོངས་པ་མང་།།
ད་ནི་འདི་ལྟའི་ལས་ལ་ཞུགས།།
བྱས་ཟིན་པའི་ལས་ལ་བསམས་ན་ཁ་གསབ་བྱ་ཐབས་ཤིག་མེད་པར་མྱོང་བས་གྲུབ་པས། ཅིས་ཀྱང་འབད་བརྩོན་མི་བསྟེན་པའི་རེ་བ་ཆེའོ།།
ད་ལྟའི་ཁ་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི། ཞེས་དང་། སྔར་བཀའ་བསྟན་གསུང་འབུམ་རྣམས་ཀྱི་ཆོས་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་འདི། ཞེས་པར།
གང་དག་རྟེན་འབྱུང་མ་ཡིན་པའི།
ཆོས་འགའ་ཡོད་པ་མ་ཡིན་ནོ།
གང་དག་སྟོང་ཉིད་མ་ཡིན་པའི།
ཆོས་འགའ་ཡོད་པ་མ་ཡིན་ནོ།། ༡༩ །། རྩ་ཤེས་ལེའུ་ ༢༤
ཞེས་ཀྱི་བཅོམ་ལྡན་འདས་ཀྱི་བཞེད་པ་དཔལ་མགོན་ཀླུ་སྒྲུབ་ཀྱིས་བཤད་པ་ལྟར། གྲུབ་ཐོབ་ཀླུ་སྨྱོན་གྱིས་བརྟེན་འབྱུང་དང་སྟོང་ཉིད་སྒོམ་པ་གདོན་མི་ཟའོ།
གོང་གི་མཆན་བཞི་བ་བདག་པོ་ཟེར་བ་དེས་རྟེན་འབྲེལ་གྱི་སྐོར་བཀོད་པ་ལེགས་ཏེ། ཡིན་ན་ཡང་གང་བཀོད་ཡོད་པ་ཆ་ཚང་སྙིགས་དུས་ཀྱི་མ་ཧ་པན་ཆེན་འཇམ་མགོན་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་གསུངས་ཐད་ཀར་བཀོད་འདུག་ན། གསུངས་ཆན་བཤུས་བྱས་པ་གསལ་བཤད་ཡོད་ན་ལེགས་པ་ལས། རང་རྩོམ་ཡིན་འདོགས་ཀྱི་བཀོད་ན་ལེགས་པོ་མི་འདུག ཆད་ལྷག་དང་བཅད་གཏུབ་མ་གཏོང་རོགས་ཞུ། གཞན་རྒན་ལྭ་དགས་པར་རྗེས་ས་ཡིད་རངས་ཡོད་དེ། ད་ནི་ལོ་ནའི་དབང་གི་ཡིན་ནམ་གང་ཡིན་མི་ཤེས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་མ་དག་པ་ལྟ་བུ་ཞིག་གསུངས་བཞིན་པ་འདྲ། ལུང་དྲངས་པ་དེའི་ནང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པའི་ཚིག་ཅིག་མི་འདུག ལུང་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བའི་ནང་ཡོད་པ་རེད། རྒན་ལྭ་དགས་པ་ལགས། དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་གངས་ཅན་མཁས་པའི་དབང་པོའི་གྲས། ཁྱེད་རང་གི་བསླབ་པའི་རྒྱན་དང་རིགས་བདག་ཉག་གཅིག ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱིས་བཀུར་བའི་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཀྱང་ རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་གསུངས་འདུག་པ་ལས་ རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་གསུངས་མི་འདུག་ན་དེ་ཡང་བཀའ་བསྟན་གྱི་དགོངས་དོན་དང་འགལ་ཡོད་པར་ཐལ། རྟགས་ཁས། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་གསུངས་ཡོད་པའི་ཕྱིར། ཕལ་མོ་ཆེ་ན་སྐྱེས་བོ་རྣམས།། དམ་པ་མ་ཡིན་ཕྱོགས་ཡོངས་འཛིན།།ཞེས་པ་འདི་རྒན་ལྭ་དགས་པར་སྒེར་ཆོས་སུ་གནང་བ་འདྲ། རྒན་ལགས་ ང་མཁས་པ་ མ་གནང་རོགས་གནང་།། ཁ་དྲོ་བཀྲ་ཤིས།
ཨ་ཁུ་ཀླུ་སྨྱོན་གཞི་གནས་་མ་ཐོབས་བར་རྒྱ་མཚོའི་རླབས་ཀྱིས་བར་ཆད་མེད་པར་ཤོག་་་་་་་་་
བདེ་ལྡན་མཆོག་ལ། དམིགས་བསལ་གྱི་བྲིས་མཛད་པར་བཀའ་དྲིན་ཆེ། ང་བོད་ལྟར་ན། ལོ་ངོ་གྱ་གཅིག་ཏུ་སླེབས། ཉེ་དུས་མིག་བརྟག་དཔྱད་བྱེད་པར་སོང་བ་ན། ལོ་ངོ་དྲུག་ཅུ་ཟིན་པའི་མིག་ལས་བཟང་པོ་ཡོད་ཚུལ་བཤད། ད་དུང་ལས་གཡོལ་དུ་མ་ཕྱིན་པར་སློབ་གྲྭ་ཆེན་པོར་སློབ་པ་ན་ཡང་། གནས་བརྟན་པའི་དགེ་སློང་འགའ་ཞིག་གིས་ཁྱེད་ལུས་པོ་ཐང་པོ་ཇི་ལྟར་བྱུང་ཞེས་དྲི་བ་བཀོད།
གང་དག་རྟེན་འབྱུང་མ་ཡིན་པའི། འདིར་བ་སྔོན་འཇུག་ཆད་པ་འདྲ། གང་དག་བརྟེན་འབྱུང་མ་ཡིན་པའི། ལེགས་སྦྱར་གྱི་མ་དཔེ་ད་ལྟ་ངའི་ལག་ཏུ་ཡོད། དེ་ལ་གཞིར་བཟུང་གིས་བྲིས། འདིའི་ནང་གི་བརྟེན་འབྱུང་དང་། དབུ་མ་རྩ་ཤེས་ཀྱི་མཆོད་བརྗོད་ན་ཡོད་པའི། བརྟེན་ཅིང་འབྲེལ་པར་འབྱུང་། ཞེས་པ་དོན་གཅིག་ཏུ་མཐོང་། དེ་ཡང་རྩ་བའི་ལེགས་སྦྱར་ན། པྲ་ཏཱིཏྱ། སོ་སོར་བརྟེན་ནས། ཞེས་ལྷག་བཅས་ཀྱི་སྒྲ་ཡོད། ལྷག་བཅས་ཀྱི་སྒྲ་ལ་འདས་ཚིག་ཐོབ་པས། བརྟེན་ཅིང་འབྲེལ་པར་། ཞེས་ཆེས་དག་པར་མཆིས། ལེགས་སྦྱར་དང་། བཀའ་བསྟན་གསུང་འབུམ་རྣམས་ཀྱི་མིང་ཚིག་ལ་ཁ་སྐད་ཀྱི་ཤན་མ་ཞུགས་ན། ཆེས་དག་པར་མཐོང་། རྗེ་ཙོང་པའི་གསུམ་འབུམ་གྱི་དཔེ་ཆ་རྣམས་ན། རྗེ་རང་གི་ཡི་གེ་པ་སོ་སོ་ནས་བྲིས་པ་ལ་དག་ཆ་མི་མཐུན་པ་དང་། ཕྱིས་སུ་ཡི་གེ་འབྲི་མཁན་དག་གིས་མ་དག་པར་བྱས་ཡོད་པ་ཡང་མང་དུ་མཆིས། ཁྱེད་ལ་ལོང་ཡོད་ན། དེ་དག་དཔེ་ཆ་རྣམས་ཞིབ་མོའི་བློས་ཀློག་ན་ཤེས་ཐུབ། ང་ནི་མཁས་པ་རྣམས་ལ་བལྟོས་ཏེ། ཆེས་བླུན་པོ་ཞིག་ཡིན་བསམ་པ་ཡོད། འོན་ཀྱང་ཤེས་མདོག་སྟོན་པ་ཡོད་ན། དེ་ཡང་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་རྣམས་ལ་ཁ་སྐད་ཀྱིས་ཤན་མ་ཞུགས་པ་བོད་སྤྱིའི་སྐད་དུ་དག་ཆ་མཐུན་པ་ཞིག་དགོས་བསམས་ནས་བྱེད་ཀྱིན་ཡོད།
་
གོང་གི་ཚིགས་བཅད་དེ་དབུ་མ་རིན་ཆེན་འཕྲེང་བ་ན་ཡོད་ན། ལེའུ་རེར་ཕལ་ཆེར་ཚིགས་བཅད་བརྒྱ་རེ་བྱས་ཏེ། ལེའུ་ལྔ་ལ་ཚིགས་བཅད་ལྔ་བརྒྱ་ཡོད་དགོས། ཁྱེད་ཀྱི་རྟོག་བཟོ་མ་ཡིན་ན། ལེའུ་དང་ཚིགས་བཅདཀྱི་་ཨང་གྲངས་འབྲི་བའི་རེ་འདུན་བྱེད།
མ་ཧ་པན་ཆེན། ཞེས་པ་མ་ཧཱ་པ་ཎ་ཆེན་ཞེས་དགོས། ཁྱེད་ཀྱིས་ང་ལ་བསླབ་བྱ་བརྒྱབས་པས། ལན་དུ་ཡང་བསླབ་བྱུ་ཞིག་འབུལ་དགོས་བསམས། ཁྱེད་ཀྱིས་བྲིས་པའི་མིང་ཚིག་དུ་མ་ཞིག་ལ་ཁ་སྐད་ཀྱི་ཤན་ཞུགས་འདུག་ན། དཔེ་ཆ་དག་པ་ཞིག་བཀླགས་ཏེ། མིང་ཚིག་རྣམས་དག་པར་བཟོ་ཐུབ་ན། བོད་ཀྱི་རིག་གཞུང་ལ་ཕན་པ་ཐུགས་ལ་འཇོག་དགོས་སོ།།
༡༽ རྟེན་འབྲེལ་ལམ།
༢༽ བརྟེན་འབྲེལ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༡ རྟེན་འབྲེལ་བསྟོད་པ།
༡ རྒྱལ་རྟེན་ཅིང་འབྲེལ་བར་འབྱུང། །
༡ རྟེན་ཅིང་འབྲེལ་བ་འབྱུང་བར་གསུངས། །
༡ རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། །
༢ བརྟེན་ནས་འབྱུང་བར་གསུང་བལས། །
༡ རྟེན་ཅིང་འབྲེལ་བར་ལེགས་གསུང་པའི། །
༡ རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །
༡ རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །
༢ བརྟེན་ནས་འབྱུང་བའི་རྒྱ་མཚན་གྱིས། །
༡ རྟེན་ནས་འབྱུང་བར་ཁས་བླངས་ནས། །
༡ རྟེན་འབྲེལ་ལྟོས་དང་བཅོས་མ་ཉིད། །
༡ མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི །
༡ སྟོན་པའི་ནང་ནས་རྟེན་འབྲེལ་སྟོན་པ་དང་། །
༡ རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །
༢ བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པའི། །
ད་འདི་ལ་དག་བཅོས་ཅིག་མཛད་རྒྱུ་འདུག་གམ། མི་འདུག ལགས།
པཎ་ཆེན་དང་། ཅོད་པན་གཉིས་འབྲི་ནོར་མ་ཐེབས་པ་གལ་ཆེའོ།།
རྒན་ལ་དྭགས་པ་ལགས། གུས་འདུད་དང་བཅས་གོང་གི་མཆན་བཅུ་གསུམ་པ་འདི་འགོད་མཁན་དེས་རྒན་ལགས་ལ་གུས་ཞབས་ཀྱིས་རྒན་ལགས་ཀྱི་མཚན་སྨྲས་མི་འདུག་སྟེ། དོན་གྱིས་གསལ་བྱེད་གནང་མི་འདུག་གམ། གཞན་རྒན་ལགས་ཀྱི་སྐུ་གཟུགས་གསལ་ཐང་ལ་དགའ་གུས་སྐྱེས་བྱུང་བྱང་ཆུབ་སེམས་དཔའ་གང་ན་ས་བཞུགས་པ། དེ་དག་རྟག་ཏུ་སྐུ་ཚེ་རིང་བར་ཤོག གཞན་ཞིག་ལ་དབུ་མ་རིགས་ཚོགས་དྲུག་ག་ཚིགས་བཅད་ཀྱིས་གསུངས་ཡོད་པ་རེད། རྒན་ལགས་དགོངས་པ་ཡང་བསྐྱར་ཅིག་བཞེས་རོགས་གནང་། ཧ་ལམ་ཐུགས་དགོངས་ལ་མ་དྲན་པ་ཡིན་པ་ལས་མ་མཁྱེན་པ་ནི་མིན་ཁོ་ཐག་ཡིན། ཁ་དྲོ་བཀྲ་ཤིས།
ཕ་རོལ་སླུ་བ་ལྷུར་ལེན་པ།
དོན་དུ་ཇི་ལྟར་ལུགས་ལྡན་ཡིན།
དེས་ནི་ཚེ་རབས་སྟོང་ཕྲག་ཏུ།
བདག་ཉིད་ཁོ་ན་བསླུས་པར་འགྱུར།། ༣༡ །།
དབུ་མ་རིན་ཆེན་འཕྲེང་བའི་ལེའུ་གཉིས་པའི་༣༡པ་ན་འདི་ལྟར་གསུང་འདུག
བདེ་ལྡན་མཆོག་གིས་དྲན་བསྐུལ་མཛད་པར་དགའ་སྤྲོ་བརྟས། མཆན་༡༣པ་ན། “པཎ་ཆེན་དང་། ཅོད་པན་གཉིས་འབྲི་ནོར་མ་ཐེབས་པ་གལ་ཆེའོ།།” ང་ལ་དོན་གྱིས་འཕངས་པ་ཡིན་ན། གོ་བ་ཞིག་ཡོད་ངེས། ཇི་ཞིག་ཡོད་པ་ནི་གསལ་པོར་རྟོགས་མ་ཐུབ། རྟེན་ཅིང་འབྲེལ་པར་འབྱུང་། ཞེས་པ་དམ་པོར་འཛིན་པ་ནི་སྔ་རབས་པའི་སྐད། བོད་ཀྱི་ལུང་ཁུག་དག་ཏུ་ལུས་ཡོད་པ་དང་། དེ་བཞིན་བཀ་འགྱུར་སོགས་ན་དེ་ལྟར་བྲིས་པ་མཐོང་བ་དེའི་རྗེས་སུ་འབྲངས་པ་ལ་བོད་སྐད་ཟུར་ཆག་སྨྲ་ཞིང་འབྲི་བ་པོ་འགའ་ཞིག་ལ་ཐུགས་སེམས་མི་བདེ་བ་བྱུང་དང་འབྱུང་བཞིན་ཡང་། བྱ་ཐབས་དབེན། ཁྱེད་སྐུ་ཁམས་བཟང་པོར་ཤོག ཅེས་སོ།
རྒན་ལ་དྭགས་པ་ལགས། དབུ་མ་རིན་ཆེན་ཕྲེང་བ་ཚིགས་བཅད་ཡིན་པ་དྲན་སོས་པར་དགའ་བས་བརྟས་སོང་། གོང་གི་མཆན་བཅུ་གསམ་པ་དེ། རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པའི་ནང་ནས་ལུང་འདྲེན་གནང་འདུག
རྗེ་ཁོང་ཉིད་ཀྱིས ་རྟེན་ཅིང་འབྲེལ་བར་འབྱུང་བ་ ཞེས་བཀོད་འདུག་གསུངས་བཞིན་ཡོད་པ་རེད། གཞན་དབུ་མ་རིན་ཆེན་ཕྲེང་བའི་ ཤོ་ལོ་ཀ་དེས་སེམས་ལ་ཕན་ཐོགས་སོང་ཐུགས་རྗེ་ཆེ་ཞུ། ཁ་དྲོ་བཀྲ་ཤིས།