སྐྱོ་བྲག་དགའ་དབང་།
༡༽ ཁྲི་གདུགས་ཉི་མའི་དཀྱིལ་འཁོར་དེ། །ཤར་ཕྱོགས་རི་བོའི་རྩེ་ནས་འཕོས། །ས་ཆེན་མུན་པའི་སྨག་རུམ་སེལ། །རབ་གསལ་སྣང་བའི་དགའ་སྟོན་སྦྱིན།
༢༽ དྲིན་ཆེན་རྩ་བའི་བླ་མ་དེ། །བསོད་ནམས་སྨོན་ལམ་དབང་གིས་བྱུང་། །མ་རིག་མུན་པའི་སྨག་རུམ་སེལ། །མ་ནོར་ལམ་བཟང་སྣང་བ་སྦྱིན། །
༣༽ ཀུན་྄གྱི་ནང་ན་མངོན་པར་མཐོ། །སྒྲིབ་པའི་ནག་ནོག་རིང་དུ་བྲལ། །ཡེ་ཤེས་འོད་ཟེར་ལམ་མེ་བ། །བརྩེ་བས་གདུལ་བྱའི་མཁའ་ན་རྒྱུ། །
༤༽ མཇལ་ན་མིག་གི་བདུད་རྩི་དང་། །ཉན་ན་རྣ་བའི་བདུད་རྩི་དང་། །མྱང་ན་ཡིད་ཀྱི་བདུད་རྩི་སྟེ། །བདུད་རྩིའི་ཐིག་ལེ་འོད་པོ་ཆེ། །
༥༽ འཁོར་བའི་གཉན་འཕྲང་འགྲིམ་པ་ན། སྐྱབས་དང་རེ་སའི་དཔུང་གཉེན་ཆེ། །ནང་གི་མུན་པ་སེལ་བ་ལ། །ཉི་མ་ལྟ་བུའི་ཆོས་ཀྱི་རྗེ། །
༦༽ བདག་དང་འཁོར་བའི་འགྲོ་བ་རྣམས། །འདི་ནས་བྱང་ཆུབ་སྙིང་པོའི་བར། །མི་འབྲལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐུ་ཚེ་ཞབས་པད་བརྟན་དུ་གསོལ། །
བཀླགས་ཟིན་སྙན་པོ་ཞིག་འདུག
ཁུ་ནུ་བླ་མས་བྱང་ཆུབ་སེམས་བསྟོད་ལས་དཔེ་བརྐུས་མིན་ན་རྩོམ་དེ་ཡག། སྐྱོ་བྲག་དགའ་དབང་ལ་འཚམས་འདྲིས་ཞུ། འོན་ཀྱང་བླ་མ་སུ་ལ་བསྟོད་ཡིན་མིན་ཆ་མི་འཚལ། ཏ་ལི་བླ་མ་འམ། ཏ་པ་བ་ཝང་གཉིས་སུ་བསྟོད་ཡིན་ནམ་གསུངས་གནང་རོག།