ཁ་བའི་འབྲོག་མོ།
སིལ་སྒྲ་གོ་བ་དང་མཉམ་དུ།།
སྙིང་ཆུང་འཕར་ལྡིང་ཞིག་མྱུར་བྱུང་།།
རྒྱང་རིང་མཛའ་བརྩེ་ཡི་དྲིལ་བུ།།
བསིལ་རླུང་གཡོ་བ་དང་བསྡོངས་སོང་།།
སྦྲང་ཆར་ཟིམ་ཟིམ་གྱི་ཟེར་མས།།
མཛའ་གཅུགས་ས་གཞི་ཞིག་མཛེས་སོང་།།
འཇའ་མཚོན་སྣ་ལྔ་ཡི་རི་མོ།།
བརྩེ་བའི་སེམས་པ་རུ་བབས་སོང་།།
སྐྱིད་སྡུག་རེས་མོས་ཀྱི་གླུ་དབྱངས།།
རྒྱང་རིང་ཁུ་བྱུག་ལ་བསྐུར་བ།།
འཚོ་བའི་བ་མོ་ཡིས་མནར་བས།།
ལྷགས་རླུང་དྲག་པོ་ཞིག་ལྡང་བྱུང་།།
གདུང་བའི་ཟིལ་བ་ཞིག་བབ་དུས།།
སེམས་པ་དམར་ཆུང་གི་རྣམ་ཤེས།།
རབ་རིབ་རྐང་ལམ་དུ་ཡར་སོང་།།
ཕྱིར་བལྟས་མིག་ཆུ་ཞིག་བཞུར་སོང་།།
མ་འགྱུར་མི་འགྱུར་གྱི་གཏན་ཚིགས། །
ལྷུན་པོ་རི་བོ་ལ་བརྐོས་ཡོད།།
གནམ་ས་རྟིང་སློག་རེ་མེད་ན།།
འགྱུར་བའི་ཆོས་ཉིད་ཅིག་མེད་དོ།།
༠༦།༠༦།༢༠༡༣