ཐུབ་བསྟན་ལུང་རིགས།
༄༅།། “ཀྲུང་གོའི་བོད་ལྗོངས་དུས་དེབ་” ཟེར་བར་དམངས་ཁྲོད་ཁ་བརྡའི་བདེ་ཆེན་སྤྲུལ་སྐུའི་ཕྱག་རོགས་ཧུར་བརྩོན་ཅན་བསོད་ནམས་ཪིན་ཆེན་གྱིས་རྩོམ་ཡིག་སྤེལ་བའི་ནང། “ཉེ་ལམ་བོད་ཁུལ་དུ་བོད་རིགས་གྲྭ་པ་དང་བཙུན་མས་རང་ལུས་མེར་བསྲེགས་པའི་དོན་རྐྱེན་ཁ་ཤས་བྱུང། བོད་རིགས་ཤིག་དང་ནང་པ་ཞིག དོན་རྐྱེན་ཚང་མར་འབྲེལ་བ་མེད་པའི་མི་སྤྱིར་བཏང་བ་ཞིག་ཡིན་པའི་ཆ་ནས་ངའི་སེམས་གཞོལ་འཇགས་ཡོང་ཐབས་བྲལ” ཞེས་ཐོག་མར་སྔོན་གླེང་ལྟ་བུར་བཀོད་འདུག་པ་ནས་ཁྱེད་བོད་རིགས་ཤིག་དང་ནང་པ་ཞིག་ཡིན་པ་ངོས་ལེན་གནང་བཞིན་དུ་དོན་རྐྱེན་དེ་དག་ལ་འབྲེལ་བ་མེད་པ་ཅི་ལྟར་རུང་སྟེ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་རང་བཞིན་གྱིས་འབྲེལ་བ་ཡོད་དགོས་པ་ཞིག་ཡིན། འབྲེལ་བ་མེད་པའི་མི་སྤྱིར་བཏང་བ་ཞིག་ཡིན་ན་སེམས་གཞོལ་འཇགས་ཡོང་ཐབས་བྲལ་དགོས་པ་མེད་པས་མགོ་སྔ་འགལ་བ་རང་ཚིག་རང་ལ་གནོད་པ་འཇུ་ས་མེད་པ་ཞིག་འདུག
འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་ནས་སེམས་གཞོལ་འཇགས་ཡོང་ཐབས་བྲལ་བ་བདེན་པར་སྣང་སྟེ། རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པ་དག་གིས་རང་ལུས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་ཞུགས་འབུལ་གནང་བ་དེས་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱའི་དཔོན་རིགས་དེ་དག་དང་འབྲེལ་ཡོད་རྣམས་ཅི་བྱ་གཏོལ་མེད་དུ་འགྱུར་རྒྱུ་ནི་ཚོད་དཔག་མི་ཐུབ་པ་མིན།
གུང་བྲན་ཏང་གི་ལོག་འགྲེལ་ཡོད་ཚད་སྐུ་ཉིད་ནས་བསྐྱར་བཤད་ཡང་བཤད་བྱ་རྒྱུའི་ངལ་བ་དྭང་དུ་བླངས་འདུག་པ་མ་ཟད། ཁོ་པ་ཚོའི་བྱེད་བབ་སྦས་ཐབས་ཀྱི་རྩལ་ཅི་ཡོད་བཏོན་སྟེ་ཞེ་སྡང་འཁོན་སེམས་ཀྱིས་གོང་ས་༸སྐྱབས་མགོན་ཆེན་པོར་གཞི་མེད་སྐུར་འདེབས་མཚན་སྨད་ཞུ་གང་ཐུབ་བྱས་འདུག རང་ཉིད་བོད་རིགས་ཤིག་དང་ནང་པ་ཞིག་ཡིན་པ་ཐོག་མ་ཉིད་ནས་ཁས་བླངས་འདུག་ན། རང་ཉིད་བོད་རིགས་ཤིག་དང་ནང་པ་ཞིག་ཡིན་པ་ཐོག་མ་ཉིད་ནས་ཁས་བླངས་འདུག་ན། དེ་ཙམ་གྱིས་ཀྱང་༸གོང་ས་མཆོག་ལ་”ཁོ་”དང་”ཁོས་”ལྟ་བུའི་མཚན་འདོགས་པའི་ཚིག་རྩུབ་བརྗོད་སྐབས་བོད་གཤིས་དང་ནང་པའི་ཞགས་རྩི་གང་དུ་སོང།
ད་ནི་ཁྱེད་ཀྱི་རྩོམ་དངོས་ལ་འཇུག་པར་བྱ་བ་ཡིན་ན། ཁྱེད་ཀྱིས་ ༡༽ སངས་རྒྱས་ཆོས་ལུགས་ལ་དད་མཁན་ཚོས་ཅིའི་ཕྱིར་ཆོས་ཁྲིམས་དང་འགལ་བའི་ལས་ཀ་འདི་ལྟ་བུ་སྒྲུབ་པ་ཡིན་ནམ། ལས་ཀ་འདི་དག་གི་ཕུགས་སུ་དངོས་དོན་ཅི་ཞིག་ཡོད་དམ། ནང་ཆོས་སུ་རང་སྲོག་གཅོད་པ་ཉེས་པ་ཆེས་ཆེ་ཤོས་ཤིག་ཏུ་འཛིན། ཪང་སྲོག་གཅོད་མཁན་ཡི་དྭགས་སུ་སྐྱེ་ཞིང། སངས་རྒྱས་མི་ཐུབ་པར་འདོད། “ཞེས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་སྐུ་སྲོག་ཞུགས་འབུལ་གནང་མཁན་རྒྱལ་གཅེས་པ་དག་ལ་ཚད་ལས་བརྒལ་བའི་སྐྱོན་བརྗོད་དང་ཟུར་ཟ་འདི་འདྲ་བ་བོད་མི་ཞིག་གིས་བསམ་ཕོད་རྒྱུ་ལྟ་ཅི། རྨི་ལམ་ཙམ་དུ་ཡང་རྨིས་མི་ཕོད་པ་གུང་བྲན་ཏང་གི་བརྗོད་བབ་ལས་ཀྱང་སྡིག་པ། འདི་ལྷག་གི་ལོག་རྟོག་དང་སྒྲོ་སྐུར་སྲིད་ན་རྙེད་རྒྱུ་མེད་པ་ཞིག་བྱས་འདུག
བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ལུས་གཏོང་བ་ནང་བསྟན་ཆོས་ཁྲིམས་དང་འགལ་ཞིང་སངས་རྒྱས་མི་ཐུབ་པ་ཡིན་ན་བདག་ཅག་གི་སྟོན་པ་སློབ་པ་ལམ་གྱི་གནས་སྐབས་ན་ཆོས་ཀྱི་ཚིགས་སུ་བཅད་པ་གཅིག་གི་དོན་དུ་སྐུ་ལུས་བཏང་བ་ཙམ་དུ་མ་ཟད་གཅེས་པའི་བུ་དང་བཅས་པ་ཕངས་མེད་བཏང་ཚུལ་སྐྱེས་རབས་དག་མཇལ་མ་མྱོང་བ་ཡིན་ནམ། སླད་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་སྲོག་ཚུན་ལ་ལྟོས་པ་མེད་པའི་རྒྱལ་གཅེས་པ་དག་གི་བློས་གཏོང་ལ་ ལོག༌རྟོགས་དང་སྒྲོ་སྐུར༌གྱི་བསོད་ནམས་མ་ཡིན་པ་ལ་འཇུག་པ་ལས་སྐྱོབ་ཕྱིར་མདོ་ལས་དཔེ་མཚོན་འགའ་ཞིག་བླངས་སྟེ་སློབ་སྐྱེས་སུ་སྦྱིན་པར་བྱ་བ་ཡིན་ན་སྐྱོན་གསུམ་གྱིས་མ་སྦག་པར་སོམས་ཤིག་ཨང༌།
༡) བྱིས་པ་ཚུན་གྱི་ངག་ལམ་དུ་ཡོངས་གྲགས་སུ་ཡོད་པ་རྒྱལ་པོ་ཤིང་རྟ་ཆེན་པོའི་སྲས་ཐ་ཆུང་གི་སྐྱེ་བ་བཞེས་པ་དེས་སྟག་མོར་ལུས་སྦྱིན་པ།
༢) སྔོན་འཛམ་བུའི་གླིང་དུ་རྒྱལ་པོ་ཆེན་པོ་ག་ན་ཤ་ནི་པ་ལི་ཞེས་བྱ་བའི་སྐྱེ་བ་བཞེས་པས་ཆོས་ཀྱི་ཚིགས་སུ་བཅད་པ་གཅིག་གི་དོན་དུ་སྐུ་ལུས་ཀྱི་ཤ་ཕུག་ནས་མར་མེ་སྟོང་བཙུགས་པ།
༣) རྒྱལ་པོ་ཆེན་པོ་བྱིང་ལིང་གར་གྱིས་ཆོས་ཀྱི་ཚིགས་བཅད་གཅིག་གི་དོན་དུ་སྐུ་ལུས་ལ་ལྕགས་གཟེར་སྟོང་གིས་བཏབས་པ།
༤) རྒྱལ་པོ་ཚངས་ལྷ་ཞེས་བྱ་བའི་རྒྱལ་བུ་ཡི་སྐྱེ་བ་བཞེས་པའི་ཚེ་ན་ཆོས་ཀྱི་ཚིགས་སུ་བཅད་པ་གཅིག་གི་ཡོན་དུ་མེ་དོང་ནང་མཆོངས་པ།
༥) ཡུལ་ཝ་ར་ཎ་སིར་དྲང་སྲོང་དག་གི་སྟོན་པ་ཨུཏྤལ་ལ་ཞེས་བྱ་བའི་དྲང་སྲོང་ཞིག་གི་སྐྱེ་བ་བཞེས་པས་དེ་བཞིན་གཤེགས་པའི་བསྟན་པ་ལ་བཀུར་བསྟི་བྱ་བའི་ཕྱིར་པགས་པ་བཤུས་ནས་རུས་པ་སྨྱུ་གུར་དང་ཁྲག་སྣག་ཚར་བྱས་ཏེ་ཆོས་ཡི་གེར་བྲིས་པ་བཅས་དཔེ་མཚོན་ཙམ་ཞིག་བཀོད་པ་ཡིན་ཞིང༌། ཞིབ་པར་སྐྱེས་རབས་སོ་བཞི་དང་སྐྱེས་རབས་བརྒྱ་པ། མདོ་མཛངས་བླུན་སོགས་སུ་གཟིགས་པར་འཚལ་ཞུ་བ་དང་སྦྲགས་སེམས་ཅན་ལ་དམིགས་པས་ཆོས་ཀྱི་དཀའ་སྤྱད་འདི་དག་ཐམས་ཅད་ཁྱེད་ལྟར་ན་སངས་རྒྱས་ཆོས་ལུགས་ཀྱི་ཁྲིམས་དང་འགལ་ཞིང༌། ཡི་དྭགས་ཀྱི་སྡུག་བསྔལ་གྱིས་མནར་ཡོད་ཁར། སངས་རྒྱས་ཐུབ་མེད་ཅེས་ཟེར་རྒྱུ་ཡིན་ནམ། འདི་ལ་ལན་གང་ཡོད། སེམས་དཔའ་ཆེན་པོ་དེ་དག་དང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་དག་གི་བྱེད་ལས་ངོ་བོ་བཅས་པར་མཐུན་པའི་ཕྱོགས་མ་གཏོགས་མི་མཐུན་པའི་ཕྱོགས་མེད།
ཡང་ ༢༽ ལས་ཀ་འདི་དག་གི་ཕུག་ཏུ་དངོས་གཞི་ཅི་ཞིག་ཡོད། ལས་རྒྱུ་འབྲས་རློམ་མཁན་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ཚོས་ཅིའི་ཕྱིར་རང་ལུས་མེར་བསྲེགས་པ་ཡིན་ནམ། རེ་ཐག་ཆད་པ་དང་ཡང་མིན་ན་མི་སུ་ཞིག་གི་ངན་བསྐུལ་བྱས་པ་ཤ་སྟག་རེད།”ཅེས་རྒྱལ་གཅེས་བློས་གཏོང་སེམས་དཔའ་ཆེན་པོ་དག་གིས་སྐུ་ལུས་ཞུགས་འབུལ་གྱི་ཕུགས་སུ་དངོས་གཞི་ཅི་ཞིག་དང༌། ཅིའི་ཕྱིར་ཡིན་པ་ལོང་བས་ཀྱང་མཐོང་ཐུབ་པ་དང་འོན་པས་གོ་ཐུབ་པ་ས་སྟེང་འདིར་རྒྱ་གྲགས་བོད་གྲགས་གྱུར་ཟིན་ནའང་ད་དུང་མ་ཤེས་པ་ནི་བྱང་ལྟས་ཕུག་པར་ཉི་མའི་འོད་ཟེར་མི་འཇུག་པ་དངོས་པོའི་གཤིས་ལ་བཅོས་སུ་མེད། རེ་ཐག་ཆད་པའམ་ཡང་ན་མི་སུ་ཞིག་གིས་ངན་བསྐུལ་བྱས་པ་ཤ་སྟག་རེད། ཅེས་ཟེར་བ་ནི་འཐབ་ཕྱོགས་གཅིག་གྱུར་པས་ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་ཟེར་རྒྱུས་འཕོངས་ཏེ་གཞི་མེད་བསྙོན་འཛུགས་བྱེད་པ་དེ་བསྐྱར་བཤད་ཡང་བཤད་བྱས་ཏེ་རྒྱའི་སྐུ་ཚབ་གནང་བ་ཅིས་མིན། རེ་ཐག་ཆད་དགོས་དོན་མེད་དེ་བོད་མིའི་འཐབ་རྩོད་འདི་གནས་དུས་དང་མཉམ་དུ་འགྱུར་འགྲོ་བའི་ཆབ་སྲིད་རྐྱང་པའི་མིན་པར་བདེན་པ་དང་རྫུན་པ། ཆོས་དང་ཆོས་མིན། འཚེ་བ་དང་འཚེ་མིན་འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་བའི་འཐབ་རྩོད། གཞིས་བྱེས་སྤུན་ཟླའི་དམ་ཚིག རྒྱལ་སྤྱིའི་བདེན་རྒྱབ། ལྷག་པར་དུ་བསླུ་མེད་མགོན་དཔུང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབ་མགོན་ཆེན་པོ་མཆོག་ཡོད་པས་རྒྱ་དམར་ལ་མགོ་བཏགས་ཞུ་དགོས་པའི་རེ་ཐག་ཆད་རྒྱུའི་རེ་བ་བཅངས་པ་དོན་མེད་ཀྱི་ངལ་བ་རེད། ལས་འགུལ་སྣ་ཚོགས་པ་སྤེལ་བ་འདི་དག་ནམ་ཞིག་བདེན་པ་རྒྱལ་རྒྱུར་ངེས་པའི་ཡིད་ཆེས་ཀྱིས་ཡིན་པ་མཁྱེན་དགོས།
ཡང་ཁྱེད་ཀྱིས་ ༣༽ ”ཀྲུང་གོའི་བོད་ལྗོངས་ཕྱོགས་ཀྱི་སྲིད་བྱུས་ཐད་འགྱུར་བ་མངོན་གསལ་ཅི་ཡང་བྱུང་མེད། དོན་དངོས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་ཚུལ་ཇེ་ལེགས་སུ་སོང༌། མི་མང་ལ་སྨན་བཅོས་དང་སློབ་གསོའི་འགན་ལེན་ཐོབ། ཟས་རིགས་མོད་པོ་དང་ཚོང་ལས་གོ་སྐབས་མང་པོ། བོད་ལྗོངས་ཀྱི་ཁྱད་དུ་འཕགས་པའི་རིག་གནས་ཆེད་དངུལ་མང་པོ་བཏང་བ། ཆོས་དད་རང་དབང་ཡོད་པ། དེང་སྐབས་རྒྱ་གར་དུ་འགྲོ་ཡང་སླ། དེ་སྔོན་དུས་འཁོར་དབང་ཆེན་གྱི་སྐབས་སུ་བོད་མི་སྟོང་ཕྲག་ཁ་ཤས་རྒྱ་གར་དུ་སོང༌། འགྱུར་ལྡོག་ངས་ཤེས་རྒྱུ་ཞིག་ནི་བོད་མི་ཚོས་ཨེ་ཤ་ཡ་རང་དབང་རྒྱང་བསྒྲགས་དང་ནོར་ཝེ་བོད་སྐད་རྒྱང་བསྒྲགས་ལས་ཁུངས་ནས་ཏཱ་ལའི་བླ་མའི་གཏམ་བཤད་གོ་ཐུབ་པ་དེའོ།“ ཞེས་རྒྱ་ཕྱོགས་རྩེ་གཅིག་ཏུ་བཟུང་སྟེ་ལོག་རྟོགས་དང་སྒྲོ་འདོག་རྐྱང་པའི་རྫུན་གྱི་ཕུང་པོ་བསྟར་ལ་སྒྲིག་པ་ནི་གཞན་གྱིས་ཅི་ཟེར་ཨང་སྙམ་པའི་ཁྲེལ་ཙམ་ཡང་མེད་པར་འདུག བོད་ནང་གི་གནས་སྟངས་ཛ་དྲག་ཅི་ཆེ་འཛམ་གླིང་གཟུར་གནས་སྐྱེ་བོའི་ཚོགས་ཡོངས་ལ་ས་རིས་ཐང་གསལ་ཡིན། རྒྱའི་དངུལ་དངོས་ཀྱི་བསླུ་བྲིད་འོག་མི་འགྲོ་བའི་བདེན་པ་ལ་དགའ་བའི་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། མི་མང་བཅས་པས་བོད་མིར་རྒྱབ་སྐྱོར་བྱེད་པ་བོད་ནང་གནས་སྟངས་བཟང་པོ་ཡོད་པས་ཡིན་ནམ། རྒྱལ་གཅེས་པ་དག་གིས་གཅེས་པའི་སྐུ་ལུས་ཚུན་ཕངས་མེད་གཏོང་བ་གནས་སྟངས་ཡག་པོ་ཡོད་པས་ཡིན་ཟེར་རྒྱུ་ཡིན་ནམ།
བོད་མིའི་རྩ་ཆེའི་རིན་ཐང་བྲལ་བའི་གནའ་བོའི་དགོན་པ་སྟོང་ཕྲག་ལྷག་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་སྐུ་བརྙན་ནང་བསྟན་ལྷ་སྐུ་རྟེན་གསུང་སོགས་རིན་པོ་ཆེ་སྣ་ཚོགས་ལས་བཞེངས་པ་གཏོར་བཤིག་གིས་རྒྱ་ནག་ཏུ་འོར་བ། བཀའ་བསྟན་གྱིས་མཚོན་ཕྱག་དཔེ་གྲངས་ལས་འདས་པ་མེར་བསྲེགས་སོགས་དང༌། ནང་ཆོས་མཚོན་རིག་གཞུང་བདག་གཉེར་མཁན་བླ་མ་དགེ་འདུན་དང་མཁས་པ་གསོད་བརྡུངས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་ཏུ་གཏོང་བའི་བྱུས་ངན་བཤམས་པ་བཅས་བྱུང་དང་འབྱུང་བཞིན་དུ་བོད་ལྗོངས་ཀྱི་ཁྱད་དུ་འཕགས་པའི་རིག་གནས་སྲུང་སྐྱོབ་ཆེད་དངུལ་མང་པོ་བཏང་ཞེས་རྒྱའི་འཁྲབ་སྟོན་ལ་ཇི་ལྟར་སྲུང་སྐྱོབ་བྱེད་ནུས་པ་ཡིན་ནམ། གཞན་བོད་ཀྱི་རང་བྱུང་གཏེར་ཁ་སྔོགས་འདོན་དང་གདོད་མའི་ཤིང་སྣ་གཅོད་འབྲེག་གིས་རྒྱ་ནག་ཏུ་འོར་འདྲེན་བྱས་པ་གཅིག་པུའི་རིན་ཐང་གི་ཟེགས་མ་ཙམ་གྱི་དོ་ཡང་མཉམ་མི་ཐུབ་ཅིང་ཁ་གསབ་བྱ་ཐབས་མེད་པ་ཡིན་ན་བོད་ནང་དངུལ་མང་པོ་བཏང་ཞེས་ཟེར་ཕོད་པ་ནི་འཆོལ་གཏམ་འབའ་ཞིག་ལས་ཅི་ཞིག་ཡིན། བོད་སྐད་ཀྱི་རྒྱང་བསྒྲགས་བོད་ནང་འགོག་ཐབས་སྣ་དགུ་བྱས་ཀྱང་བཀག་མ་ཐུབ་པ་མ་གཏོགས་ཁྱེད་ཀྱིས་རྫུན་སྒྲིག་འཆོལ་གཏམ་ལྟར་མིན་པ་རྒྱང་བསྒྲགས་སྡེ་ཚན་ཁག་ཙམ་མིན་པར་རྒྱལ་སྤྱིར་ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཡོད།
ཡང་ཁྱེད་ཀྱིས། ༤༽ “ བོད་བརྒྱུད་ནང་བསྟན་གྱི་མགོ་ཁྲིད་ཏཱ་ལའི་བླ་མ་མཆོག་གིས་བོད་རིགས་སེར་སྐྱ་ཚོའི་སྤྱོད་པ་འདི་རིགས་བྱེད་ཕྱོགས་ཅི་ལྟ་བུ་ཞིག་འཛིན་ནམ་“ ཞེས་དང༌། ཡང་ “རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཤིག་གིས་བོད་མི་ཚོས་རང་ལུས་མེར་བསྲེགས་པའི་སྤྱོད་པ་མི་འགོག་པ་ཅི་ཡིན་དྲིས་པར། ཏཱ་ལའི་བླ་མས་རང་ལུས་མེར་བསྲེགས་མིན་བོད་མི་ཚོ་རང་ཉིད་ཀྱིས་ཐག་གཅོད་པ་ལས་ཁོ་ལ་འདི་བྱེད་ཆོག་དང་དེ་བྱེད་མི་ཆོག་ཅེས་ཐེ་གཏོགས་བྱེད་དབང་མེད་ཟེར། འོན་ཀྱང་བོད་མི་དེ་དག་གིས་ཁོ་ལ་དད་བཀུར་གྱིས་རང་ལུས་མེར་བསྲེགས་པ་ཁོས་ཤེས། བོད་མི་ཚོའི་སྤྱོད་པ་དེ་རིགས་ལ་ལན་ཕན་མི་ཐོགས་པ་འདི་ལྟ་བུ་བཏབས་པ་ཇི་འདྲའི་ཚུལ་འཆོས་དང་ཇི་འདྲའི་སྡུག་རྩུབ་རེད་ཨང” ཞེས་བཀའ་ལན་གནང་པ་བཅད་བཏུབ་ཀྱིས་རྫུན་སྒྲིག་ཁོ་ནས་མང་ཚོགས་མགོ་སྐོར་ཐབས་དང་རྒྱལ་གཅེས་པ་རྣམས་ཐུགས་ཕམ་དང་ཐུགས་ལ་སེར་ཁ་བཟོ་ཐབས་གཙོ་གཉེར་བྱས་འདུག
བོད་མིའི་སྤྱི་ཚོགས་ནང་དང་རྒྱལ་སྤྱི། གསར་འགོད་པའི་བཅར་འདྲི་བཅས་པར་བློ་ཡིད་དང་བའི་གནས་ལུགས་བཀའ་གསལ་གསུངས་ཡོད་བཞིན་དུ་དྲི་བ་འདི་ལྟར་འདོན་པ་ནི་འདྲི་རྒྱུས་ཕོངས་ཤིང་ཞེ་སྡང་དྲག་པོའི་འཁོན་འཛིན་བཟུང་མ་ཐུབ་པས་ཡིན་པ་འཇིག་རྟེན་བློ་གཟུ་བོར་གནས་པའི་ཤེས་ལྡན་ཀུན་གྱིས་རྟོགས་ནུས་པ་རེད། འདིར་བཀའ་ལན་གང་གནང་བ་ཇི་བཞིན་ཁྱེད་ལ་སྟོན་པས་དགེ་མཚན་ཆེར་མ་མཐོང་ཡང་གཟུར་གནས་དཔྱོད་ལྡན་རྣམས་ཀྱི་ཆེད་བཀོད་པར་བྱ་བ་ཡིན།
NDTV: How do you see the people who killed themselves by self-immolation? Do you see them as martyrs?
DALAI LAMA: Strictly speaking from Buddhist viewpoint, it ultimately depends on the motivation. We have to look at this case by case, we cannot generalize that something is always wrong or always right. We cannot say that. It depends on the individual’s motivation, which we have no way of knowing. When this first time happened last year, I was in Japan and I said then that the time has come for the Chinese government to carry a thorough investigation, to find the cause of these tragic events. These events are the symptom of some cause. I feel very sad, but these people are making their own decision. They’re not doing because they drunk, or because they have family problems, but I think that over several generations,2-3 generations, they have really suffered. If I’m going to say something I must have something to offer, then I can speak, but I have nothing. I feel very sorry and all I can do is say prayer. Otherwise, there is nothing I can do. The Chinese government can take action, but they simply try to pass the blame to others. That won’t solve the problem. So, the time has come for them to start a thorough investigation of the cause of these events. They have to take these events more seriously.
NDTV: We have seen young girls and monks do this, and the number is now so large, might you appeal to them not to do this?
Dalai Lama: Yes, but as I mentioned before, this question politically sensitive. Political leaders have made it clear, right from the beginning, that we never encourage such acts, but at the same time, I can only ask them not to do this if we have something to offer them in return. We can speak out, but we have nothing to offer to change th e situation. It is very difficult.
གཞན་ཡང་ཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་ཕྱི་དྲོར་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་རྒྱ་རིགས་ཤེས་ཡོན་ཅན་སྐོར་ཞིག་གིས་ྋགོང་ས་མཆོག་ལ་བོད་ཀྱི་གནད་དོན་སྐོར་དང་འབྲེལ་རང་ལུས་མེར་བསྲེགས་ཐད་བཀའ་འདྲི་ཞུས་པར། “ དང་པོ་གནས་ཚུལ་དེ་བྱུང་མ་ཐག་ངོས་རང་བློ་ཕམ་ཞེ་དྲག་བྱུང༌། དེའི་སྐབས་བྷི་བྷི་སཱི་གསར་འགྱུར་འགོད་མཁན་ཞིག་དང་ཁ་ཐུག་བརྒྱབ་པ་རེད། ཁོང་གིས་དྲི་བ་བཏང་སོང༌། སྐབས་དེར་ངས་ལབ་པ་ཡིན། བློ་ཕམ་པོ་རེད་ལ་དངོས་གནས་སྙིང་སྟོབས་ཆེན་པོ་ཞེ་དྲག་རེད། ཡིན་ན་ཡང༌། དེ་འདྲ་བྱེད་རོགས་བྱེད་ལབ་སྟེ་སེམས་ཤུགས་སྤར་བ་དེ་འདྲ་ཁྱོན་ནས་བྱེད་ཀྱི་མེད། དེ་འདྲའི་གཞི་རྩ་དེས་ནུས་པ་ག་ཚོད་ཐོན་མ་ཐོན་ཐེ་ཚོམ་རེད། དེ་ལྟར་བཤད་ཡིན། དེ་ནས་བཟུང་ངོས་ནས་དེའི་སྐོར་ཅང་ཤོད་ཀྱི་མེད། ད་ལྟ་ཁྱེད་རང་གིས་ཟེར་བ་དེ་རེད། ད་ངོས་ནས་རང་སྲེག་བཏང་བ་དེ་ནོར་འཁྲུལ་རེད་ལབ་པ་ཡིན་ན། སྙིང་རྗེ། ཤི་མཁན་དེ་དག་གི་ནང་མི་རྣམས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་བློ་ལ་བབ་མི་འདུག་བསམ་ནས་བློ་ཕམ་བྱེད་ཀྱི་རེད། དེ་འགྲིག་གི་རེད་ལབ་ན། ཇི་ལྟར་ལབ་དགོས་རེད། ལབ་ཐུབ་ཀྱི་མ་རེད། ཁག་པོ་ཞེ་དྲག་རེད།“ ཅེས་བཀའ་ལན་གནང་ཡོད།
དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་སྐབས། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༤ ཉིན་ཀེ་རེ་ལ་མངའ་སྡེའི་ནང་རྒྱ་གར་གཞུང་གི་བརྙན་འཕྲིན་དྷུར་དྷར་ཤཱན་གསར་འགོད་པས་རྒྱ་ནག་གི་སྲིད་འཛིན་གསར་པའི་སྐོར་དང༌། བོད་ནང་གི་རང་ལུས་ཞུགས་འབུལ་སོགས་ཀྱི་སྐོར་བཅར་འདྲིའི་བཀའ་ལན་ནང་ “བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེ་དག་བོད་མིས་བཟོས་པ་ཞིག་མིན། དེ་སྔ་སྲིད་འཛིན་ཏིན་ཞའོ་ཕིན་གྱིས་དངོས་ཐོག་བདེན་འཚོལ་བྱེད་དགོས་སྐོར་བརྗོད་པ་དེ་གཞིར་བཞག་ཐོག བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྒྱ་ནག་དཔོན་རིགས་ཚོས་རྒྱུ་མཚན་ཅི་ཡིན་བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སྐབས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཡོང་བཞིན་པ་དེ་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན། གནས་ཚུལ་དེ་དག་ཐོས་སྐབས་ངོས་རང་མིག་ཆུ་ཤོར་གྱི་འདུག རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་དེ་དག་སྨྱོ་རྫས་ཀྱིས་བཟི་བ་དང༌། བཟའ་ཚང་གི་རྙོག་དྲ་དང་དཀའ་ངལ་དེ་འདྲ་བྱུང་ནས་རང་ལུས་མེར་བསྲེགས་བཏང་བ་ཞིག་རྩ་བ་ནས་མིན། ཁོང་ཚོ་རྒྱ་གཞུང་གི་དམ་དྲག་འོག་དུས་རྟག་ཏུ་འཇིགས་སྣང་དང་དངངས་སྐྲག་ངང་གནས་བཞིན་ཡོད།” ཅེས་སོགས་བཀའ་གསལ་གསལ་ཐག་ཆོད་གནང་ཡོད་བཞིན་དུ་གང་ཡང་གནང་མེད་པ་དང་གནང་བ་ཡང་ཕན་ཐོགས་མེད་པ་གནང་བར་ལོག་བཤད་བྱས་པ་ནི། ཁྱེད་ན་ཚོད་ཀྱིས་རྡིབ་སྟེ་འཆོལ་སོང་བ་མིན་ན། རྒྱ་མིར་དགོས་པའི་བཀའ་ཞིག་གནང་དགོས་པར་རེ་བ་བྱས་པ་ལོས་ཡིན་སྙམ།
ཡང་ཁྱེད་ཀྱིས ༥༽ “དེང་སྐབས་བོད་ལྗོངས་ཀྱི་བོད་མི་རྒྱ་གར་དུ་ཡུལ་སྐོར་ལ་འགྲོ་ཡང་སླ། དེ་སྔོན་དུས་འཁོར་དབང་ཆེན་གྱི་སྐབས་སུ་བོད་ལྗོངས་ཀྱི་བོད་མི་སྟོང་ཕྲག་ཁ་ཤས་རྒྱ་གར་དུ་སོང༌།” ཞེས་འདྲ་ཆགས་པོ་ཞེ་དྲག་གསུངས་འདུག་ཀྱང་དོན་དངོས་དེང་སང་རྒྱ་གར་དུ་ཅི་ཙམ་ཡོང་ཐུབ་ཀྱི་ཡོད་པ་བལ་ཡུལ་དང་རྒྱ་གར་ནང་གི་སྣེ་ལེན་ཁང་དང༌། བལ་ཡུལ་དུ་ཡོད་པའི་རྒྱ་གར་གྱི་དམིགས་བསལ་ལས་ཁུངས་ནས་ཤེས་ཐུབ་པ་ཡིན་གཤིས། ན་གཞོན་ཅི་ཙམ་ཞིག་བོད་ཁྱིམ་སློབ་གྲྭ་ཁག་དང་ཤེས་རབ་དགའ་ཚལ་སློབ་གླིང་བཅས་པ་ནས་ཤེས་ཐུབ་པ་ཡིན། འོན་ཀྱང་འདིར་ཁྱེད་ལ་བརྗོད་པའི་འཁུར་གྱིས་ཅི་ལ་ཕན། དེ་ལྟར་ནའང་དུས་འཁོར་དབང་ཆེན་དུ་ཡོང་སྟེ་བཟང་སྤྱོད་དང༌། རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་བཀུར་གྱིས་ཕྱིར་ལོག་མཁན་དག་ལ་ཕེབས་བསུ་སྣེ་ལེན་ཞུ་སྟངས་ཅི་འདྲ་བ་ལྷང་ཙམ་ཞིག་ཤོམ་དགོས་པ་གལ་པོ་ཆེར་སེམས་པས། འདིར། བོད་ནས་བལ་ཡུལ་དང་རྒྱ་གར་དུ་གནས་སྐོར་དང་གཉེན་འཕྲད་པ་ཕྱིར་ལོག་སྐབས་ལམ་བར་རྒྱ་གཞུང་གིས་ས་མཚམས་འགྲམ་ནས་བཟུང་ལྷ་ས་གྲོང་ཁྱེར་བར་འགག་སྒོའི་ས་ཚིགས་བཅུ་གཉིས་ཙམ་བཙུགས་ཏེ། ལྟ་སྲུང་དམག་མི་དང༌། བོད་མི་གནས་ཡུལ་གྱི་ས་ཁུལ་ནས་ཆེད་གཏོང་བདེ་སྲུང་ཚན་པའི་མི་སྣ་སོགས་ཀྱིས་ཅ་དངོས་སྔོག་བཤེར་དང༌། ཆབ་སྲིད་ཀྱི་འབྲེལ་བ་ཡོད་མེད་ཀྱི་འདྲི་ཞིབ་ཆེད་མི་སྣ་ཟུར་བཀག རྡོར་གདན་ནས་ཉོས་པའི་མཆོད་རྫས། ཐ་ན་ལག་གི་ཕྲེང་བ་དང་བྱིན་རྟེན་རིལ་བུ་ཚུན་ཆོས་ལུགས་དང་འབྲེལ་བ་ཡོད་ཚད་དང༌། གྱོན་ཆས་གསར་པ། དཔེ་དེབ་སོགས་རྒྱ་གར་ནས་འཁྱེར་ཡོང་བའི་ཅ་དངོས་རྣམས་གཅིག་ཀྱང་མ་ལུས་པར་བཙན་འཕྲོག་བྱས་འདུག་ལ། གཞན་བོད་མི་ཆོས་ཞུ་བའི་ཁ་ཟས་རྩམ་པ་དང་མར། ཕྱུར་བའི་ཁུག་མ་སོགས་ཀྱང་གྲིས་གཤགས་ཏེ་སྔོགས་བཤེར་བྱས་ཡོད་འདུག
འགག་སྒོ་ཁག་གི་ས་སྲུང་དམག་མིར་གནས་ཚུལ་གསལ་བཤད་སྐབས་མེ་མདའི་ཁ་གཏད་དེ་འཇིགས་བསྐུལ་བྱེད་པ། ཨ་མདོའི་ས་ཁུལ་བསང་ཆུ་རྫོང་སོགས་ཀྱི་དུས་འཁོར་བཀའ་དབང་དུ་བཅར་ནས་ཕྱིར་ལོག་བྱེད་མཁན་བོད་མི་རྣམས་ཆེད་མངགས་བརྟག་དཔྱད་དོ་དམ་ལས་དོན་སྤེལ་ཡོད་པ་དང༌། ཨ་མདོ་དང་ཁམས་ཕྱོགས་ནས་ཡིན་པའི་བོད་མི་ཚོ་བཀའ་དབང་ནས་ཕྱིར་ལོག་སྐབས། ལྷ་སའི་ནང་ཡོང་དུ་མ་བཅུག་པར་བཀག་ཉར་བྱས་པ་དང༌། གྲོང་ཁྱེར་ནང་ཁུལ་ནས་གནས་སྐོར་བ་སོགས་གང་བྱུང་འཛིན་བཟུང་བྱས་ཏེ་མཉམ་དུ་མེ་འཁོར་ནང་བཅུག་སྟེ་གོར་མོ་སོགས་སུ་བཏང་བ། ཁག་གཅིག་ས་གནས་གང་སར་བཀག་ཉར་གྱིས་རང་ཁྱིམ་དུ་འབྱོར་རྒྱུར་དཀའ་ངལ་བྱུང་བ་དང་མི་ཉུང་བ་ཞིག་རང་ཁྱིམ་དུ་མ་འབྱོར་བར་གར་སོང་ཆ་མེད་དུ་སོང་བའང་ཡོད། དཔེར་ན། ཨ་མདོ་ཀན་ལྷོའི་བོད་མི་སུམ་ཅུ་ལྷག་གནམ་གྲུར་ཁྲིན་ཏུའུ་ནས་ལྷ་སར་སླེབས་སྐབས། གོང་དཀར་གནམ་ཐང་ནས་བཀག་ཉར་གྱིས་རྭ་སྐོར་ཆེན་པོ་ཞིག་ཏུ་དུས་ཡུན་ཉིན་ཤས་རིང་བཀག་རྗེས། མེ་འཁོར་བརྒྱུད་ཉེན་རྟོག་པས་ཕྱིར་ལོག་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་དཔལ་འབྱོར་གྱི་འགྲོ་གྲོན་ལ་མ་འཛེམས་པར་མཁའ་ལམ་བརྒྱུད་ཁོན་མིན་དང༌། ཁྲིན་ཏུའུ། ཀོང་ཀྲོའུ་སོགས་ནས་ཕ་ཡུལ་དུ་ཐར་ཐབས་བྱས་ཡོད་པ་རེད། ལྷ་སའི་སྤྱི་བདེ་ཉེན་རྟོག་པ་ཟེར་བ་དག་གིས་ཨ་མདོ་དང་ཁམས་ཕྱོགས་ཀྱི་བཀའ་དབང་ཞུ་མཁན་ཚོའི་ལག་ནས་རྒྱུ་དངོས་འཕྲོག་པ་ནི་མི་རྣམས་ཡིད་ཆེས་དཀའ་བའི་ཇག་ཚོགས་ཀྱི་རྣམ་པ་འབུར་དུ་ཐོན་ཡོད།
དེ་བཞིན་མཚོ་བྱང་ས་ཁུལ་ཚ་འདམ་ཆེ་བ་ཁུལ་གྱི་མི་དམངས་སྲིད་གཞུང་གི་དྲ་རྒྱའི་ཐོག་བཀོད་པའི་ཕྱི་ལོ་ ༢༠༡༢ ལོའི་ཡིག་ཆ་ཨང་གཉིས་པ་ལྟར་ན། ས་ཁུལ་དེར་དུས་འཁོར་དབང་ཆེན་ལ་ཞུགས་ནས་ཕྱིར་ཕེབས་མི་སྣར་ཞིབ་བཤེར་ཐོ་འགོད་བྱ་རྒྱུའི་ཆེད་ལས་དོན་ཚོགས་ཆུང་ཆེད་འཛུགས་བྱས་ཡོད་པ་ལྟར། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཟེར་བའི་ཧྲུའུ་ཅི་དབྱིས་ཕུན་ཧ་ཚོགས་གཙོ་དང༌། རྩ་འཛུགས་དང་དྲིལ་བསྒྲགས་པུའུ་པུའུ་ཀྲང་ཏན་ཧུ་པང༌། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གུང་ཞོ་ཉིན་ཚོགས་གཞོན་དུ་བསྐོས་པ་དང༌། དེ་མིན་ཚོགས་མི་དྲུག་ཙམ་བསྐོ་བཞག་བྱས་ཏེ་བཀའ་དབང་ཞུ་མཁན་བོད་མི་ཚོར་འཆར་གཞི་ལྡན་པའི་སྒོ་ནས་དམ་དྲག་སུན་བཙིར་ཤུགས་ཆེན་བྱས་ཡོད། དཔེ་མཚོན་ཙམ་ཞིག་འདིར་སྤེལ་བ་ནི་བྱུང་བ་ཕྱིན་ཅི་ལོག་ཏུ་ཁྱབ་སྤེལ་བྱེད་པར་བརྩོན་པའི་དོན་མེད་ཀྱི་ངལ་བ་མི་བྱེད་པའི་སློབ་གསོ་ཐེབས་ཕྱིར་དུ་བསམ་པ་དགེ་བས་ཀུན་ནས་བླངས་པ་ཡིན།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་བསྟེན་གསོལ་གྱི་བླང་དོར་བཀའ་སློབ་ལས་འཕྲོས་པའི་ཁྱེད་ཀྱི་འཁྱོག་བཤད་དག་ལ་བདེན་དོན་གསལ་བཤད་མི་རིང་བར་སྤྲོ་བས་ཆོག་རྒྱུ། འདིར་ཅུང་རིང་སོང་སེམས་པས་གནས་སྐབས་མཚམས་འདིར་ཀློག་པ་པོ་རྣམས་ལའང་ངལ་གསོ་བའི་བར་གསེང་དགོས་ཨང༌།།
༑ རྩ་བ་རུལ་པའི་སྡོང་པོ་ལ། །རྟེན་པར་བྱེད་པ་བླུན་པོའི་རྟགས། །རང་ཡང་འཁོར་བར་བྱིང་བ་ལ། །སྐྱབས་སུ་འཛིན་རྣམས་བླུན་པོའི་རྟགས། །
༢༠༡༣། ༦། ༦། ཉིན།།
ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ་ཞུས་ཡ་ཡིན།
གནད་ལ་ཁེལ་བའི་གསལ་བཤད་གནང་འདུག་པ་ཐུགས་རྗེ་ཆེ་ཞུ
༄།བསམ་ཚུལ་བཤད་རོགས་་གནང་གྲོགས་པོ་ཚོ་། ཁོང་གི་དེ་འདྲ་བྲིས་ཡོད་པ་སྤང་རྟག་ཞིག་ཡོད་ན་ཡག་ག་འདུག་་་་
མི་རིགས་ཀྱི་ལ་རྒྱ་བཙོངས། ཁ་གཏད་སར་རྒྱབ་གཏོད་མཁན་གྱི་རྒྱ་དམར་པོའི་རྒྱུག་ཁྱི་དེ་རིགས་ལ་གནད་ལ་འཁེལ་བའི་ལོག་འཇོམས་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ། ཤེས་ཡོན་པའི་རྟགས་ངོ་མ་དེ་རེད། དེ་མིན་དེང་གི་ཤེས་ཡོན་པ་ཕལ་མོ་ཆེའི་ཁ་དང་སྨྱུག་ཁ་རང་གཞུང་དང་། རྒྱལ་བ་རིན་པོ་ཆེར་མ་གཏོགས་གཞན་ལ་རྒོལ་བའི་བློ་སྟོབས་མེད་པ་རེད།
བསོད་ནམ་རིན་ཆེན་ཟེར་བའི་མི་དེ་ཡིན་ངོ་མ་སུ་རེད། ཡུལ་གང་དུ་ཡོད་དང་ལས་རིགས་ཅི་ཞིག་གཉེར་མཁན་གྱི་མི་ཞིག་རེད། དྲ་གྲོགས་ཚོས་གསུང་རོགས།
ཁོང་ནི་ད་ལྟ་ཨ་རི་ལ་ཡོད་པ་རེད་འདུག་་་་་རྒྱ་གཞུང་གི་གོ་གནས་ཅན་གྱི་མིང་ཡིན་འདྲ་་་་་་་
དོལ་ཚོགས་ནས་༧གོང་ས་མཆོག་ལ་རྒོལ་བ་རྒྱུ་མཚན་ཡོད་ཟེར།
བོད་མི་སྒྲིག་འཛུགས་ལ་རྒྱབ་ལངས་བྱས་པར་རྒྱུ་མཚན་ཡོད་ཟེར།
ཡ་མཚན་པ་ཞིག་ལ། བོད་དོན་ལ་ངོ་ལོག་བྱས་པར་རྒྱུ་མཚན་གང་ཡོད་དམ།
ང་དགུའི་ལོའི་གོང་དུ་རང་གི་ཕ་མས་ཡང་མས་རྣམས་མནར་གཅོད་མྱོང་མེད་པའམ།
ཡང་ན་དེ་དག་ལ་སེམས་འཁུར་མེད་པ་ཡིན་ནམ།
ད་དུང་། རང་གི་སྤུན་ཉེ་འབྲེལ་རྣམས་བུ་གསོ་ཁང་དང་གཏན་འཇགས་སློབ་གྲྭ་བཅས་
ལ་གཏོང་བཞིན་པ་ནས་བོད་མིའི་སྒྲིག་འཛུགས་ལ་ངོ་ལོག་དོན་གང་ཡིན་ནམ།
མཐའ་ན་རང་གི་ཕ་མས་རྣམས་ཀྱི་དཀའ་སྡུག་ཀྱང་ཆུད་གཟོན་ལ་གཏོང་ཐུབ་ན། ད་ག་རེད་
ལབ་དགོས་རེད།
་་་་་ གཞན་བོད་ཀྱི་རང་བྱུང་གཏེར་ཁ་སྔོགས་འདོན་དང་གདོད་མའི་ཤིང་སྣ་གཅོད་འབྲེག་གིས་རྒྱ་ནག་ཏུ་འོར་འདྲེན་བྱས་པ་གཅིག་པུའི་རིན་ཐང་གི་ཟེགས་མ་ཙམ་གྱི་དོ་ཡང་མཉམ་མི་ཐུབ་ཅིང་ཁ་གསབ་བྱ་ཐབས་མེད་པ་ཡིན་ན་བོད་ནང་དངུལ་མང་པོ་བཏང་ཞེས་ཟེར་ཕོད་པ་ནི་འཆོལ་གཏམ་འབའ་ཞིག་ལས་ཅི་ཞིག་ཡིན། ་་་་་ཟེར།
་་་་་་་་་ དེ་འདྲའི་གཞི་རྩ་དེས་ནུས་པ་ག་ཚོད་ཐོན་མ་ཐོན་ཐེ་ཚོམ་རེད། དེ་ལྟར་བཤད་ཡིན། དེ་ནས་བཟུང་ངོས་ནས་དེའི་སྐོར་ཅང་ཤོད་ཀྱི་མེད། ད་ལྟ་ཁྱེད་རང་གིས་ཟེར་བ་དེ་རེད། ད་ངོས་ནས་རང་སྲེག་བཏང་བ་དེ་ནོར་འཁྲུལ་རེད་ལབ་པ་ཡིན་ན། སྙིང་རྗེ། ཤི་མཁན་དེ་དག་གི་ནང་མི་རྣམས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་བློ་ལ་བབ་མི་འདུག་བསམ་ནས་བློ་ཕམ་བྱེད་ཀྱི་རེད། དེ་འགྲིག་གི་རེད་ལབ་ན། ཇི་ལྟར་ལབ་དགོས་རེད། ལབ་ཐུབ་ཀྱི་མ་རེད། ཁག་པོ་ཞེ་དྲག་རེད།“ ཅེས་བཀའ་ལན་གནང་ཡོད། ་་་་་་་ཟེར།
་་་་་ གནས་ཚུལ་དེ་དག་ཐོས་སྐབས་ངོས་རང་མིག་ཆུ་ཤོར་གྱི་འདུག རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་དེ་དག་སྨྱོ་རྫས་ཀྱིས་བཟི་བ་དང༌། བཟའ་ཚང་གི་རྙོག་དྲ་དང་དཀའ་ངལ་དེ་འདྲ་བྱུང་ནས་རང་ལུས་མེར་བསྲེགས་བཏང་བ་ཞིག་རྩ་བ་ནས་མིན། ཁོང་ཚོ་རྒྱ་གཞུང་གི་དམ་དྲག་འོག་དུས་རྟག་ཏུ་འཇིགས་སྣང་དང་དངངས་སྐྲག་ངང་གནས་བཞིན་ཡོད།” ཅེས་སོགས་བཀའ་གསལ་གསལ་ཐག་ཆོད་གནང་ཡོད་བཞིན་དུ་་་་་་་་་་ ཟེར།
Youtube ནང་ལ་དམངས་ཁྲོད་ཁ་བརྡ་ཞེས་པའི་ལེ་ཚན་ཞིག་འདུག དེའི་ནང་ལ་བདེ་ཆེན་སྤྲུལ་སྐུ་ཞེས་པ་དེ་དང་དྲི་བ་དྲི་ལེན་གྱི་ཚུལ་དུ་བསོད་ནམས་རིན་ཆེན་ཞེས་པ་འདིས་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་སོགས་ལ་སྐྱོན་བརྗོད་མང་པོ་བྱེད་ཀྱི་འདུག རྣམ་པ་ཚོས་དེར་གཟིགས་དང་།
་་་་་་ བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་དཔལ་འབྱོར་གྱི་འགྲོ་གྲོན་ལ་མ་འཛེམས་པར་མཁའ་ལམ་བརྒྱུད་ཁོན་མིན་དང༌། ཁྲིན་ཏུའུ། ཀོང་ཀྲོའུ་སོགས་ནས་ཕ་ཡུལ་དུ་ཐར་ཐབས་བྱས་ཡོད་པ་རེད། ལྷ་སའི་སྤྱི་བདེ་ཉེན་རྟོག་པ་ཟེར་བ་དག་གིས་ཨ་མདོ་དང་ཁམས་ཕྱོགས་ཀྱི་བཀའ་དབང་ཞུ་མཁན་ཚོའི་ལག་ནས་རྒྱུ་དངོས་འཕྲོག་པ་ནི་མི་རྣམས་ཡིད་ཆེས་དཀའ་བའི་ཇག་ཚོགས་ཀྱི་རྣམ་པ་འབུར་དུ་ཐོན་ཡོད། ་་་་་ཟེར།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་བསྟེན་གསོལ་གྱི་བླང་དོར་བཀའ་སློབ་ལས་འཕྲོས་པའི་ཁྱེད་ཀྱི་འཁྱོག་བཤད་དག་ལ་བདེན་དོན་གསལ་བཤད་མི་རིང་བར་སྤྲོ་བས་ཆོག་རྒྱུ། ་་་་་ཟེར།
བསོད་ནམས་རིན་ཆེན་ཁྱོད་རང་ཀྭ །
བསོད་སྡེ་ཟད་དུས་བསམ་ངན་སྐྱེས། །
བསོད་ནམས་ཟད་དུས་ཚིག་ངན་ཤོར། །
རིན་ཐང་མེད་པའི་མི་བུ་ཁྱོད། །
མི་ཆེན་དབུས་སུ་ཁ་རོག་སྡོད། །
བསོད་ནམ་རིན་ཆེན་མི་ཆེན་དང་གྲགས་ཆེན་བཟོ་འདུག།
གྲགས་པ་གཉིས་ཏེ། ངན་གྲགས་དང་། སྙན་གྲགས་གཉིས་ཡོད་རེད། བསོད་ནམས་རིན་ཆེན་ནི། བསོད་ཟད་རིན་མེད་ཆགས་པ་རེད།
བཟང་གྲགས་ངན་གྲགས་གཉིས་ཀྱི་ཁ་ཚན་མ་དཔྱད་པའི་གྲགས་པར་གོ་དགོས། སྤྱིར་དེ་གཉིས་ལ་མི་སོ་སོས་ལྟ་ཚུལ་དང་འཛིན་ཚུལ་རེ་ཡོད་རྒྱུ་རེད། དཔེར་ན། བོད་མིར་བཟང་གྲགས་རིགས་ལ་རྒྱ་མིས་ངན་གྲགས་སུ་འཛིན་གྱི་རེད། དེ་བཞིན་རྒྱ་མིར་བཟང་གྲགས་རིགས་རྣམས་བོད་མིས་ངན་གྲགས་སུ་ལྟར་གྱི་རེད། གང་ལྟར་དེ་གཉིས་ཆ་གྲགས་པ་རེད། དེས་ན་བསོད་རིན་གྲགས་པ་འཕེལ་དུ་རོག་འདེབས་བྱས་འདུག།
གྲགས་པ་འཕེལ་ཚད་བཟང་པོ་ཅང་མ་རེད། ཨ་མ་བསད་ན་ཡང་གྲགས་པ་འཕེལ་གྱི་རེད།
ནམ་རྒྱུན་སྡིངས་ཆ་འདི་ན་ས་འཆོང་ནམ་འཆོང་གནང་མཁན་ཚོ། ད་རིང་མིང་རྫུན་འོག་ནས་
ཀྱང་ལངས་ཐུབ་མི་འདུག་ ཨ་ཁ་ཁ་ཁ་ཁ་ སློབ་གསོ་འདྲ་མེད་དམ། ནམ་རྒྱུན་བརྒྱ་བཤད་
སྟོང་བཤད་བྱས་པར་ཕན་ནུས་ཡོད་པ་དང། ད་རིང་མེད་མ་གསུངས་མ་གཏོགས།
ཁྱད་པར་དེ་ཙམ་མཐོང་གི་མི་འདུག་དའ
ཁོང་ལ་དགོས་ཡ་དེ་ཁྱབ་སྒྲགས་རེད་་་་་་་འཚམ་བཞབ་ན་མི་ལེགས་བསམ་།
དུས་ད་ལྟའི་དུས་སུ། ༸གོང་ས་མཆོག་ལ་མཚན་དམོད་བྱེད་མཁན་དང་གཅིག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བརྙས་བཅོས་མ་རངས་པ་བྱེད་མཁན་དང་གཉིས། དེ་འདྲའི་བོད་རིགས་ཅིག་ཡིན་ཕྱིན། སྨོན་ལོག་དད་མེད་ཡིན་པའམ། མ་རབས་ཐ་ཤལ་ཅིག་ཡིན་པར་ཐེ་ཚོམས་བྱ་མི་དགོས་པའི་གནས་སུ་མཐོང་ལགས།
ད་་་་་་དུས་རྒྱུན་གཞོན་ནུ་ཚོགས་པ་དང་མི་ཉམ་ཐག་ཁ་ཤས་ལ་རྡེག་ར་བསྐུལ་མཁན་རྣམས་གང་དུ་ཕྱིན་སོང་བ་རེད། ཤར་ཕྱོགས་ཁུག་རྟ་གང་དུ་་སོང་རེད། སྐད་ཆ་འདི་ནི་བོད་མི་ཙམ་མ་ཟད་སྐྱབས་མགོན་རིན་པོ་ཆེ་ལ་དངོས་གནས་བསྐུར་འདེབས་ཚད་ལས་བརྒལ་པ་བྱས་འདུག་་་་དུས་རྒྱུན་མི་ཁ་རྒྱགས་པ་དང་ནང་དུ་ཁ་ཐོར་བཏང་མཁན་རྣམས་གང་དུ་ཕྱིན་སོང། ད་ཐོན་ཤོག
ལེགས་བཤད་ལས། ཕན་དང་མི་ཕན་མི་དཔྱོད་ཅིང་། །བློ་དང་ཐོས་པ་མི་སྒྲུབ་པ།།
ལྟོས་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན།།
གང་ན་བཟའ་བཏུང་ཡོད་དེར་རྒྱུགས། །དགོས་པའི་བྱ་བ་བཅོལ་ཡང་འབྲོས། །
གཏམ་དང་བཞད་གད་ཤེས་ན་ཡང་། །འཇུག་མ་མེད་པའི་ཁྱི་རྒན་ཡིན།།