རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
འབྱུང་འགྱུར་གྱི་ལོ་ངོ་ཉི་ཤུ་སུམ་ཅུའི་ནང་རྒྱ་ནག་ལ་འགྱུར་བ་ཞིག་འགྲོ་མིན་ཇི་ལྟར་ཡང་། དུས་ཚོད་ཀྱི་སྔ་ཕྱི་ཞིག་མ་གཏོགས་རྒྱ་ནག་གི་ཆབ་སྲིད་འཛིན་སྐྱོང་བྱེད་སྟངས་ལ་འགྱུར་བ་ཞིག་ཡོང་མིན་ཇི་ལྟར་ཡང་། འབྱུང་འགྱུར་གྱི་རྒྱ་ནག་འདི་མང་གཙོ་ཆགས་མིན་ཇི་ལྟར་ཡང་། ད་ལྟའི་དུས་སུ། རྒྱ་ནག་གི་དཔལ་འབྱོར་གྱི་ཁྲོམ་ར་ཆེ་ནས་ཆེ་རུ་འགྲོ་བཞིན་པ་མ་ཟད་འབྲེལ་བའི་སྒོ་མོ་ཡང་ཆེ་ནས་ཆེ་རུ་ཕྱེས་བཞིན་པ་ནི་དངོས་ཡོད་གནས་སྟངས་ཤིག་ཆགས་བཞིན་འདུག ཡོ་རོབ་ཤར་ནུབ་དང་བྱང་ཨ་རི་གཉིས་ཀྱིས་རྒྱ་ནག་དང་མཉམ་དུ་ཚོང་ལས་ཀྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་དང་གཅིག ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་ཅིག་གིས་ཀྱང་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་འཇོག་བཞིན་པའི་གནས་སྟངས་དང་གཉིས།
ལྷོ་བྱང་ཨ་ཧླེ་རི་ཀའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ནུས་བའི་འབྱུང་ཁུངས་ལ་རྒྱ་ནག་གིས་ཇུས་གཏོགས་བྱེད་འགོ་ཚུགས་བཞིན་པ་དང་གསུམ། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཡང་རྒྱ་ནག་གིས་འདྲེ་ལག་རྐྱོང་བཞིན་པའི་གནས་སྟངས་བཅས་ཕྱོགས་ཡོངས་ལ་བལྟས་ན། བོད་དོན་འདི་ཉག་ཕྲ་བའི་གནས་སྟངས་ཤིག་གི་འོག་ལ་ཚུད་བཞིན་འདུག་པ་མ་ཟད་བོད་ཀྱི་རྩ་དོན་འདི་ཡང་རྒྱ་མཚོའི་རླབས་རིས་ཇི་བཞིན་ཕར་གཡོ་ཚུར་གཡོའི་གནས་སྟངས་ཤིག་ཆགས་བཞིན་འདུག
གནས་སྟངས་དང་གནད་དོན་འདི་དག་ལ་བསམ་བློ་གཏོང་གིན་གཏོང་གིན། ངེད་ཀྱི་སེམས་སུ་རྨོངས་འཆར་འདི་འདྲ་ཞིག་འཁོར་ནས་ཡོང་། ད་ལྟའི་དུས་སུ་ཕྱི་སྡོད་བོད་རིགས་ཚོའི་ངོས་ནས་ངེས་པར་དུ་འཁྱེར་དགོས་བ་དང་བསྒྲུབ་དགོས་བའི་འགན་འཁྲི་གསུམ་འདུག་སྙམ། དང་པོ། སླད་ཕྱིན་བོད་མི་སྒེར་བ་ཞིག་ནས་འགོ་བཙུགས་ཏེ་བོད་མིའི་རྩ་དོན་དང་འབྲེལ་བའི་ལས་དོན་ཇི་འདྲ་ཞིག་རྩོམ་ན་འདྲ། སྤེལ་ན་འདྲ། ལས་འགུལ་གྱི་ཁ་ཕྱོགས་དང་ནུས་ཤུགས་དེ་༧གོང་ས་མཆོག་གི་དགོངས་པའི་ཕྱོགས་ལ་འཁོར་ཐུབ་པ་དང་སྤུངས་ཐུབ་པ་དགོས་ཀྱི་འདུག
༧གོང་ས་མཆོག་གི་དགོངས་གཞིའི་རྒྱབ་ལ་ཕྱི་སྡོད་བོད་རིགས་རྣམས་་ཀྲོང་ངེར་ལངས་དགོས་ཀྱི་འདུག བརྟན་པོར་ལངས་དགོས་ཀྱི་འདུགམ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་ལངས་དགོས་ཀྱི་འདུག འཛམ་གླིང་སྤྱི་ཡོངས་ནས་བལྟས་ནའང་། ད་ལྟའི་དུས་ཚོད་འདི་ལྟ་གྲུབ་རྩོད་པ་དང་འདས་བའི་གནད་དོན་གཅིག་པོའི་སྒང་ལ་ཨུ་ཚུགས་བྱེད་པའི་དུས་ཚོད་ཞིག་མིན་པ་འདྲ། ལྟ་གྲུབ་རྩོད་པའི་དུས་ཚོད་དེ་མཇུག་རྫོགས་ནས་འགྲོ་བཞིན་ཡོད། ད་ལྟའི་དུས་ཚོད་ནི་ལྟ་གྲུབ་ལས་གནས་སྟངས་ལ་བལྟ་བའི་དུས་ཚོད་དང་གནས་སྟངས་གཙོར་འཇོག་གི་སྒོ་ནས་གནད་དོན་ཐག་གཅོད་པའི་དུས་ཚོད་ཞིག་ལ་སླེབས་ནས་འདུག དེས་ན། ད་ལྟའི་དུས་ཚོད་དེ་ལྟ་གྲུབ་གཅིག་པོ་རྩོད་པའི་དུས་ཚོད་མིན་པ་ཡང་བོད་རིགས་རྣམས་ཀྱིས་མཁྱེན་དགོས་ཀྱི་འདུག
ཕྱི་སྡོད་བོད་རིགས་རྣམས་ཀྱིས། ལྟ་གྲུབ་ལས་གནས་སྟངས་གལ་ཆེར་གཟིགས་ནས། ༧གོང་ས་མཆོག་གི་དགོངས་བའི་རྗེས་སུ་ཤར་བསྐྱོད་བྱེད་དགོས་ཀྱི་འདུག་ལ། ལྷག་པར་དུ་ལས་འགུལ་ཆེ་ཕྲ་ཆུང་གསུམ་གང་སྤེལ་རུང་། ༧གོང་ས་མཆོག་གིས་དགོངས་པའི་ཕྱོགས་ལ་སྤུངས་དགོས་ཀྱི་འདུག་པ་མ་ཟད་༧གོང་ས་མཆོག་གི་དགོངས་གཞིའི་ནུས་བ་ཆེ་རུ་གཏོང་ཐབས་
ལ་ཕྱོགས་ཡོངས་ནས་འབད་དགོས་ཀྱི་འདུག དུས་ཚོད་དང་གནས་སྟངས་གཉིས་ཀར་བསམ་བློ་བཏང་ནས་འབད་དགོས་ཀྱི་འདུག
གཉིས་། བོད་རིགས་རྣམས་སྐྱབས་བཅོལ་དུ་གནས་རིང་། མང་གཙོའི་ལམ་ལུགས་དེ་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་ཚགས་ཚུད་ཡོང་བ་དང་བོད་མིའི་རྩ་དོན་རྒྱུན་འཁྱོངས་ཡོང་རྒྱུ་ནི་ཧ་ཅང་གལ་ཆེའི་གནད་དོན་ཞིག་ཆགས་ནས་འདུག་ དེས་ན། ལམ་ལུགས་ཚགས་ཚུད་ཡོང་བ་དང་རྩ་དོན་རྒྱུན་འཁྱོངས་ཡོང་བ། འཛིན་སྐྱོང་སྲ་བརྟན་ཡོང་བའི་ཆེད། ཕྱི་སྡོད་བོད་རིགས་མི་རེ་ངོ་རེས་རང་གི་གཞུང་དང་དེའི་འཛིན་སྐྱོང་ངོ་འཕྲོད་དགོས་ཀྱི་འདུག རང་གི་གཞུང་དང་དེའི་ལས་དོན་ཁག་ལ་དོ་སྣང་སྤྲོད་དགོས་ཀྱི་འདུག ཉུང་མཐར་ཡང་། བོད་མི་ཚོས་གྲོས་ཚོགས་ཀྱི་ལོ་རེའི་སྔོན་རྩིས་དང་ལས་བསྡོམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བཅས་ལ་ཐུགས་སྣང་གནང་དགོས་ཀྱི་འདུག མི་སེར་ཞིག་ལ་མཚོན་ན། ཁྱེད་ཀྱིས་རང་གི་གཞུང་གི་ལོ་རེའི་སྔོན་རྩིས་དང་ལས་བསྡོམས་ཁག་ལ་མིག་བལྟས་ཙམ་ཡང་མ་བརྒྱབ་པར་། གཞུང་གི་ལས་དོན་ཚགས་ཚུད་ཡོང་གི་ཡོད་མེད་དང་འཐུས་ཤོར་ཕྱིན་ཡོད་མེད་སོགས་ཇི་ལྟར་འགྲེལ།
ཁྱེད་ཀྱིས་རང་གི་གཞུང་དང་དེའི་འཛིན་སྐྱོང་གི་ཟུར་ཙམ་ཡང་མ་མཁྱེན་པར། རང་གི་གཞུང་དང་དེའི་འཛིན་སྐྱོང་ལ་སྐྱོན་འཛུགས་ཇི་ལྟར་བྱེད། བསྒྱུར་བཅོས་ཀྱི་ཐབས་ཇུས་ཇི་ལྟར་འཐེན།
ཁྱེད་ཀྱིས་གཞུང་གི་ངོས་ནས་བོད་མིའི་འཕྲད་ཕུགས་ཀྱི་རྩ་དོན་ཐད་ཕྱག་ལས་གནང་སྟངས་བཅས་ལ་དོ་སྣང་དང་ཞིབ་འཇུག་མ་བྱས་བར། གཞུང་འཛིན་སྐྱོང་བྱེད་མཁན་གྱི་མི་སྣ་ཇི་ལྟར་འདེམས། མང་གཙོའི་ལམ་ལུགས་འདི་ཡར་རྒྱས་སུ་ཇི་ལྟར་གཏོང་། འདི་ལྟར་བསམ་གྱིན་བསམ་གྱིན། འདི་ལྟར་དཔྱད་ཀྱིན་དཔྱད་ཀྱིན། ངེད་ཀྱིས་འདི་འདྲ་བསམ།
༧གོང་ས་མཆོག་ནས་མང་གཙོའི་ལམ་ལུགས་འདི་མི་མང་ལ་གསོལ་རས་གནང་བ་ནང་བཞིན་ལམ་ལུགས་འདི་ཚད་མཐོར་སླེབས་མེད་པ་འདི་ཡང་། ཕུགས་དེད་ན་མི་མང་གི་ངོས་ནས་རང་གི་གཞུང་དང་དེའི་འཛིན་སྐྱོང་བཅས་ལ་དོ་སྣང་བྱེད་ཕྱོགས་ནས་འཐུས་ཤོར་ཆེན་པོ་ཞིག་ཕྱིན་འདུག་སྙམ། རྒྱལ་ཁབ་ག་འདྲ་ཞིག་ཡིན་ཡང་། མི་མང་གི་ངོས་ནས་སོ་སོའི་གཞུང་དང་དེའི་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཁག་ལ་དོ་སྣང་ཇི་ཙམ་མང་བ་སླེབས་ན། དེ་ཙམ་གྱིས་སོ་སོར་ཡོད་པའི་ཐོབ་ཐང་དང་འོས་འགན་ཁག་བསྒྲུབ་གི་རེད། ཇི་ཙམ་གྱིས་སོ་སོར་ཡོད་པའི་ཐོབ་ཐང་དང་འོས་འགན་ཟེར་བ་འདི་གཉིས་ཀྱི་ཕྱོགས་ལ་བསམ་བློ་འཁོར་ན། ཐོབ་ཐང་དང་འོས་འགན་གཉིས་ཡོང་སའི་སྒྲིག་གཞི་དེའི་ཆ་ཤས་ལེན་གྱི་རེད། མི་མང་གི་ནང་དུ་ཆ་ཤས་ལེན་མཁན་ཇི་ཙམ་གྱིས་མང་དུ་སོང་ན། སྒྲིག་གཞི་དེ་ཡང་རིམ་བཞིན་ཚགས་ཚུད་དུ་འགྲོ་གི་རེད། རྒྱུ་མཚན་འདི་འདྲར་བརྟེན། བཙན་བྱོལ་མི་མང་གི་ངོས་ནས་ཇི་སྲིད་རང་གི་གཞུང་དང་དེའི་ལས་དོན་བྱེད་ཕྱོགས་ཁག་ལ་དོ་སྣང་སྤྲད་དེ་རང་ལ་ཡོད་པའི་མང་གཙོའི་ཐོབ་ཐང་དང་འོས་འགན་གཉིས་མ་བསྒྲུབ་བར་དུ། བཙན་བྱོལ་གྱི་མང་གཙོ་དེ་ཡང་ཡར་རྒྱས་དང་ཚགས་ཚུད་མེད་པའི་མུར་ལྷག་བསྡད་གི་རེད། དཔེར་ན། གྲོས་ཚོགས་ཟེར་བའི་མང་གཙོའི་ཀ་བ་འདི་བྱུང་ནས་མི་ལོ་ལྔ་བཅུ་ཙམ་ཕྱིན་པའི་དེ་རིང་ཡང་། སྡུག་ས་ནས་སྤྱི་བའི་འཐུས་མི་འགའ་གྲོས་ཚོགས་ཀྱི་ར་བ་ནས་ཕྱི་ལ་ཐོན་པའི་ཉེར་ལེན་ལ་བརྟེན་གྲོས་ཚོགས་ཀྱི་ཚོགས་དུས་མཐའ་མ་དེ་ཡང་མཇུག་སྡོམ་རྒྱག་མ་ཐུབ་པའི་གནས་སྟངས་འདིས་ནི། རང་རེའི་མང་གཙོ་དེ་ཡིག་ཆ་ཁག་དང་ལྟ་གྲུབ་ཀྱི་ཐོག་ནས་མ་ཡིན་པར་ལག་ལེན་གྱི་ཐོག་ནས་གང་ལ་སླེབས་ཡོད་མེད་ཀྱི་གནས་སྟངས་ཤིག་ངོ་སྤྲོད་ཀྱིན་འདུག དེས་ན། བཙན་བྱོལ་བོད་མི་ཚོའི་ངོས་ནས་རང་གི་གཞུང་དང་དེའི་འཛིན་སྐྱོང་ངོ་འཕྲོད་པའི་སྒོ་ནས་མང་གཙོའི་ཁེ་དབང་ཆ་ཚང་ལེན་ཐུབ་ལ་འབད་དགོས་ཀྱི་འདུག་པ་མ་ཟད། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དང་སྤྱི་འཐུས་འོས་བསྡུ་གཉིས་ལ་ཉུང་མཐར་ཡང་བཙན་བྱོལ་བོད་མིའི་གྲངས་འབོར་གྱི་བརྒྱ་ཆ་བདུན་ཅུ་ཙམ་གྱིས་ཆ་ཤས་ལེན་དགོས་ཀྱི་འདུག
གསུམ།་ ༧གོང་ས་མཆོག་དགུང་གྲངས་མཐོ་ནས་མཐོ་འགྲོ་བཞིན་པ་དང་བོད་ནང་གི་བོད་མིའི་གནས་སྟངས་ཇེ་སྡུག་ནས་ཇེ་སྡུག་ལ་འགྲོ་བཞིན་པའི་གནད་དོན་འདི་གཉིས་བསམ་ན།
ཕྱི་སྡོད་བོད་རིགས་ཤེས་ལྡན་པ་རྣམས་ཀྱིས་མཉམ་རུབ་བྱེད་དགོས་བའི་དུས་ལ་བབ་འདུག དེ་ཡང་། ད་ལྟའི་དུས་སུ། བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་དུ། བོད་རིགས་ཆེད་ལས་བ་དང་རིགས་གཅིག་རྐང་འཛིན་པ་། ཞིབ་འཇུག་པ་་སོགས་ཇི་སྙེད་ཅིག་ཐོན་ཡོང་གི་ཡོད་རུང་། དེ་ཚོའི་གྲངས་འབོར་གྱི་བརྒྱ་ཆ་བདུན་ཅུ་ལྷག་གི་ཤེས་འཇོན་གྱི་ཁ་གཏད་ས་ནི་བོད་པའི་སྤྱི་ཚོགས་མ་ཡིན་པར་གཞན་གྱི་་སྤྱི་ཚོགས་ཡིན་པ་མ་ཟད་ཞབས་འདེགས་ཞུ་ཡང་གཞན་གྱི་སྤྱི་ཚོགས་ཆགས་འདུག གལ་སྲིད་གནས་སྟངས་འདི་མུར་ལྷག་ཚེ། བཙན་བྱོལ་བོད་མི་རྣམས་ཀྱི་སྤྱི་ཡོངས་ནུས་བ་ཤུགས་ཆུང་དུ་འགྲོ་བ་མ་ཟད་ལས་དོན་རླབས་ཆེན་སྒྲུབ་ཐུབ་རྒྱུའི་རེ་བ་ཡང་ཆུང་ཆུང་རེད།་ ད་ལྟའི་དུས་ཚོད་འདི་སྒེར་གྱི་འཇོན་ནུས་དེ་སྒེར་གྱི་འཚོ་སྡོད་ཁེ་ཕན་གཅིག་པོའི་ཐོག་ལ་གཏོང་བ་དང་སྤྱི་ཚོགས་གཞན་ཞིག་ལ་ཞབས་འདེགས་ཞུ་བའི་དུས་ཚོད་རེད་མི་འདུག ད་ལྟའི་དུས་ཚོད་འདི་སྒེར་གྱི་འཇོན་ནུས་སྤྱི་ལ་སྤུངས་བ་དང་སྤྱི་བའི་ཆེད་དུ་འཇོན་ཐང་ཅན་ཚོས་མཉམ་རུབ་ཀྱི་སྒོ་ནས་མཉམ་ལས་བྱེད་པའི་དུས་ཚོད་རེད། ད་ལྟའི་དུས་ཚོད་འདི་མཉམ་རུབ་ཀྱི་སྒོ་ནས་རང་གི་མི་མང་ལ་སྣེ་འཁྲིད་པ་དང་རང་གི་དབུ་འཁྲིད་ལ་རོགས་རམ་གནང་བའི་དུས་ཚོད་རེད། དེས་ན།
བོད་རིགས་ཆེད་ལས་བ་དང་རིགས་གཅིག་རྐང་འཛིན་པ། ཞིབ་འཇུག་པ། མདོར་ན། བཙན་བྱོལ་བོད་མིའི་ཤེས་ཡོན་པའི་སྡེ་ཡིས་མཉམ་རུབ་ཀྱི་སྒོ་ནས་མཉམ་ལས་བྱས་ཏེ་རང་གི་གཞུང་དང་རང་གི་མི་མང་ལ་སྣེ་འཁྲིད་པའི་དུས་ལ་བབ་འདུག ༧གོང་ས་མཆོག་ནས་བོད་རིགས་ཤེས་ལྡན་པ་ཚོས་རང་གི་གཞུང་དང་དེའི་འཛིན་སྐྱོང་ལ་རོགས་རམ་གནང་དགོས་ཀྱི་འདུག་ཞེས་བཀའ་སློབ་ཡང་ནས་བསྐྱར་དུ་ཕེབས་བཞིན་པ་དེའི་སྙིང་དོན་ཡང་། བོད་རིགས་ཤེས་ལྡན་པ་ཚོས་མཉམ་ལས་བྱེད་དགོས་བའི་གནད་འགག་དེ་རེད། བོད་རིགས་ཤེས་ལྡན་པ་ཚོས་མཉམ་ལས་བྱེད་དགོས་རྒྱུ་འདི་ཡང་དུས་ལ་བབ་པའི་འགན་འཁྲི་ཞིག་ཆགས་ནས་འདུག
འདི་ལྟར།་ བཙན་བྱོལ་བོད་མིའི་ནུས་ཤུགས་་༧གོང་ས་མཆོག་གི་དགོངས་གཞིའི་ཐོག་ལ་སྤུངས་བ་དང་བཙན་བྱོལ་བོད་མི་ཚོའི་ངོས་ནས་རང་གི་གཞུང་དང་དེའི་འཛིན་སྐྱོང་ངོ་འཕྲོད་དེ་མང་གཙོའི་ཁེ་དབང་ལེན་པ། བོད་རིགས་ཤེས་ལྡན་པ་ཚོས་མཉམ་རུབ་སྒོས་རང་གི་མི་མང་དང་གཞུང་ལ་སྣེ་འཁྲིད་དང་རོགས་འདེགས་བྱེད་རྒྱུ་བཅས་གསུམ་ནི་དུས་ལ་བབ་པའི་འགན་འཁྲི་ཆགས་འདུག
དཔེར་ན། གྲོས་ཚོགས་ཟེར་བའི་མང་གཙོའི་ཀ་བ་འདི་བྱུང་ནས་མི་ལོ་ལྔ་བཅུ་ཙམ་ཕྱིན་པའི་དེ་རིང་ཡང་། སྡུག་ས་ནས་སྤྱི་བའི་འཐུས་མི་འགའ་གྲོས་ཚོགས་ཀྱི་ར་བ་ནས་ཕྱི་ལ་ཐོན་པའི་ཉེར་ལེན་ལ་བརྟེན་གྲོས་ཚོགས་ཀྱི་ཚོགས་དུས་མཐའ་མ་དེ་ཡང་མཇུག་སྡོམ་རྒྱག་མ་ཐུབ་པའི་གནས་སྟངས་འདིས་ནི།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱི་གསུངས་པ་འདི་གནད་འགག་འདུག ང་ཚོ་ཚང་མ་རྒྱལ་བ་རིན་པོ་ཆེའི་དགོངས་པ་ཡང་དག་དེ་ཚོའི་རྒྱབ་ལ་ངེས་པར་དུ་ལངས་དགོས། ཡིན་ནའི་བདེ་ཐང་ཅན་གྱི་སྤྱི་ཚོགས་དང་མཐུན་སྒྲིལ་དགོས་ན། བློ་གཟུ་བོར་གནས་ནས་ཡང་ཡང་བརྟག་དཔྱད་བྱས་ནས། ངེད་ཚོའི་འགྲོ་ལམ་དེ་ལེགས་སུ་གཏོང་ཐབས་དང་ཟབ་ཏུ་གཏོང་ཐབས་ལ། ཐབས་ལམ་གསར་པ་ཡང་འཚོལ་བའི་སྲོལ་ཡང་དགོས།
རྒྱལ་བ་རིན་པོ་ཆེ་གཅིག་པུས་གང་གསུངས་པ་དེ་བདེན་པ་རེད་ཅེས་བསམ་བློ་ཅི་ཡང་མི་གཏོང་བར་རྒྱབ་ལ་རྒྱུག་ན་ཡང་། འདི་ཐབས་ཤེས་ཟབ་པོ་མ་རེད། ངེས་པར་དུ་དཔྱད་པ་བྱས་ནས། གལ་ཏེ་རྒྱལ་བ་རིན་པོ་ཆེས་གསུངས་པ་འདི་ཐབས་ལམ་ལེགས་ཤོས་དེ་ཡིན་ན། ངེས་པར་དུ་ལག་བསྟར་བྱེད་དགོས་ལ། ད་དུང་ཐབས་ཤེས་གསར་པ་འཚོལ་བ་འདི་ནི་རྒྱལ་བ་ཁོང་གི་དགོངས་པ་ངོ་མ་དེ་རེད།
རྒྱ་ནག་སྟོབས་ཤུགས་ཆེ་རུ་འགྲོ་བ་འདི་འགོག་ཐབས་མེད་པའི་ཆོས་ཉིད་ཅིག་རེད། ཁོ་ལ་མི་འབོར་མང་ཤོས་དང་ས་ཆ་རྒྱ་ཆེ་ཤོས། དེ་མིན་སློབ་གསོ། ལག་ཤེས། དེ་བཞིན་འཕྲུལ་ཆས་ཡང་མི་དམན་པ་ཡོད་ལ། ལྷག་པར་དུ། རྒྱ་རིགས་རྣམས་བློ་རིག་བཀྲ་ལ། དཀའ་ངལ་ལ་གདོང་ལེན་བྱེད་རྒྱུ་ནི་མིའི་རིགས་ཀུན་ནས་མཆོག་ཏུ་འགྱུར། དེའི་འབྲས་བུར་རྒྱ་ནག་དེ་ལོ་ལྔ་བཅུའི་ནང་འཛམ་གླིང་ནང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཤིག་ལ་འགྱུར་རྒྱུ་ཡིན་མ་ཚང་མས་ཤེས་བཞིན་ཡོད།
ད་ང་ཚོས་གང་བྱེད་དགོས་ཟེར་ན། གནས་ཚུལ་དེ་ཟབ་པར་རྟོགས་ནས། ང་ཚོའི་དམིགས་ཡུལ་ཇི་ལྟར་བསྒྲུབ་རྒྱུ་ཡིན་མིན་བསམ་བློ་གཏོང་རྒྱུ་རེད།
ངས་བལྟས་ན། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཤིག་ལ་འགྱུར་ན། ངེད་ཚོའི་ཐོབ་ཐང་ལེན་རྒྱུར་གནོད་ཀྱི་མ་རེད། དེ་ཇི་ལྟར་རེད་ཟེར་ན། རྒྱ་ནག་འཛམ་གླིང་གི་ཤར་ནུབ་གང་སར་འཇུས་གཏོགས་བྱེད་དགོས་སྟབས། སྔོན་མ་ནང་བཞིན་བོད་ལ་ལྟ་རྟོག་བྱེད་པའི་དུས་འཁོམ་མེད། དེས་ན། བོད་འདི་ལ་སྲིད་འཇུས་ཡང་དུ་གཏོང་དགོས།
ད་དུང་། བོད་ལས་ལྷགས་པའི་རང་འབྱུང་གི་གཏེར་ནོར་སྤྲོད་ཐུབ་མཁན་གྱི་རྒྱལ་ཁབ་བརྙེད་པ་ན། བོད་ལ་འདི་ཙམ་གྱི་སྣང་བ་མི་གཏོང་། དེས་ན། བོད་ནང་ལ་གུ་ཡངས་སྲིད་འཇུས་ཡོང་སྲིད།
རྒྱ་ནག་དེ་ཅི་ཙམ་གྱིས་ཡར་རྒྱས་དང་རྒྱལ་སྤྱི་ཅན་དུ་འགྱུར་ན་ཁོ་ཚོའི་བཤན་ལག་དམར་པོ་དེས་མུ་མཐུད་དུ་བོད་མིའི་མགོ་བོ་གནོན་ས་འགྲོ་གི་མ་རེད་ལ། མི་རིགས་ཀྱི་ཚོར་བ་ཤིན་ཏུ་ནས་རྣོ་བའི་ད་ལྟའི་བོད་ཀྱི་གཞོན་རབས་པ་དེ་ཚོས་ཀྱང་རྒྱ་གཞུང་གི་བཤན་ལག་དམར་པོ་དེ་རང་གི་མགོ་བོར་མུ་མཐུད་འཇོག་བཅུག་ན་རང་གི་འགོ་བའི་ལྷ་ལྔ་དེ་རིང་དུ་འགྲོ་བཞིན་པ་ལམ་སང་ཚོར་གི་རེད།
ད་ལྟའི་མི་རབས་གསུམ་པ། བཞི་བ། ལྔ་བ་ཟེར་བ་དེ་ཚོ་མི་རབས་སྔོན་མ་རྣམས་ལས་རྡབ་འགྱུར་གྱིས་རྫི་རྣོན་པོ་དང་སྤྱང་གྲུང་འཛོམས་པོ། བློ་ཁོག་ཆེ་བ་འདུག དེ་ནི་ང་ཚོའི་རེ་བ་ཆེ་ས་དེ་རེད། ད་རུང་འབྲུག་སངས་སངས་དགུང་སྔོན་གནམ་ནས་གྲགས་འདྲའི་ང་ཚོའི་གླུ་བ་དང་གླུ་མ་དེ་ཚོ། ད་རུང་ང་ཚོའི་དད་པ་དང་དམ་ཚིག་བརྟན་པའི་ཞིང་འབྲོག་གི་མི་མང་དེ་ཚོ། ད་རུང་ང་ཚོའི་རྒྱལ་ཁབ་གང་སར་ཁྱབ་ཡོད་པའི་ཤ་རུས་གཅིག་གྱུར་གྱི་བྱེས་སྡོད་བོད་མི་དང་དྲང་བདེན་གྱི་རྒྱབ་སྐྱོར་མཁན་དེ་ཚོས་ཀྱང་རང་དགར་ལྟས་སྡོད་གི་མ་རེད།
རྩོམ་ཡིག་དང་མཆན་གཉིས་ཀའི་ཕྱོགས་ནས་ཀློག་པ་པོ་ཚོར་ལེགས་སྐྱེས་གང་མང་འདུག་པས་གཉིས་ཀར་ཐུགས་རྗེ་ཆེ་ཞུ།
རིག་འབྱུང་གི་བསམ་ཚུལ་ཡག་པོ་འདུག ཡི་ན་ཡང་ལྟ་གྲུབ་མ་རྩོད་ཟེར་བ་དེ་ཁག་པོ་རེད། གང་ཡིན་ཟེར་ན་ལྟ་གྲུབ་ཀྱི་རྩོད་གཞི་ཁོ་རང་ཚོས་བཟོ་ཡོང་གི་ཡོད་པ་རེད།
རྒྱ་ནག་གི་སྟོབས་ཤུགས་འཛམ་གླིང་ཡུལ་ཕྱོགས་གང་སར་རྒྱ་སྐྱེད་དུ་འགྲོ་བཞིན་དུས་སྐབས་འདིར་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་མི་སྣ་ཁག་ཅིག་ལ་བསམ་ཚུལ་སྣ་ཚོགས་བྱུང་དང་ཡོང་བཞིན་པའི་ཁར་ རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྟོིབས་ཤུགས་དང་དེའི་ཉེར་ལེན་འོག་བོད་མིའི་ལས་དབང་དང་འབྱུང་འགྱུར་གྱི་གནས་བབ་ལ་ཆག་འཇིག་གི་ཉེན་བརྡ་གཏོང་ཇེ་མང་ནས་ཇེ་འགྲོ་བཞིན་པའི་དུས་འདིར་ རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཙོས་བཙན་བྱོལ་བོད་མིའི་འཛིན་སྐྱོང་ལམ་ལུགས་དང་དེའི་མང་གཙོའི་ཁེ་དབང་དང་ཐོབ་ཐང་ འོས་འགན་བཅས་ཀྱི་ཐད་སེམས་འཁུར་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་རེད་ དེ་བས་དེ་རིང་གི་དེང་དུས་བོད་ཅེས་པའི་ལེ་ཚན་འདིར་ ད་ཆ་ཨ་རིའི་ནང་སློབ་གཉེར་གནང་བཞིན་པའི་རིག་འབྱུང་དོན་གྲུབ་བཀྲིས་ལགས་དང་མཉམ་དུ་གོང་བརྗོད་གནད་དོན་འདི་དག་གཙོར་བཟུང་གིས་གླེང་མོལ་བྱེད་རྒྱུ་ཡིན་
རྒྱ་ནག་གི་སྟོབས་ཤུགས་འཛམ་གླིང་ཡུལ་ཕྱོགས་གང་སར་རྒྱ་སྐྱེད་དུ་འགྲོ་བཞིན་པའི་དུས་སྐབས་འདིར་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་མི་སྣ་ཁག་ཅིག་ལ་བསམ་ཚུལ་སྣ་ཚོགས་བྱུང་དང་ཡོང་བཞིན་པའི་ཁར་ རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྟོིབས་ཤུགས་དང་དེའི་ཉེར་ལེན་འོག་བོད་མིའི་ལས་དབང་དང་འབྱུང་འགྱུར་གྱི་གནས་བབ་ལ་ཆག་འཇིག་གི་ཉེན་བརྡ་གཏོང་མཁན་ཇེ་མང་ནས་ཇེ་མང་འགྲོ་བཞིན་པའི་དུས་འདིར་ རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཙོས་བཙན་བྱོལ་བོད་མིའི་འཛིན་སྐྱོང་ལམ་ལུགས་དང་དེའི་མང་གཙོའི་ཁེ་དབང་དང་ཐོབ་ཐང་ འོས་འགན་བཅས་ཀྱི་ཐད་སེམས་འཁུར་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་རེད་ དེ་བས་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་མདོིའི་སྐད་ཀྱི་དེང་དུས་བོད་ཅེས་པའི་ལེ་ཚན་འདིར་ ད་ཆ་ཨ་རིའི་ནང་སློབ་གཉེར་གནང་བཞིན་པའི་རིག་འབྱུང་དོན་གྲུབ་བཀྲིས་ཀྱིས་བཏོིན་པའི་(དུས་ལ་བབ་པའི་སྐད་ཆ་)ནང་གི་བསམ་ཚུལ་ཁག་གཙོར་བཟུང་གིས་ཁོང་དང་མཉམ་དུ་གླེང་མོལ་བྱ་རྒྱུ་བྱས་ཡོད་ལ་ བདུན་ཕྲག་རྫེས་མའི་གཟའ་མིག་དམར་ནས་བཟུང་ཁོང་གི་བསམ་ཚུལ་དང་འཆར་སྒོི་ཁག་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་གློིག་ཀླད་དྲ་བའི་མཉན་ཆས་བརྒྱུད་ཉན་ཐུབ་རྒྱུ་ཡིན་པས་ དེ་ལུགས་ཚང་མས་ཐུགས་ལ་འཇགས་རོགས་།
རྒྱ་ནག་གིས་ཕྱི་ཕྱོགས་སྒོ་འབྱེད་ཇི་ཙམ་གྱིས་ཆེ་བ་བྱས་ན་དེ་ཙམ་གྱིས་རང་དབང་དང་དམངས་གཙོ་ལྟ་བདང་གནས་ཚུལ་་རྒྱ་ནག་ནང་ལོགས་ལ་འགྲོ་ཐུབ་ལ། དེ་ཡིས་བོད་དོན་ལ་ཡང་ཕན་གི་རེད། འགྲོ་བ་མིའི་རིགས་རང་དབང་གི་འཚོ་བ་ལ་བསྙེགས་པ་ནི་གཤིས་ཆོས་ཡིན་པས་རྒྱ་མི་ཡང་དེ་ལས་མ་འདས། རྒྱ་ནག་གིས་རང་གིས་སྟོབས་ཤུགས་ཕྱི་ལོགས་ལ་ངོམ་ཆེད་དོན་དག་མང་པོ་ཞིག་ལ་བྱུས་གཏོགས་བྱེད་དགོས་པ་དང་། དེ་ལྟར་་བྱུས་གཏོགས་བྱེད་དྲགས་པས་དེ་སྔ་དབྱིན་ཇིའི་རྒྱལ་ཁབ་ཀྱི་དབང་ཐང་ཉམས་དམས་སུ་སོང་བ་དང་ད་ལྟའི་ཨ་རིའི་སྟོབས་ཤུགས་ཉམས་ཞན་དུ་འགྲོ་བ་ལྟར་རྒྱ་ནག་གི་སྟོབས་ཤུགས་ཡང་སྲ་བརྟན་འགྱུར་མེད་དུ་སྡོད་ག་ལ་ཐུབ།
༧གོང་ས་མཆོག་གིས་བཙན་བྱོལ་བོད་མི་དམངས་གཙོ་གསོལ་རས་གནང་བ་བདེན་ཡང་བོད་མི་རྣམས་རང་ངོས་ལ་དམངས་གཙོ་གོ་རྟོགས་དེ་ཙམ་མཐོ་བོ་མེད་རྐྱེན་ད་ལྟའི་སྤྱི་འཐུས་ཀྱི་རྙོག་དྲ་འདི་དང་བཀའ་ཁྲིའི་འོས་གཞི་མི་གཅིག་རང་ལས་མེད་བསམ་གྱི་ཡོད་པ་དེ་རེད། དེ་སྔ་ཐེ་ཝན་གྱི་ཞིབ་འཇུག་པ་ཞིག་གིས་བཙན་བྱོལ་བོད་ཀྱི་སློབ་གསོའི་སྐོར་ཞིབ་འཇུག་བྱས་ཏེ་རྩོམ་ཞིག་སྤེལ་བ་ཀློག་སྐལ་ཐོབ། ཁོས་རྡ་རམ་ས་ལའི་ཁྲོམ་གཞུང་དུ་བོད་ཀྱི་ན་གཞོན་ཚོས་དེང་དུས་མགོ་སྐྲ་བཞག་ཅིང་ལུས་ལ་དེང་རབས་གོན་པ་གྱོན་ཡོད་ནའང་ཁོ་ཚོར་ཡོད་པའི་བསམ་བློ་དེ་ཁོ་ཚོས་ཕ་མས་ཧི་མ་ལ་ཡ་ཕར་རྒྱབ་ནས་འཁྱེར་ཡོང་བའི་བསམ་བློ་རྙིང་པ་དེརང་ལས་མེད། ཁོ་ཚོའི་ཕ་མ་ཚོ་དེང་རབས་ཀྱི་སྤྱི་ཚོགས་ནང་འཚོ་བ་སྐྱེལ་རྒྱུའི་གོ་སྐབས་བྱུང་ཡོད་ནའང་ནང་ཆོས་ཀྱི་བག་ཆགས་མཐུག་པོ་དང་སྲོལ་རྒྱུན་བོད་མིའི་བསམ་ཕྱོགས་ཀྱི་རྐྱེན་པས་ཁོ་ཚོའི་བསམ་བློ་ལ་འགྱུར་བ་ཆེན་པོ་ཐེབས་མེད་པར་སྔར་རྒྱུན་བཞིན་བསྡད་ཡོད། དེར་བརྟེན་བོད་མིའི་ཤེས་ཡོན་པའི་ཁྲོད་ཆེད་ལས་ཚན་རིག་པ་སློབ་སྦྱོང་ཐོན་མཁན་ཉུང་ལ་མང་ཆེ་བ་BA་སློབ་གཉེར་པ་རྐྱང་ཡིན་པ་རེད། ཅེས་འདི་ནི་བདེན་པ་ཞིག་རེད་སྙམ།
༧གོང་ས་མཆོག་གི་དགོངས་བཞེད་རྒྱབ་ཏུ་བོད་མི་ཚོས་རྒྱག་གཅིག་མཆོང་གཅིག་གིས་རྡོ་ཕ་བོང་བཞིན་ལངས་དགོས་པ་བཤད་་མ་དགོས་པ་ཞིག་རེད། རྒྱ་ནག་གཞུང་གིས་བོད་གཞུང་དམངས་གཉིས་ཁ་གཅིག་གྲགས་མ་རེད། སྒང་ནས་དབུ་མའི་ལམ་དང་རང་སྐྱོང་བཤད་ན་འོག་ནས་རང་བཙན་དང་རྒྱ་མི་བོད་ནསཕར་རྒྱུགས་ཞེས་བཤད་གི་འདུག འདི་ལྟར་ཁྱེད་ཚོ་གཞུང་དམངས་གཉིས་ཁ་མཐུན་ཞེ་མཐུན་མ་རེད་ཅེས་འགྲེལ་བཤད་རྒྱག་གི་འདུག ཡིན་ནའང་གོང་ནས་གཅིག་བཤད་འོག་ནས་དེ་ལས་གཞན་ཞིག་བཤད་ན་འབྲས་བུ་ཡག་པོ་ཞིག་འབྱུང་གི་ཡོད། ན་ནིང་གི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ངོ་རྒོལ་སྐབས་ང་ཚོས་མཐོང་ཐུབ་པ་ནི་བོད་མི་གཞོན་སྐྱེས་ཚོའི་རྒྱལ་གཅེས་སྙིང་སྟོབས་དང་མི་རིགས་ཀྱི་ལར་ཞེན་དེ་ཡིན་པས། བོད་མིའི་བདེན་རྩོད་གྱི་མེ་ལྕེ་ནམ་ཡང་འབར་དེ་སྡོད་ཀྱི་རེད།
དྲ་གྲོགས་ཚོས་བསམ་ཚུལ་གནང་བར་སྙིང་ནས་བཀའ་དྲིན་ཆེ།
ངེད་ཚོའི་དབར་ན་བསམ་ཚུལ་མཐུན་པ་དང་མི་མཐུན་པ་གཉིས་ཀ་འདུག་པས།
ངེད་ཀྱིས་ཁོམ་ལོང་དང་བསྟུན་ནས་སོ་སོ་སྒེར་གྱི་བསམ་ཚུལ་དག་ཁྱོད་ཚོའི་མདུན་ལ་འཇོག་གི་ཡིན།
ཁ་སང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བོད་རྒྱལ་ལགས་དང་གོང་གི་ངེད་ཀྱི་རྩོམ་ཡིག་འདིའི་སྐོར་ལ་གླེང་མོལ་བྱུང་བའི་སྐབས་སུ་ཡང་། ཁོང་ནས་ཀྱང་ངེད་ལ་༧གོང་ས་མཆོག་གི་དགོངས་པའི་རྗེས་སུ་ཀ་ལངས་ལངས་བྱེད་དགོས་ཀྱི་འདུག་ཟེར་བའི་སྐད་ཆ་དེ་དང་མང་གཙོ་ཟེར་བའི་ལམ་ལུགས་འདིའི་ངོ་བོའམ་ཁྱད་ཆོས་ཀྱི་ཕྱོགས་ནས་དྲི་བ་ཞིག་བཏོན་སོང་། ངེད་རང་སྒེར་གྱི་ངོས་ནས་གནད་དོན་དེ་དག་ལ་བསམ་ཞིབ་མ་བྱས་བར་རྨོངས་འཆར་སྤེལ་བ་དེ་འདྲ་མིན་།
གང་གིས་ཞེ་ན། ད་ལྟའི་དུས་སུ་ཕྱི་སྡོད་བོད་རིགས་ཚོས་༧གོང་ས་མཆོག་གི་དགོངས་གཞིའི་ཕྱོགས་སུ་ལངས་དགོས་ཀྱི་འདུག་ཟེར་བ་དང་ལས་འགུལ་གྱི་ནུས་བ་ཡང་༧གོང་ས་མཆོག་གིདགོངས་པའི་ཕྱོགས་སུ་སྤུངས་དགོས་ཀྱི་འདུག་ཟེར་བ་དེ་ལ་རྒྱུ་མཚན་འགའ་ཡོད།
དང་པོ། ངེད་ཚོ་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུ་ཕྱིན་པའི་དེ་རིང་ཡང་ང་ཚོའི་རྩ་དོན་འཐབ་རྩོད་ལ་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་ཡོང་གི་མེད་པ་མ་ཟད་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་མེད་པ་དེ་ལ་བརྟེན་ནས་གྲུབ་འབྲས་དོན་ཕན་ལྡན་པ་ཞིག་ཀྱང་ཡོང་མི་འདུག
གཉིས། ༧གོང་ས་མཆོག་གི་སྐུ་ཚེའི་རིང་ལ་ཁོང་ནས་བཏོན་གནང་བའི་དགོངས་གཞི་དེ་ལ་གྲུབ་འབྲས་ཤིག་སོན་དགོས་ཀྱི་འདུག
གསུམ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དག་མུ་མཐུད་གནས་ཐབས་དང་རྒྱ་ནག་སྲིད་གཞུང་གི་ངོས་ནས་འཁྱོག་བརྗོད་བྱེད་མིན་ལ་མ་ལྟོས་བར་བོད་མིའི་འཐབ་རྩོད་ཀྱི་ལངས་ཕྱོགས་གཅིག་གྱུར་ཡོང་དགོས་ཀྱི་འདུག
བཞི། གནས་སྟངས་གཙོར་འཇོག་གི་ཐབས་ལམ་ལ་བརྟེན་ནས་བོད་རྒྱའི་དཀའ་ངལ་སེལ་ཐབས་ལ་འབད་དགོས་ཀྱི་འདུག
ཞོར་འཕྲོས། ད་ལྟའི་དུས་སུ། བོད་རིགས་ཤེས་ལྡན་པ་དག་གི་ཁྲོད་དུ། ༧གོང་ས་མཆོག་གི་དགོངས་གཞི་ལ་བསྐྱར་ཞིབ་བྱེད་དགོས་བའི་བསམ་ཚུལ་ཡོད་ན། དེ་ནི་ཅུང་ཙམ་རྗེས་ལུས་ཀྱི་བསམ་ཚུལ་རེད།
སྤྱི་མཐུས་གྲོས་ཚོགས་ཀྱི་ར་བ་ནས་ཕྱིར་ཐོན་པ་དེ་ནི་མང་གཙོའི་མཚན་ཉིད་དང་རང་བཞིན་ལ་མ་མཐུན་པ་ཞིག་རྩ་བ་ནས་མ་རེད་ལ། རྒྱུ་མཚན་དེ་ལ་བརྟེན་ནས་བཙན་བྱོལ་བོད་ཀྱི་མང་གཙོ་ནི་ཁྱེད་ཀྱིས་གསུངས་པ་ནང་བཞིན་ཚད་དམའ་བོ་ཞིག་ལ་སླེབས་ཡོད་པ་ནི་དེ་བས་ཀྱང་ཚབ་མཚོན་བྱེད་མི་ཐུབ། དྲ་གྲོགས་མང་པོས་ཁྱེད་ཀྱིས་གང་བཤད་པ་ལ་ཡི་རངས་མདོག་གིས་མཆན་ལན་མང་པོ་བྲིས་འདུག་མོད། ངས་དངོས་གནས་དེ་ལ་རྒྱུ་མཚན་དེ་ཙམ་མཐོང་མི་འདུག་ལ། དེ་ལས་ལྡོག་ཏེ་ཁྱེད་ཀྱི་དཔྱད་གཏམ་འདི་དང་དཔྱད་གཏམ་འདེ་ལ་མཆན་ལན་འདེབས་སྟངས་ལ་བལྟས་ནས་ད་གཟོད་ང་ཚོའི་སྤྱི་ཚོགས་ནང་མང་གཙོའི་གོ་བ་ལེན་ཕྱོགས་ཐད་ཚད་གཞི་དངོས་གནས་དམའ་བོ་ཡིན་པར་ཚོར།
གངས་གླག་ལགས།
ངེད་ཀྱིས་འདི་རུ་མང་གཙོའི་མཚན་ཉིད་དང་རང་བཞིན་གླེང་གི་ཡོད་མ་རེད།
རྩོམ་འདི་ལ་གོ་བ་མི་ལོན་ན། བསྐྱར་དུ་ཐེངས་གཅིག་ྐློགས་རོགས་གནང་།
ཁྱེད་རང་རྒྱ་གར་དུ་བསྡད་ནས་རང་གི་གཞུང་དང་དེའི་མང་གཙོའི་འགྲོ་ལུགས་སོགས་ད་དུང་ཡང་མཁྱེན་གྱི་མེད་ན།
རྗེས་ལུས་རེད། དེ་ཚོར་སློབ་སྦྱོང་བྱོས། འདི་ཁྱོད་ལ་བསླབ་བྱ་ཡིན། དེ་རིང་ངེད་ཀྱིས་ཀྱང་མགོན་པོ་ཕྱག་གཉིས་ཀྱི་ཚིག་སྦྱོར་སྤེལ་སྟངས་ལ་ལད་འབྲི་ཅུང་ཙམ་བྱས་ཡོད།
དྲ་གྲོགས་གངས་གླག་ཞུ་བར་བསྐྱར་དུ་སྐད་ཆ་ཚིག་འགའ་བརྗོད་འདོད་བྱུང་།
ངེད་ཀྱི་རྩོམ་འདིའི་ཐོག་ལ་། ཁྱེད་ལ་བསམ་ཚུལ་ཞིབ་ཕྲ་གསུངས་རྒྱུ་ཡོད་ན། དགག་ལན་ཞིབ་ཕྲ་ཕུལ་རྒྱུ་ཡོད་ན། རྒྱུ་མཚན་རྒྱབ་ལྗོངས་དང་བཅས་པ་མདུན་ལ་འཇོག་རྒྱུ་ཡོད་ན།
སྐད་ཆ་འདི་དེ་ལ་བསུ་མ་ཡིན། བསམ་ཚུལ་དམིགས་བསལ་ཅང་མེད་ན་འདི་ཁྱེད་ལ་ཕུལ་བའི་མཆན་བུ་མཐའ་མ་དེ་ཡིན།
དང་པོ། ད་ལྟ་བར་དུ་ངེད་ཀྱིས་ཁྱེད་རང་གི་བསམ་ཚུལ་ཅི་ཡིན་གོ་བ་ཡག་པོ་ཞིག་ལེན་ཐུབ་མ་སོང་། སྐུ་ཉིད་ཀྱི་ཁ་བརྡའི་སྒང་གི་མཆན་བུ་དེས་ཁྱེད་ཀྱི་བསམ་ཕྱོགས་གསལ་སྟོན་བྱས་འདུག ངེད་ཀྱིས་འདི་རུ་མང་གཙོའི་མཚན་ཉིད་དང་རང་བཞིན་གླེང་གི་ཡོད་པ་མ་རེད། གནས་སྟངས་གླེང་གི་ཡོད་པ་རེད། ཆུ་ཚོད་ཡོད་ན། རྩོམ་འདི་འགོ་ནས་བསྐྱར་དུ་ཐེངས་གཅིག་ྐློགས་།
གཉིས་པ། ངེད་ཀྱི་སྐད་ཆ་དམར་རྗེན་དེའི་རྒྱབ་རྟེན་གཅིག་ནི་ངེད་ཀྱི་རྩོམ་ཡིག་སྔ་མ་སྤྱི་འཐུས་ཚོའི་སྐོར་གླེང་བ་ཟེར་བ་དེ་རེད། འདི་ནས་ྐློགས (http://www.tibettimes.net/news.php?cat=5&cp=2&&id=1682)
མང་གཙོ་ཟེར་དུས་བརྒྱ་ཁ་གཅིག་ཆོད་ཅིག་ཡོང་ན་འགྲིག་གི་མེད་པའི་བསམ་ཚུལ་དེ་ངེད་ལ་ཡང་ཡོད་རེད། རྩོམ་ཡིག་སྔ་མ་དེའི་ནང་དུ་བསམ་ཚུལ་དེའི་རིགས་ཡོད།
གསུམ། ༧གོང་ས་མཆོག་གི་བཀའ་སློབ་དང་ལྗགས་རྩོམ་དེ་ཚོའི་ནང་དུ། ངེད་དང་ངོས་ཟེར་བ་གཉིས་ལས་གང་ཤུགས་ཆེར་བེད་སྤྱོད་གཏོང་གི་ཡོད་མེད་ལ་ཞིབ་འཇུག་བྱོས།
འདི་ཁྱེད་ལ་དོགས་སློང་ཡིན། ངེད་ཀྱིས་གྲོགས་པོ་ཨ་རིག་འགྱུར་མེད་ཀྱི་ཟིན་བྲིས་སུ་བཏབས་པའི་མཆན་བུ་ཞིག་ཏུ། ངེད་ཞེས་བ་འདི་ང་ལ་ཇི་ལྟར་འབྱར་མིན་གྱིས་སྐོར་ནས་གྲོགས་པོ་ཁོང་ནས་དོགས་སློང་གནང་བ་ཞིག་ལ་ལན་ཕུལ་ཡོད། དེར་སོང་ནས་ྐློགས
བཞི་པ། ངེད་ཀྱིས་འདི་རུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རིམ་སྐོར་གླེང་མེད། དཔལ་འབྱོར་གྱི་ཁྲོམ་ར་རྒྱ་བསྐྱེད་བྱེད་སྟངས་ཀྱི་སྐོར་ནས་ཅུང་ཙམ་གླེང་ཡོད། གཞན། ཨ་རིའི་དཔལ་འབྱོར་ཉམས་རྒུད་དང་དེའི་རྒྱུ་རྐྱེན་སོགས་ཀྱི་སྐོར་ནས་བྲིས་བ་དང་གླེང་མོལ་བྱས་བ་གཉིས་ཀ་དྲ་ཐོག་ན་ཡོད། དེ་ཚོར་ལྟོས།
ལྔ་བ། སྐུ་ཉིད་ནས་ང་ཚོས་དུས་ནམ་ཡང་གནད་དོན་གཅིག་ལ་ཕྱོགས་གཅིག་ནས་མ་གཏོགས་བསམ་བློ་གཏོང་གི་མེད་པ་ནི་ནོར་འཁྲུལ་རེད་གསུངས་བ་དེར་རྒྱབ་སྐྱོར་ཡོད།
ངེད་ཀྱིས་ཀྱང་དེ་ལྟར་བསམ་བཞིན་ཡོད། དུས་རྟག་ཏུ་བསམ་བཞིན་ཡོད།
དྲུག་པ། སྐུ་ཉིད་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དེས་བོད་དོན་ལ་ཕན་ཐོགས་སྲིད་པ་རེད། རྗེས་སུ་དེའི་ཐད་ལ་ཞིབ་འབྲི་བྱེད་ན་འདོད་ཟེར་བ་གོ་བར་དགའ་ཞིང་སྤྲོ་ནས་ཡོད། རྒྱུ་མཚན། དེ་རིང་སང་ཉིན་བོད་རིགས་རྩོམ་འབྲི་བ་ཚོའི་ཁྲོད་ན་དེའི་སྐོར་ལ་བཤད་མཁན་རེ་ཟུང་མ་གཏོགས་འབྲི་མཁན་མི་འདུག ཁྱེད་ཀྱིས་ཅིག་ཕྲིས་དང་།
ངེད་ཀྱིས་དེ་ལ་བསམ་ཚུལ་འགའ་ཁ་སྣོན་རྒྱག་གི་ཡིན། ཁྱེད་དང་མཉམ་དུ་བགྲོ་གླེང་བྱེད་ཀྱི་ཡིན།
བདུན་། ཁྱེད་རང་གི་མཆན་བུ་སྔ་མ་དེ་ཚོར་གོ་རྒྱུ་ཡོད་མེད་དང་ཡིག་ནོར་ཡོད་མེད་ལ་མ་བལྟོས་བར། གང་བསམ་པ་དེ་ཡིག་ཐོག་ལ་བྲིས་བར་རྗེས་སུ་ཡི་རངས་ཡོད།
བཀའ་དྲིན་ཆེ་ཞུ་བཞིན་ཡོད།
བརྒྱད་། ཁྱེད་རང་རྒྱ་གར་དུ་བཞུགས་ནས་རང་གི་གཞུང་དང་དེའི་མང་གཙོའི་ལམ་ལུགས་དང་གནསས་བབ་སོགས་ཀྱང་མཁྱེན་གྱི་མེད་ན། དེ་ཅུང་ཙམ་རྗེས་ལུས་རེད་ཞུ་འདོད་བྱུང་།
(ཞོར་འཕྲོས། ཁྱེད་ཚོའི་ཤེས་བྱ་ཟེར་བའི་དྲ་ཚིགས་དེ་ཡག་པོ་འདུག མཐོ་སློབ་ཀྱི་སློབ་མ་ཚོས་བསམ་ཚུལ་གླེང་ས་ལ་ཡང་ཡག་པོ་འདུག ངེད་ཀྱང་རྗེས་ཕྱོགས་དེ་རུ་ཡོང་ནས་གྲོགས་པོ་ཁྱེད་ཚོའི་མཉམ་དུ་གླེང་མོལ་བྱེད་ཀྱི་ཡིན། དེ་ཙམ་ཡིན། )
གོང་དུ་དྲ་གྲོགས་རྒན་པ་འཚོ་བྱེད་བུ་སོགས་ཀྱིས་བསམ་ཚུལ་ཞིབ་ཕྲ་གསུངས་འདུག་པར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
དེ་ནས་ངེད་ཀྱིས་ཁྱེད་ཚོར་དོགས་སློང་འགའ་བྱེད་འདོད་བྱུང་།
རྒྱ་ནག་གི་དཔལ་འབྱོར་རྒྱ་བསྐྱེད་འགྲོ་བཞིན་པ་དང་ཕྱི་ལོག་དང་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པ་ལ་བརྟེན་ནས།
དེ་རིང་སང་ཉིན། ༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་དཀའ་ངལ་ཞིག་འཕྲད་འགོ་ཚུགས་བཞིན་པ་འདི་ལ་བསམ་བློ་ཞིག་གཏོང་རྒྱུ་ཡོད་གི་སྙམ།
རྒྱ་ནག་མང་གཙོ་ཅན་དང་རང་དབང་དུ་འགྱུར་བ་ལ་བརྟེན་ནས་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་གི་རེད་བསམ་པ་བོད་རིགས་ཤེས་ལྡན་པ་ཁག་ཅིག་གི་བསམ་ཚུལ་འཛིན་སྟངས་རེད་འདུག རྒྱ་ནག་མང་གཙོ་ཅན་དང་རང་དབང་ཅན་ཏུ་གྱུར་བ་བརྟེན་ནས་བོད་དོན་ལ་འགྱུར་བ་ཞིག་ཡོང་གི་རེད་དམ་ཞེ་ན། ཏན་ཏན་འགྱུར་བ་ཞིག་ཡོང་གི་རེད། འོན་ཀྱང་། བོད་མིའི་མངོན་འདོད་དང་འཚམ་པའི་འགྱུར་བ་ཞིག་ཡོང་གི་རེད་དམ་ལབ་ན། ཕལ་ཆེར་ཁག་པོ་རེད་ཞུ་འདོད་བྱུང་། རྒྱུ་མཚན་གང་གིས་ཞེ་ན། གལ་སྲིད་རྒྱ་ནག་མང་གཙོ་ཆགས་ན།
བོད་དེ་ལོགས་སུ་བཞག་ནས་མང་གཙོ་ཆགས་འགྲོ་བ་དེ་འདྲ་ཡོང་གི་མ་རེད། དེ་གཅིག་རེད། གལ་སྲིད་རྒྱ་ནག་མང་གཙོ་ཆགས་ན། གནད་དོན་ག་རེ་ཡིན་ན་ཡང་།་ འོས་བསྡུའི་ལམ་ནས་ཐག་གཅོད་འགོ་ཚུགས་གི་རེད། འོས་བསྡུའི་ལམ་ནས་ཐག་གཅོད་དགོས་བྱུང་ན། བོད་ནང་གི་རྒྱ་མི་ས་ཡ་དགུ་དེ་ཡང་བོད་ཁུལ་གྱི་འོས་བསྡུའི་ཆ་ཤས་ལེན་མཁན་ཆགས་འགྲོ་གི་རེད་མ་གཏོགས་དེ་ཚོ་ལོགས་སུ་དབྱེ་ཐབས་ཡོད་མ་རེད། གཞན། རྒྱ་ནག་མང་གཙོ་ཆགས་པ་ལ་བརྟེན་ནས་བོད་ནང་གི་རྒྱ་རིགས་རྣམས་ཕྱིར་བསློགས་ན་གནས་སྟངས་གཞན་ཞིག་རེད་དེ། དེ་འདྲ་ནི་ཡོང་སྲིད་པ་ཞིག་མ་རེད།་ ད་ལོར་ངེད་རང་ཡོ་རོབ་ཏུ་ཡོད་པའི་སྐབས་སུ། དེ་རུ་བོད་ནས་ཕེབས་པའི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་རྩོམ་སྒྲིག་པ་རྒན་པ་ཞིག་དང་ཐུག་འཕྲད་བྱུང་། ཉིན་གཅིག་ཙམ་ལ་ཁོང་དང་མཉམ་དུ་ཆུ་ཚོད་སྐྱེལ་རྒྱུ་བྱུང་། དེ་དུས་ངེད་ནས་ཁོང་གིས་བོད་དོན་དང་འབྲེལ་ནས་གང་གསུང་བ་རྣམས་སྒྲ་འཇུག་བྱས་བ་ཡིན།
རྒྱ་མི་བོད་ནང་ལ་གཞིས་ཆགས་མཁན་རྣམས་ཀྱི་སྐོར་ནས་། ཁོང་གིས་འདི་འདྲ་ཞིག་གསུངས་སོང་། ལོ་རབས་བརྒྱད་ཅུའི་ནང་བོད་ལ་ཡོང་མཁན་རྒྱ་མི་ཚོར་མཚོན་ན། བོད་ནས་གཏན་སྡོད་བྱེད་རྒྱུའི་བསམ་བློ་མེད་པར་མ་ཟད་བོད་དེ་གཏན་སྡོད་བྱེད་ས་ཞིག་ལ་ཡང་བརྩི་གི་མི་འདུག་ཟེར། འོན་ཀྱང་། ལོ་རབས་དགུ་བཅུའི་རྗེས་དང་དེ་རིང་སང་ཉིན་བོད་ནང་ལ་ཡོང་མཁན་གྱི་རྒྱ་མི་ཚོར་མཚོན་ན། བོད་ནས་གཏན་འདུག་བྱེད་རྒྱུའི་འཆར་གཞི་རང་འཐེན་ནས་ཡོང་གི་འདུག་མ་གཏོགས་རྒྱལ་ནང་ཕྱིར་ལོག་འདོད་ཀྱི་བསམ་བློ་ཡང་མི་འདུག་ཟེར། ད་དུང་སྔ་མོར་ཡོང་མཁན་དང་ཕྱིས་སུ་ཡོང་མཁན་གཉིས་ཀྱི་དབར་ན། བོད་རིགས་ཚོའི་ཐོག་ལ་བསམ་བློ་འཛིན་སྟངས་ཀྱི་ཐད་ནས་ཀྱང་ཁྱད་པར་ཆེན་པོ་འདུག་ཟེར། འདི་ཞོར་འཕྲོས་ཙམ་ཡིན།
ད་དུང་དེ་རིང་སང་ཉིན། བོད་རིགས་ཚོའི་ཁྲོད་ན། རྒྱ་མི་ཤེས་ལྡན་པ་དང་མི་མང་དཀྱུས་མའི་ཁྲོད་དུ་བོད་དོན་ལ་དོ་སྣང་ཡོང་གི་ཡོད་པ་འདིས་བོད་དོན་བདེན་མཐའ་སེལ་རྒྱུན་ཕན་གྲོགས་བསྐྲུན་གྱི་རེད་བསམ་མཁན་མང་དག་འདུག་མོད། ངེད་རང་གིས་ནི་འདི་ཚོ་མཚམས་རེར་ཉེན་ཚབས་ལྟ་བུ་ཞིག་ལ་མཐོང་གི་འདུག དེ་ཙམ་ཡིན།
དྲ་གྲོགས་རིག་འབྱུང་དོན་གྲུབ་བཀྲིས་ལགས། ཁྱེད་ཀྱི་དཔྱད་རྩོམ་དེ་་བཀླགས་རྒྱུ་བྱུང་པར་བདག་ལ་མིག་སྒོ་གསར་པ་ཞིག་ཕྱེ་སོང་བས་ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཅས་ཁྱེད་ཀྱིས་མུ་མཐུད་འདི་ལྟར་རིན་ཐང་ཅན་གྱི་དཔྱད་རྩོམ་གང་མང་སྤེལ་པར་ཞུ། འདི་ངས་ཁྱེད་ཀྱི་མཆན་སོགས་བཀླགས་པས་ན། ང་ལ་དོགས་པ་ཁ་ཤས་སྐྱེས་སོང། དང་པོ་ནི་ཁྱེད་ཀྱི་རྒྱ་ནག་ལ་མང་གཙོ་འཐོབ་ན་བོད་མི་མངོན་འདོད་དང་འཚམ་པའི་འགྱུར་བ་ཞིག་ཡོང་གི་མ་རེད་ཅེས་གསུངས་འདུག་མོད། ཡིན་ནའང་རྒྱ་ནག་མང་གཙོ་ཅན་ཏུ་འགྱུར་སོང་ན་རྒྱ་ནག་གྱི་གནད་དོན་ཚང་མ་འོས་བསྡུའི་ལམ་ལ་འགྲོ་པས་རྒྱ་ནག་གི་མི་འབོར་མང་ཉུང་ལ་མ་བལྟོས་པར་ང་ཚོར་རང་ཤུགས་ཀྱིས་ཕན་འདོགས་ཤིག་མེད་དམ། གཉིས་པ། ཁྱེད་ཀྱིས་རྒྱ་ནག་གི་ཤེས་ལྡན་མི་སྣ་ཚོས་བོད་དོན་ལ་དོ་སྣང་ཡོང་ངི་ཡོད་པ་འདིས་བོད་དོན་བདེན་མཐའ་སེལ་རྒྱུར་ཕན་གྲོགས་་བསྐྲུན་གྱི་རེད་བསམ་མཁན་མང་དག་འདུག་མོད།་ངེད་རང་གིས་ནི་འདི་ཚོ་མཚམས་རེར་ཉེན་ཚབས་ལྟ་བུ་ཞིག་ལ་མཐོང་གི་འདུག་ཅེས་གསུངས་འདུག་པར་ང་རང་གིས་དེ་ལ་གོ་བ་དེ་ཙམ་ལོན་གྱིས་མི་འདུག གསུམཔ་ནི་ཁྱེད་ཀྱིས་ད་ལན་སྤྱི་མཐུས་ཕྱིར་དོན་བྱས་པ་དཔེ་མཚོན་བཀོད་དེ་བཙན་བྱོལ་བོད་ཀྱི་མང་གཙོའི་ཚད་གཞི་དེ་ཉིད་དམའ་བོ་ཡིན་པ་གསུངས་འདུག་པས་དེའི་ཐད་ངས་ཇེ་ལྟར་བསམ་བློ་བཏང་མོད་མང་གཙོའི་ཚད་གཞི་དམའ་པ་མཚོན་མི་ཐུབ་འདུག་བསམ་པས་དེའི་ཐད་འགྲེལ་བཤད་ཅིག་རྒྱག་ཐུབ་ན་བཀའ་དྲིན་ཆེ་ཞུ།
སྤྱིར་བཏང་བྱས་ན། ལས་བྱ་བྲིས་ཚར་བའི་རྗེས་སུ་ཁྱེད་ཀྱི་དོགས་སློང་ལ་ལན་ཞིབ་ཚགས་ཤིག་འབྲི་དགོས་བསམ་ནས་ཡོད།
འོན་ཀྱང་། ལས་བྱ་བྲིས་ཚར་དུས་འདི་རུ་མཚན་གྱི་ཆུ་ཚོད་བཅུ་གཉིས་ལ་སླེབས་འདུག་པ་མ་ཟད་ངའི་ྐླད་ཤུགས་ཀྱང་ཉམས་འདུག
སང་ཉིན་ཁྱེད་ལ་ལན་ཕུལ་གྱི་ཡིན།
དྲ་གྲོགས་ཐིག་ལེ་ལགས།
སྐུ་ཉིད་ཀྱི་དྲི་བ་དག་ལ་དྲི་ལན་ཕུལ་རྒྱུ་ཅུང་ཙམ་འགོར་སོང་བར་དགོངས་འགལ་མེད་པ་ཞུ།
རྒྱུ་མཚན། ངེད་རང་དུས་རྟག་ཏུ་བྲེལ་བྲེལ་འཚུབ་འཚུབ་ཀྱི་ྐློང་ལ་ཟགས་ནས་ཡོད་མཁན་ཞིག་ཡིན། རྩོམ་རེ་འབྲི་བཞིན་པ་འདི་ཡང་ངེད་ཀྱི་ཆེད་ལས་མིན་ཙང་སློབ་སྦྱོང་གི་ཆུ་ཚོད་མང་ཆེ་བ་གཏོང་ས་ཡང་འདི་མ་རེད། ད་ངེད་ཀྱི་བསམ་ཚུལ་རྣམས་སྐུ་ཉིད་ཀྱི་མདུན་ལ་འཇོག་གི་ཡིན།
ཉིད་ཀྱི་དྲི་བ་དང་པོའི་ལན་དུ།
ངེད་ཀྱིས་རྒྱ་ནག་མང་གཙོ་ཆགས་ན་བོད་དོན་ལ་ཕན་འདོགས་ཀྱི་་མ་རེད་ལབ་ཀྱི་མེད། ཕན་ཕོགས་ཏན་ཏན་ཡོང་གི་རེད། འོན་ཀྱང་བོད་མིའི་མངོན་འདོད་དང་འཚམ་པ་ཞིག་ཡོང་མིན་བཤད་དཀའ་གི་ཟེར་གྱི་ཡོད། བོད་མིའི་མངོན་འདོད་དང་འཚམ་པ་ཞིག་ཡོང་དཀའ་གི་རེད་ཟེར་བ་འདི་ལ་རྒྱུ་མཚན་འགའ་ཡོད།
དང་པོ། རྒྱ་ནག་མང་གཙོ་ཆགས་ཟེར་དུས་་བོད་དོན་འདི་ལོགས་སུ་བཞག་པའམ་ཡང་ན་བོད་འདི་ལོགས་སུ་བཞག་ནས་མང་གཙོ་ཆགས་འགྲོ་གི་མ་རེད། བོད་དོན་དང་བོད་གཉིས་ཀ་ཡང་མཉམ་དུ་སྒྲིལ་འགྲོ་གི་རེད། གཉིས་པ། མང་གཙོ་ཟེར་དུས་ལས་དོན་མང་ཆེ་བ་འོས་བསྡུའི་ལམ་ནས་ཐག་ཆོད་འགྲོ་བ་མ་ཟད་འོས་བསྡུའི་ཆ་ཤས་ལེན་མཁན་དེ་ཡང་མི་མང་ཆགས་འགྲོ་གི་རེད་། འོས་བསྡུའི་ཆ་ཤས་ལེན་མཁན་དེ་མི་མང་ཆགས་པ་ཡིན་ན། ད་ལྟའི་སྐབས་སུ་རོབ་བརྩིས་ལྟར་ན་བོད་ནང་ལ་རྒྱ་མི་ས་ཡ་དགུ་ཙམ་སླེབས་ཚར་ཡོད་ལབ་ཀྱི་ཡོད་རེད། བོད་ནང་དུ་བོད་མི་ས་ཡ་ལྔ་ཙམ་ཡོད་མེད་ཀྱང་བརྗོད་དཀའ་བ་ཞིག་རེད། དེར་བརྟེན། བོད་དོན་འདི་མང་མོས་ཐག་གཅོད་ཀྱི་ལམ་ལ་ཕྱིན་པ་ཡིན་ན། བོད་མི་ཚོ་ཤོར་མཁན་དང་རྒྱ་མི་ཚོ་ཐོབ་མཁན་ཆགས་འགྲོ་བའི་ཉེན་ཁ་ཞིག་འདུག གསུམ། རྒྱ་ནག་མང་གཙོ་ཆགས་ཟེར་དུས། རྒྱ་ནག་སྲིད་གཞུང་གི་རྒྱ་རིགས་ཆེན་པོ་ལབ་ནའང་འདྲ། གང་ལྟར་རྒྱ་ནག་གཞུང་གི་ཁེ་ཕན་གཙོར་འཇོག་གི་སྒོ་ནས་སྒྲོམ་གཞི་ཞིག་བཟོ་གི་རེད་མ་གཏོགས། བོད་གཙོས་བའི་གྲངས་ཉུང་མི་རིགས་ཁག་གི་གནད་དོན་སྔོན་ལ་ཐག་གཅོད་བྱས་། དེ་ནས་མང་གཙོའི་སྒྲོམ་གཞི་བཟོ་སྲིད་ཀྱི་མ་རེད། དེར་བརྟེན། རྒྱ་ནག་མང་གཙོ་ཆགས་ན་ཟེར་བ་འདི་ལ་རེ་བ་ཞེ་དྲག་རྒྱག་རྒྱུ་ཡོད་མ་རེད་འདོད་གི་
ཉིད་ཀྱི་དྲི་བ་གཉིས་པའི་ལན་དུ།
དེ་རིང་སང་ཉིན། ཕྱི་ནང་གི་རྒྱ་རིགས་ཤེས་ལྡན་པ་ཚོ་གཙོས་བའི་མི་མང་དཀྱུས་མའི་ཁྲོད་དུ་བོད་དོན་ལ་དོ་སྣང་ཞིག་སླེབས་བཞིན་པ་འདི་ལ། བོད་ཕྱི་ནང་གི་བོད་རིགས་ཤེས་ལྡན་པ་གཙོས་བའི་གཞུང་འཛིན་མི་སྣ་དང་མི་མང་དཀྱུས་མིའི་ཁྲོད་དུ། འདི་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་འདོད་མཁན་མང་བ་མ་ཟད་འདིས་བོད་ཀྱི་གནད་དོན་ཐག་གཅོད་པ་ལ་ཕན་གྲོགས་བསྐྲུན་གྱི་རེད་བསམ་མཁན་ཡང་ཧ་ཅང་མང་པོ་འདུག འོན་ཀྱང་། ངེད་ཀྱི་བསམ་ཚུལ་དེ་དང་ཅུང་མཐུན་གྱི་མི་འདུག ངེད་ཀྱིས་འདི་འདྲ་ཞིག་བསམ་བཞིན་ཡོད།
རྒྱ་རིགས་ཤེས་ལྡན་པ་གཙོས་བའི་མི་མང་དཀྱུས་མའི་ཁྲོད་དུ་བོད་དོན་ལ་དོ་སྣང་སླེབས་བཞིན་པ་འདི་ལ་ཕྱོགས་ཁ་ཤས་ནས་བལྟ་དགོས་ཀྱི་འདུག་བསམ།
དང་པོ། རྒྱ་རིགས་ཤེས་ལྡན་པ་ཚོ་བོད་དོན་ལ་དོ་སྣང་ཞིག་སླེབས་བཞིན་པ་འདི་ནི་ བོད་ཀྱི་གནད་དོན་འདི་རྒྱ་ནག་ནང་ཁུལ་གྱི་དཀའ་ངལ་ཞིག་ཆགས་བཞིན་པ་ངོ་འཕྲོད་པའི་སྒོ་ནས་དོ་སྣང་སླེབས་མཁན་གཙོ་ཆེ་བ་རེད་མ་གཏོགས་བོད་མི་གཅིག་པོའི་ཁེ་ཕན་ལ་བསམ་བློ་བཏང་ནས་དོ་སྣང་སླེབས་པ་ཞིག་རེད་མི་འདུག ད་ཕན་རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་ཤེས་ལྡན་པ་ཕལ་ཆེ་བའི་བསམ་ཚུལ་ལ། བོད་དང་བོད་མི་མང་གི་གནད་དོན་དང་པོ་དང་རྒྱ་མི་རིགས་ཀྱི་གནད་དོན་གཉིས་པར་བཟུང་ནས་གནད་དོན་ཐག་གཅོད་དགོས་བསམ་པ་དེ་ཡོད་མ་རེད།
འདིའི་དཔེ་མཚོན་ཡག་ཤོས་ཤིག་ནི། ལྦང་ལི་ཞུང་གིས་བོད་དོན་ཐོག་བྲིས་བའི་དཔྱད་རྩོམ་དག་རེད། ལྦང་ལི་ཞུང་གིས་ཀྱང་་རྒྱ་ནག་གི་གནད་དོན་ཕལ་བ་དང་བོད་དོན་གཙོ་བོར་འཇོག་གི་མི་འདུག དེ་ལྟར་འཇོག་སྲིད་པ་ཞིག་ཀྱང་མ་རེད། དེས་ན། བོད་མིའི་མངོན་འདོད་ནི་བོད་ཀྱི་ཁེ་ཕན་དང་ཐོབ་ཐང་དང་པོ་རེད་མ་གཏོགས་རྒྱ་ནག་གི་ཁེ་ཕན་དང་པོར་བཞག་ནས་བོད་ཀྱི་གནད་དོན་ཐག་ཆོད་ན་བསམ་པ་དེ་བོད་མིའི་མངོན་འདོད་མ་རེད། འདི་ལ་དཔྱད་ཞིབ་ཞིག་བྱེད་དགོས་ཀྱི་འདུག
གཉིས་། རྒྱ་རིགས་ཤེས་ལྡན་པ་གཙོས་བའི་མི་མང་དཀྱུས་མ་མང་པོ་བོད་དོན་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པའི་ཉེར་ལེན་ལ་བརྟེན་ནས། བོད་དོན་འདི་བོད་མི་ཚོས་གླེང་རྒྱུའི་ཚབ་ལ་རྒྱ་མི་ཚོས་གླེང་རྒྱུ་ཞིག་ཆགས་མི་སྲིད་པ་མ་རེད་ལ་་བོད་དོན་འདི་བོད་མིའི་ལག་ནས་རྒྱ་མིའི་ལག་ལ་ཤོར་འགྲོ་བའི་དུས་ཚོད་ཞིག་ཀྱང་འཆར་སྲིད་པ་ཞིག་རེད། དེ་དུས་དེ་རིང་སང་ཉིན་རྒྱ་ནག་སྲིད་གཞུང་གི་ངོས་ནས་བོད་དོན་འདི་༧གོང་ས་མཆོག་གཙོས་བའི་ཕྱི་སྡོད་བོད་མི་རྣམས་ལ་གླེང་རྒྱུའི་ཐོབ་ཐང་མེད་ཟེར་བའི་གནས་སྟངས་དེའི་སྒང་ལ་ལྷུང་གི་རེད་།
འདི་ལ་ཡང་དཔྱད་ཞིབ་ཞིག་བྱེད་རྒྱུ་འདུག
གསུམ། རྒྱ་རིགས་མི་མང་ཚོ་བོད་དོན་ལ་དོ་སྣང་ཆེས་ཆེར་ཕྱིན་ན། རྒྱ་རིགས་ཚོའི་སེམས་ལ་བོད་དོན་འདི་རྒྱ་རིགས་མི་མང་ཚོའི་འཚོ་སྡོད་ཀྱི་ཁེ་ཕན་དང་འབྲེལ་བ་མེད་པའི་གནད་དོན་ཞིག་རེད་བསམ་པའི་ཀུན་སློང་དེ་སླེབས་ཀྱི་རེད་དམ། ཡང་ན། བོད་དོན་འདི་རྒྱ་རིགས་ཚོའི་འཚོ་སྡོད་ཀྱི་ཁེ་ཕན་དང་འབྲེལ་བ་འདུག་བསམ་པའི་ཀུན་སློང་འདི་སེམས་ལ་སླེབས་ཀྱི་རེད། ངེད་ཀྱི་བསམ་ཚུལ་བྱས་ན། ཕྱི་མ་དེ་ཤུགས་ཆེ་བ་སླེབས་ཀྱི་རེད། ཕྱི་མ་དེ་ཇི་ཙམ་གྱིས་ཤུགས་ཆེ་རུ་ཕྱི་ན། དེས་ཚོད་ཀྱིས་རྒྱ་རིགས་མི་མང་དཀྱུས་མིའི་ཁྲོད་དུ་ཡང་བོད་དོན་ཐག་གཅོད་བྱེད་སྟངས་ཀྱི་ཐད་ལ་རང་གི་གཞུང་ལ་བསམ་ཚུལ་ཕུལ་མཁན་མང་དུ་འགྲོ་གི་རེད་སྙམ། རྒྱ་རིགས་མི་མང་ཚོའི་ཁྲོད་དུ་བོད་དོན་ཐག་གཅོད་ཀྱི་གནད་དོན་ཐོག་ལ་བསམ་ཚུལ་ཡོང་བ་འདི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པའི་དབང་དུ་བཏང་རུང་། ཁོང་ཚོའི་བསམ་ཚུལ་དེ་རྒྱ་རིགས་ཆེན་པོའི་ཁེ་ཕན་གཙོར་བཟུང་གི་བསམ་ཚུལ་ཆགས་ཀྱི་རེད་མ་གཏོགས་བོད་མིའི་ཁེ་ཕན་གཙོར་བཟུང་གི་བསམ་ཚུལ་ཆགས་ཐུབ་རྒྱུའི་རེ་བ་དེ་ཧ་ཅང་ཆུང་ཆུང་རེད་སྙམ། འདི་ལྟར། ཕྱོགས་ངོས་མང་པོ་ཞིག་ནས་བལྟས་ན། རྒྱ་རིགས་ཤེས་ལྡན་པ་གཙོས་བའི་མི་མང་དཀྱུས་མའི་ཁྲོད་དུ་བོད་དོན་ལ་དོ་སྣང་སླེབས་བཞིནན་པ་འདིས་བོད་དོན་ཐག་ཆོད་རྒྱུར་སྐུལ་འདེད་སླེབས་སྲིད་མོད། བོད་མིའི་མངོན་འདོད་དང་འཚམ་པ་ཞིག་ཡོང་རྒྱུ་ཁག་པོ་རེད་འདོད་གི།
དེས་ན། ད་ལྟའི་དུས་ཚོད་ནི་བོད་རིགས་ཚོས་བློ་རིག་བསྒྲིམས་དགོས་བའི་དུས་ཚོད་ཞིག་རེད་འདུག་མ་གཏོགས་རེ་བ་འདྲ་བོ་བཅོལ་ནས་འདུག་པའི་དུས་ཚོད་ཞིག་གཏན་ནས་མ་རེད་བསམ་། བོད་རིགས་ཚོས་ངེས་པར་དུ་གོ་སྐབས་དམ་འཛིན་བྱེད་སྟངས་དང་ཁ་གཏད་གཅོག་སྟངས་། ལས་འགུལ་གྱི་ནུས་བ་ཕྱོགས་གཅིག་ལ་སྤུངས་ཐབས་བཅས་ཀྱི་ཕྱོགས་སུ་བསམ་བློ་གཟབ་ནན་སྒོས་གཏོང་དགོས་བའི་དུས་ལ་བབ་འདུག་སྙམ།
ཉིད་ཀྱི་དྲི་བ་གསུམ་པའི་ལན་དུ།
ངེད་ཀྱིས་སྤྱི་འཐུས་འགའ་གྲོས་ཚོགས་ཀྱི་ར་བ་ནས་ཕྱི་ལ་ཐོན་པའི་ཉེར་ལེན་ལ་བརྟེན་ནས་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་དེ་དཔེར་མཚོན་ལ་བཀོད་པ་རེད་མ་གཏོགས་དེ་བཙན་བྱོལ་གྱི་མང་གཙོ་ཚད་དམའ་བོ་ཡིན་པའི་ཁུངས་སྐྱེལ་ཡིན་ལབ་ཡོད་མ་རེད། དེ་དཔེ་མཚོན་ཆུང་ཆུང་གཅིག་རེད། སྤྱིར་བཏང་ནས་གྲོས་ཚོགས་ཀྱི་ར་བའི་ནང་དུ་རྩོད་གླེང་ཅི་བྱུང་རུང་། གྲོས་ཚོགས་ཀྱི་ར་བའི་ནང་ལ་བསྡད་ནས་བགྲོ་གླེང་བྱེད་ཐུབ་མཁན་གྱི་སྤྱི་འཐུས་ཤིག་དགོས་ཀྱི་ཡོད་རེད་མ་གཏོགས་ཕྱི་ལ་ཐོན་ནས་ཕྱིར་མི་ཡོང་མཁན་ཞིག་དགོས་ཀྱི་ཡོད་མ་རེད་བ། འདི་ཞོར་འཕྲོས་ཙམ་ཡིན། བཙན་བྱོལ་གྱི་མང་གཙོའི་ཚད་གཞི་དེ་ག་བར་སླེབས་ཡོད་མེད་ནི་བཙན་བྱོལ་མི་མང་གིས་མང་གཙོའི་ཁེ་དབང་ཇི་ཙམ་ལེན་ཐུབ་ཀྱི་ཡོད་མེད་ལ་བལྟ་རྒྱུ་དེ་རེད།
ཡིག་ཆ་དང་ལག་ལེན་གཉིས་ལ་དཔྱད་ཞིབ་བྱེད་རྒྱུ་གལ་ཆེན་པོ་རེད་འདོད་གི་ འདིའི་སྐོར་ནས་ངེད་ཀྱི་རྩོམ་ཡིག་སྔ་མ་སྤྱི་འཐུས་ཚོའི་སྐོར་གླེང་བ་ཟེར་བ་དེར་གཟིགས་རོགས་གནང་།
འདི་ནས་ྐློགས (http://www.tibettimes.net/news.php?cat=5&cp=2&&id=1682)
དྲ་གྲོགས་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས་ཁྱེད་ཀྱི་རིན་ཐང་ལྡན་པའི་དཔྱད་རྩོམ་བཀླགས་དང་ཀློག་བཞིན་ཡོད་ལ་མ་འོངས་བར་བཀླག་གི་ཡིན་ལ་ཡི་རང་དང་རྒྱབ་སྐྱོར་ཡོད།
ངེད་ཀྱི་རྩོམ་ཡིག་འདིའི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བོད་རྒྱལ་ལགས་དང་གླེང་མོལ་བྱས་བ་ཞིག་འདི་རུ་ཡོད།
འདི་ནས་ཉན་རོགས་གནང་།
http://www.rfa.org/tibetan/chediklaytsen/amdolaytsen/dengduebod/tibetan-status-and-responsibility-under-the-chinese-power-10292009155348.html